༄༅། །སེམས་སྡུག་ཆེ་བའི་དེ་ཕོ།

民生   2024-08-31 21:18   西藏  

    ཉི་མ་ལ་ཁར་བཞུད་གྲབས་བྱེད་པའི་སྐབས་སུ། སྒོ་རའི་རྩིག་ཁུག་ཅིག་ན་དེ་ཕོ་ནག་པོ་ཞིག་སེམས་སྡུག་ཆེན་པོ་བྱེད་བཞིན་བསྡད་འདུག་པ་དེ། ཐོག་ཁའི་སྟེང་གི་དེ་ཕོ་བློ་ལྡན་གྱིས་མཐོང་བས། དེ་ཕོ་ནག་པོར་སེམས་སྡུག་ཆེན་པོ་ཡོད་པ་འདྲ། སྙིང་རྗེ། སེམས་གསོ་ཞིག་གཏོང་དགོས་བསམས་ནས། ལམ་སེང་དེ་ཕོ་ནག་པོའི་སར་བབས་རྗེས། དེ་ཕོ་ནག་པོ། ཁྱོད་སེམས་སྡུག་འདི་འདྲ་བྱེད་དོན་གང་བྱས་སོང་ཞེས་སྐད་ཆ་དྲིས་པར། དེ་ཕོ་ནག་པོས། བཤད་ནས་གང་ཡོང་། ན་ནིང་ང་རང་གི་མིག་ཡ་གཅིག་ཞར་བ་ནས་བཟུང་། སྒོ་རའི་ནང་གི་སེམས་ཅན་འདི་ཚོ་གཅིག་ཀྱང་སྣང་བར་འགྲོ་གི་མི་འདུག ལྟོས་དང་། གཅིག་ལས་གཅིག་མདོག་ཉེས་པ། གཅིག་ལས་གཅིག་བཙོག་པ། དེ་ཚོ་མཐོང་བ་ཙམ་གྱིས་ང་སྐྱིད་པོ་ཁྱོན་ནས་མི་འདུག་ཅེས་བརྗོད།

    “བ་ཕྱུགས་འདི་ཚོའི་མདོག་ལ་གཅིག་ལྟོས་དང་། རྩིབ་མ་རོང་རོང་། རྙང་རལ་ཡོག་ཡོག མི་དགོས་པའི་དྲི་མ་ཚ་བ”

    “སྒོ་ཁྱི་འདི་ལ་ལྟོས་དང་། སྤུ་ཡོད་པ་དེ་ཕྱི་ལ་བསྟན། མི་དགོས་པའི་སྡུག་སྐད་ཚ་བ”

    “ལུག་འདིའི་མདོག་ལ་ལྟོས་དང་། རྐང་པ་རྩྭ་རྐང་ལྟ་བུ་ཞིག་ལ་གྲོད་པ་རྟའི་གྲོད་པ་ཙམ་བཀལ”

    “ཞི་མི་འདི་ལ་ལྟོས་དང་། རྐུན་མའི་མིག་ལྟ་བུ་ཞིག་འཁྱེར། འགྲོ་སྟངས་འདི་རང་གྱོད་ཚ་མདོག་ཁ་པོ་ཞིག་མི་འདུག་གམ”

    “འདི་ཚོ་མཐོང་བ་ཙམ་གྱིས་ང་སྐྱིད་པོ་ཁྱོན་ནས་མི་འདུག”ཅེས་བཤད་པར། དེ་ཕོ་བློ་ལྡན་གྱིས། “ཁག་མེད། ཁྱོད་ཀྱིས་མིག་གཅིག་གིས་འཇིག་རྟེན་འདིར་བལྟས་ཙང་འདི་ལས་མཐོང་གི་མ་རེད”ཅེས་བཤད།

    “དངོས་གནས་བྱས་ན་བ་ཕྱུགས་འདི་ཚོ་མདོག་ངན་ཙམ་ཡོད་ཀྱང་། གསོན་པོར་སྡོད་དུས་བདག་པོ་ལ་འོ་མ་དང་ལྕི་བ་སྐྱེས་སུ་ཕུལ། ཤི་ནས་ཀྱང་རང་གི་རྭ་ཅོ་ནས་སུག་མཐིལ་བར་ཚང་མ་སྐྱེས་སུ་འབུལ་གྱི་ཡོད་པས། དངོས་གནས་རླབས་ཆེན་པོ་རེད་ད”

    “སྒོ་ཁྱི་འདི་སྐད་ཚ་ཙམ་ཡོད་ཀྱང་། བདག་པོ་ལ་ལྷག་བསམ་དཀར་བས། ཁྱིམ་ཚང་འདིར་རྐུ་རྩ་བ་ནས་ཤོར་མྱོང་མེད”

“ལུག་འདི་ཡང་ལུས་ཀྱི་གྲུབ་སྟངས་ལེགས་པོ་རང་མེད། ཡིན་ནའང་། འདི་ལས་གཤིས་ཀ་འཇམ་པ་ཞིག་གང་ན་ཡོད། སྒོ་ཕྱུགས་སུ་ལའང་ཁ་དགྲ་སྣ་དགྲ་གསོག་མྱོང་མེད་པས། ཚང་མ་དང་མཐུན་པོ་ཡོད”

    “ཞི་མི་འདི་ཡང་ཕྱི་ནས་བལྟས་ན་བཟོ་ལྟ་རྐུན་མ་འདྲ་པོ་ཞིག་ཡོད་ཀྱང་། འདིས་བདག་པོའི་ནང་གི་མར་རྡོག་ཙམ་ཡང་རྐུ་མྱོང་མེད་པས། ལག་པ་གཙང་བ་ལ་སྐད་གྲགས་ཆོད་པ་ཞིག་ཡོད། གལ་སྲིད་འདི་རྐུན་མ་ཞིག་ཡིན་ན། ང་རང་གཉིས་ཀྱང་ཁོས་ལྐོག་ཏུ་བཟས་ཚར་བ་རེད”

    “བྱས་ཙང་། ཁྱོད་རང་སེམས་སྐྱིད་པོ་མི་ཡོང་བ་དེ་ཁྱོད་ཀྱིས་མིག་ཡ་གཅིག་གིས་འཇིག་རྟེན་འདིར་བལྟས་པས་ཁྱོད་ཀྱིས་ཁོ་ཚོའི་སྐྱོན་རྐྱང་རྐྱང་མཐོང་བ་རེད། གལ་སྲིད་ཁྱོད་ཀྱིས་མིག་གཉིས་ཀས་བལྟས་ན། ཁོ་ཚོའི་དགེ་མཚན་ཡང་མཐོང་ནས། ཁྱོད་ལ་མ་སྐྱིད་པ་ཡོང་གི་མ་རེད”ཅེས་བཤད་པས། དེ་ཕོ་ནག་པོའི་བསམ་པར། ང་རང་མ་སྐྱིད་པ་ང་རང་གིས་བཟོས་འདུག་བསམས་ནས། “ཀོ་ཀོ ཀོ་ཀོ”ཞེས་སྐད་ཅིག་བརྒྱབ་པ་དང་། གཤོག་པ་གཉིས་རྡེབ་ཙམ་རྡེབ་ཙམ་བྱས་ནས་དེ་ཕོ་བློ་ལྡན་ལ་གུས་འདུད་ཅིག་ཞུས། དེ་ནས་བཟུང་། དེ་ཕོ་ནག་པོ་དེ་སྤྲོ་སྣང་གིས་ཁེངས་པའི་དེ་ཕོ་ཞིག་ཏུ་གྱུར།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章