འཕྱི་བར་ཐུག་ན་ན་ཚ་འགོ་ཉེན་ཆེ།

民生   2024-09-04 17:42   西藏  

དབྱར་དུས་ཀྱི་མཐོ་སྒང་རྩྭ་ཐང་ནི་གང་སར་གཡུ་མདོག་གིས་བརྒྱན་ཞིང་མེ་ཏོག་རྣམ་པར་བཀྲ། གངས་རི་དང་སྤྲིན་དཀར་གྱི་སྤེལ་རེས་འོག་ཏུ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་རི་མོ་ཨ་མཚར་ཅན་ཞིག་མིག་ལམ་དུ་མངོན་སུམ་གྱིས་གྲུབ་པའི་ས་ཆ་ཞིག་ཡིན་པས། དེར་གནས་བཅའ་བའི་མིའམ་ཡང་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་བ་མང་པོས་སྤྲོ་སྣང་བག་ཕེབས་ངང་གུང་གསེང་རོལ་བའི་གནས་ཡག་པོ་ཞིག་ཏུ་གྱུར་ཡོད། 

ད་ལོའི་དབྱར་ཁར་དྲ་གྲོགས་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རྩྭ་ཐང་ཐོག་སྤྲོ་གསེང་ལ་རོལ་སྐབས་རྩྭ་ཐང་སྟེང་གི་འཕྱི་བར་ཟས་སྦྱིན་པའམ་ཐུག་རེག་བྱེད་པའི་བརྙན་པར་མང་དུ་སྤེལ་ཡོད། འོན་ཀྱང་ཁོང་ཚོས་དེར་མངོན་མེད་ཉེན་ཁ་གནས་ཡོད་པ་ཤེས་ཀྱིན་མེད། རིམས་ནད་ཚོད་འཛིན་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་པར། འཕྱི་བ་ནི་བྱི་རིམས་རྟེན་གནས་སྲོག་ཆགས་གཙོ་བོ་ཡིན་པས། བྱི་རིམས་ཀྱི་འབྱུང་ཁུངས་གནས་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་ཡུལ་སྐོར་ལ་འགྲོ་སྐབས། ངེས་པར་དུ་འཕྱི་བ་དང་བར་ཐག་རྒྱང་དགོས་ཏེ། འཕྱི་བའི་སྡེར་མོས་འབྲད་པ་དང་སོ་བཏབ་པ་སོགས་ཀྱིས་བྱི་རིམས་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས། 

རང་རྒྱལ་དུ་བྱི་རིམས་རིགས་12ཀྱི་རང་བྱུང་འབྱུང་ཁུངས་ཡོད་པ་དང་། དེའི་ནང་གི་རིགས་གཅིག་ནི་ཧི་མ་ལ་ཡའི་འཕྱི་བའི་བྱི་རིམས་ཀྱི་རང་བྱུང་འབྱུང་ཁུངས་ཡིན་ཏེ། མཚོ་སྔོན་དང་ཀན་སུའུ། ཤིན་ཅང་། བོད་ལྗོངས། སི་ཁྲོན་བཅས་ཀྱི་རྒྱ་ཆེ་བའི་མཐོ་སྒང་དང་རྩྭ་ཐང་། རི་ཁུལ་བཅས་སུ་ཁྱབ་ཡོད། 

ཀན་སུའུ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ། ཀན་སུའུ་ཞིང་ཆེན་ཡུལ་ནད་མཐུན་ཚོགས་ཀྱི་ཚོགས་གཙོ་ཞི་ཅིན་ཞའོ་ཡིས། འཕྱི་བའི་ལུས་སྟེང་དུ་རང་རྒྱལ་གྱི་འགོ་ནད་ཀ་པའི་རིགས་ཏེ། བྱི་རིམས་སྐུང་ཡོད། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བསྟུན་ནས། འཕྱི་བ་ཚུད་པའི་བྱེས་སྐྱེས་སྲོག་ཆགས་ཀྱི་སྣ་རིགས་དང་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། ཡུལ་སྐོར་བས་རྩྭ་ཐང་ཐོག་འཕྱི་བ་མཐོང་བ་དང་རེག་ཐུག་བྱེད་པའི་གོ་སྐབས་ཀྱང་མང་དུ་ཕྱིན་ཡོད།  མིའི་རིགས་ལ་བྱི་རིམས་འགོག་པའི་རང་བྱུང་ནུས་པ་མེད་སྟབས། གལ་ཏེ་བྱི་བ་དང་འཕྱི་བ་སོགས་སྲོག་ཆགས་ལ་རེག་ཐུག་དང་ཟས་སྟེར་བ། བྱིལ་བྱིལ་སོགས་བྱས་ཚེ། བྱི་རིམས་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཅེས་བརྗོད་ཡོད།

ཞི་ཅིན་ཞའོ་ཡིས། བྱི་རིམས་ནི་མི་ཕྱུགས་སྤྱི་ལ་ཕོག་པའི་རང་བྱུང་འབྱུང་ཁུངས་རང་བཞིན་གྱི་རིམས་ནད་རིགས་ཤིག་ཡིན་ཞིང་། ནད་རྟགས་ཐོན་མགྱོགས་ལ། འགོས་ཁྱབ་འགྲོ་མགྱོགས་པ། འཆི་ཚད་མཐོ་བ་བཅས་ཡིན། བྱི་རིམས་ནི་བྱི་རིམས་འབུ་ཕྲ་ལས་བྱུང་བའི་འགོས་ནད་ཚབས་ཆེན་ཞིག་ཡིན་པ་དང་། སྤྱིར་ན་ནུབ་བྱང་རྩྭ་ཐང་དུ་བྱི་རིམས་འབྱུང་བའི་ཉེན་ཁ་ཅུང་ཆུང་མོད། འོན་ཀྱང་བྱི་རིམས་ཀྱི་རང་བྱུང་འབྱུང་ཁུངས་དང་ལྷག་པར་དུ་སྲོག་ཆགས་ཀྱི་རིམས་ནད་ཐོན་མང་བའི་ས་ཁོངས་སུ་འཕྱི་བ་དང་བྱི་བ་རྒྱུན་དུ་ཐོན་སར་བྱི་རིམས་འགོ་བའི་ཉེན་ཁ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章