དྲོ་ཇུས་བྱེད་སྟངས་འདི་རིགས་ཉེན་ཁ་ཆེ།

民生   2024-12-16 17:29   西藏  




ནམ་ཟླ་ཇེ་འཁྱགས་སུ་སོང་བས། མི་མི་ཉུང་བ་ཞིག་གིས་དྲོད་བཟོ་ཡོ་ཆས་སྣ་ཚོགས་སྤྱོད་བཞིན་ཡོད། འོན་ཏེ་དོ་སྣང་ཆེན་པོ་བྱ་དགོས་པ་ཞིག་ལ། མལ་ཐུལ་ནང་ནས་དྲོད་འདོན་ཐུབ་པའི་དངོས་པོ་འདི་བེད་སྤྱོད་མ་ཤེས་ན་ལུས་ལ་ཉེན་ཁ་བཟོ་སྲིད།

ཉེ་ཆར་ཅང་སུའུ་ཡན་ཁྲེང་གི་མཁྱེན་ལྡན་མ་ཀྲོའུ་ལགས་ཀྱིས་དྲོད་བཟོ་སྦྱོར་ལྷེབ་ཐད་ཀར་གྲོད་ཁོག་སྟེང་སྦྱར་རྗེས་གཉིད་ཉལ་བ་དང་། གཉིད་ལས་སད་རྗེས་ཚ་བེར་བེར་གྱི་ཚོར་བ་བྱུང་། ཁོང་གིས་དྲོད་བཟོ་སྦྱོར་ལྷེབ་བཀོག་པ་ན་གྲོད་ཁོག་སྟེང་གི་སྐྱི་ལྤགས་མཉམ་དུ་བཀོག་ཡོད། ཀྲོའུ་ལགས་ཀྱི་གྲོད་ཁོག་སྟེང་གི་ལྤགས་པ་འཚིག་ནས་ཐལ་རྡུལ་དུ་གྱུར་བ་དང་། རྨ་ཁ་ལས་ཁྲག་འཛར་བ་རེད།

མི་ལ་ལས་དྲོད་བཟོ་སྦྱོར་ལྷེབ་ལ་རེག་ན་ལག་པ་མི་བསྲེགས་པས། འདི་འདྲའི་འཚིག་རྨས་ཚབས་ཆེན་བྱུང་བར་དོགས་པ་སྐྱེ་བཞིན་ཡོད། དོན་དངོས་ཐོག་དྲོད་བཟོ་སྦྱོར་ལྷེབ་ཀྱིས་བྱ་སྒོང་ཡང་བསྲེགས་ནས་ཚོས་ཐུབ་ཅིང་། འདི་འདྲའི་འཚིག་རྨས་ལ་དྲོད་དམན་འཚིག་རྨས་ཞེས་ཀྱང་འབོད།

ཅི་ཞིག་ནི་དྲོད་དམན་འཚིག་རྨས་ཡིན།

དྲོད་དམན་འཚིག་རྨས་ནི་ལུས་ཕུང་དུས་ཡུན་རིང་པོར་41℃ནས་45℃ཡི་བར་གྱི་དྲོད་དམན་དངོས་གཟུགས་ལ་རེག་ཐུག་བྱས་པ་ལས་བྱུང་བའི་དལ་བའི་རང་བཞིན་གྱི་འཚིག་རྨས་ལ་གོ། ཆུ་དྲོད་འཇམ་ནང་དུ་སྦལ་བཙོ་བ་དང་འདྲ་བར། མི་མང་པོས་དྲོད་དམན་འཚིག་རྨས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད་མོད། དེའི་གནོད་འཚེ་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་།

དྲོད་དམན་འཚིག་རྨས་ཚབས་ཆེན་བྱུང་ན་སྐྱི་ལྤགས་གཏིང་རིམ་གྱི་ཕུང་གྲུབ་ཉམས་སྲིད་པས། གཤགས་བཅོས་བྱེད་དགོས།

བདེ་འཇགས་དྲན་སྐུལ།

དྲོད་བཟོ་སྦྱོར་ལྷེབ་ཐད་ཀར་སྐྱི་ལྤགས་སྟེང་སྦྱོར་མི་རུང་། གྱོན་ཆས་རིམ་པ་གཅིག་གི་སྟེང་སྦྱོར་བ་དང་དུས་ཡུན་རིང་མི་རུང་། ཨ་ཅོར་དང་སྲིང་རས། གདན་སོགས་ཀྱིས་དྲོད་བཟོ་ཆུ་ཁུག་བཏུམས་པའམ་གྱོན་ཆས་ཀྱི་སྟེང་དུ་བཞག་ནས་དྲོད་ལེན་དགོས་པ་ལས། ཐད་ཀར་སྐྱི་ལྤགས་སྟེང་འཇོག་མི་རུང་།

དྲོད་དམན་འཚིག་རྨས་བྱུང་ན་ཅི་ལྟར་བྱེད་དགོས།

སྟབས་མ་ལེགས་པར་དྲོད་དམན་འཚིག་རྨས་འབྱུང་སྐབས། ཅི་ལྟར་བྱེད་དགོས། ཡིག་འབྲུ་ལྔའི་མན་ངག་འདི་ཡིད་ལ་འཛིན་རོགས།

གཤལ། མྱུར་དུ་ཆུ་གྲང་མོ་གཙང་མ་(15℃—20℃)ཡིས་སྐར་མ་15—20ལ་གཤལ་དགོས།

ཕུད། གྱོན་ཆས་ག་ལེར་ཕུད་པ་དང་། གལ་ཏེ་འཚིག་རྨས་ཚབས་ཆེན་བྱུང་ནས་སྐྱི་ལྤགས་དང་གྱོན་ཆས་གཉིས་འབྱར་ཡོད་སྐབས། ཁེ་གྲི་ཡིས་གྱོན་ཆས་གཏུབ་རྗེས་བཤུ་བ་དང་། སྐྱི་ལྤགས་འབྱར་ཡོད་པའི་ཆ་ཤས་ཉར་དགོས་ཤིང་། ཆུ་བུར་རྟོལ་མི་རུང་།

སྦོང་། ན་ཟུག་ལངས་སྐབས། ཆུ་གྲང་མོའི་ནང་སྐར་མ་15ཡས་མས་སྦངས་ཆོག འོན་ཏེ་ཆུའི་དྲོད་ཚད་ལ་དོ་སྣང་གནང་དགོས།

འགེབས། སེང་རས་དང་ཨ་ཅོར། རས་ཆ་སོགས་སྤྱད་དེ་རྨ་ཁར་ཡང་མོར་འགེབས་པ། ཆུ་བུར་རྟོལ་མིན་ལ་དོ་སྣང་གནང་དགོས།

སྨན། དམར་སྐྲངས་ཆུང་ངུ་རང་ཉིད་ཀྱིས་ཐག་གཅོད་བྱེད་ཆོག་པ་ཕུད། སྤྱིར་རྨས་སྐྱོན་ཕོག་རྗེས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章