► གྲོགས་པོ་ནི་ཡོད་ན་ཡོད་ཆོག་པ་དང་མེད་ན་མེད་ཆོག་པ་རྩ་བ་ནས་མིན།

民生   2024-10-28 16:34   西藏  

གྲོགས་ཀྱི་དྭངས་མ་མི་ཚེའི་རྒྱན།

    ཇི་སྐད་དུ་གྲོགས་པོ་གཅིག་མང་ན་ལམ་བུ་གཅིག་མང་ཟེར་བ་ལྟར་ང་རང་རྣམ་ཀུན་ནས་གྲོགས་པོ་སྒྲིག་རྒྱུར་དགའ་ཡང་། བལྟོས་བཅས་ཀྱིས་ང་ལ་གྲོགས་པོ་མང་པོ་མེད་ལ། སྐད་གསང་མཐོན་པོས་གྲོགས་པོ་ཞེས་འབོད་ཆོག་ཆོག་ཅིག་ཧ་ལམ་མཛུབ་རྩིས་བརྒྱབ་ཀྱང་བགྲང་ཐུབ་པ་འདྲ།

    གྲོགས་པོ་ཟེར་བ་ནི་ཕོ་མོ་གང་ཡིན་དང་ལོ་ན་ཆེ་ཆུང་། རྒྱུ་ནོར་དབུལ་ཕྱུག རིགས་རུས་མཐོ་དམན་སོགས་དང་འབྲེལ་བ་ཡེ་ནས་མེད་པར་རང་ཉིད་ཀྱི་མོས་ཁམས་བཞིན་སྒྲིག་ཆོག་ཆོག་རེད། དོན་དམ་པའི་གྲོགས་པོ་ཞིག་ཡིན་ན་རང་གི་སེམས་གཏམ་ཡོད་ཚད་སྦས་གསང་མེད་པར་ལྷུག་པོར་གླེང་ན་ཡིད་ཁམས་ཀྱི་མཚོ་མོ་ལྷིང་འཇགས་སེར་འགྱུར་འགྲོ་བ་ཞིག་དང་། ཕན་ཚུན་དབར་གསང་རྒྱ་ཅི་ཡང་བྱེད་མི་དགོས་པར་མི་ཚེའི་ཁ་བརྡ་ཡར་མར་གློད་བཞིན་དུ་གྲོགས་པོའི་བརྩེ་སེམས་ཀྱི་བར་ཐག་དམ་ནས་དམ་དུ་སྦྲེལ་བས་མི་ཚད། བརྩེ་སེམས་འདི་ཉིད་ལ་འགོག་པར་དཀའ་བའི་བསླུ་བྲིད་དང་གས་ཆག་མི་ཤོར་བར་ལོ་ཟླ་རིང་མོའི་ཚོད་བགམ་བཟོད་པར་ནུས་པ། དེ་མཚུངས་སུ་ང་ཚོའི་དབར་གྱི་ཡིད་ཆེས་ཀྱང་དུས་ཀྱི་བཞུར་རྒྱུན་དང་འགྲོགས་ནས་རང་བཞིན་དུ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྱུར་བའི་གྲོགས་པོ་ཞིག་ངའི་ཁོར་ཡུག་འདིར་ཅི་འདྲའི་མཁོ།

    ཚེ་སྲོག་གི་འགྲུལ་བཞུད་ཁྲོད་སྒོ་ཀུན་ནས་ཕན་ཚུན་དཔུང་ཡ་དང་སྐྱོ་རོགས་ཉན་པའི་གྲོགས་པོ་ཞིག་བྱུང་ན་བསམ། དེ་ཡང་གྲོགས་པོའི་ལ་རྒྱ་ཞེས་པ་ནི་གཉེན་ཉེ་དུའི་ཤ་ཞེན་དང་ལས་རོགས་དབར་གྱི་མཛའ་བཤེས། དེ་བཞིན་ཕོ་མོ་ཟུང་གི་བརྩེ་དུང་དང་འདྲ་ལ། ཡང་ན་འདི་དག་ལས་རིན་ཐང་ཆེས་ཆེར་འཕགས་པ་ཞིག་རེད་སྙམ། གྲོགས་པོ་དང་ཐུག་དུས་འཛུམ་པའི་མེ་ཏོག་དང་ཁམས་བདེའི་འཚམས་འདྲིའི་བདུད་རྩི་མངར་མོས་སྔུན་ནས་བསུས་ཤིང་། གྲོགས་པོ་བློས་ཐུབ་བར་ལ་འཇིག་རྟེན་པའི་ཚུལ་འཆོས་དང་འཚེར་སྣང་མེད་པར། སུ་ཞིག་བདེ་སྐྱིད་འཚོ་བའི་དགོད་སྒྲས་བཟི་དུས་ཀུན་སློང་གཙང་མས་མཉམ་སྤྱོད་བྱེད་ཤེས་པའི་གྲོགས་པོ་ཞིག་དང་། སུ་ཞིག་འཁོར་བའི་སྐྱོ་སྡུག་གི་མིག་ཆུས་བརླན་དུས་ཞེ་ཁོང་གཏིང་ནས་སེམས་གསོ་བྱེད་མཁན་གྱི་གྲོགས་པོ་ཞིག སུ་ཞིག་དཀའ་སྡུག་གི་བྲག་རི་དང་ཐུག་དུས་རོགས་རེས་དང་གཏོང་ཕོད་ཆེ་བའི་ཕྱག་ཟུང་དྲོན་མོ་ཁྱད་མེད་དུ་བསྲིངས་ནུས་པ། ད་དུང་གྲིབ་མ་བཞིན་རྟག་ཏུ་འགྲོགས་པའི་ཕན་ཚུན་གྱི་ནོར་འཁྲུལ་ལ་གུ་ཡངས་གནང་མཁན་གྱི་གྲོགས་པོ་ཞིག་གསེར་སྲང་བརྒྱ་ཡིས་ཀྱང་མི་ཁུགས་ཨང་།

    སྐྱིད་སྡུག་འཚོ་བའི་ལམ་འཕྲང་རིང་མོར་ལུས་སེམས་གཉིས་ཀྱིས་མནར་གཅོད་མྱོང་དུས། མཚན་ལམ་མང་པོར་བདེ་བའི་གཉིད་ཅིག་མེད་ཀྱང་སེམས་ཀྱི་སྐད་ཆ་ཅི་དགར་བརྗོད་དེ་ལུས་སེམས་བདེ་བའི་ཚོར་བ་སྟེར་མཁན་གྱི་གྲོགས་པོ་ཞིག་དང་། ནམ་ཞིག་ལ་ཁེར་རྐྱང་དང་འ་ཆད་འུ་ཐུག་གི་གནས་སུ་གྱར་ཚེ། ཅི་ཡང་མི་སྨྲ་བར་རང་ཉིད་ཀྱི་གམ་དུ་སྙིང་ཉེ་མ་ཞིག་གི་ཚུལ་དུ་བཞུགས་མཁན་གྱི་གྲོགས་པོ་ཞིག་བྱུང་ན་བསམ། དེ་བས་སོ་སོའི་ཡིད་ལ་གང་དྲན་དྲན་གྱི་སྐད་ཆ་རྣམས་གྲོགས་པོར་བཤད་ཚེ། སང་ཉིན་ཡོད་ཚད་ཀྱི་ངོ་བོ་འགྱུར་ཏེ་མི་ཚོགས་ཀྱི་དབུས་སུ་ང་རང“མི་ནག”ཅིག་ལ་སོང་བའི་དོགས་པ་བྱེད་མི་དགོས་ལ། ཡུན་རིང་སེམས་ཁོང་དུ་ཉར་བའི་གསང་བ་འདི་གྲོགས་པོར་བརྗོད་ན་རིང་པོ་མི་ཐོགས་པར་གསང་བ་ཕྱི་ལ་གྱར་བའི་སེམས་ངལ་འཁུར་མི་དགོས།

    དེ་བས་ཐག་རིང་གི་གྲོགས་པོ་རྣམས་ལྷན་དུ་འཛོམས་དུས་ཤ་ཆང་གི་གསོལ་སྟོན་གཤོམ་རྒྱུ་མེད་ནའང་། ལོ་མང་རེ་སྒུག་གིས་བསྙལ་བའི་སེམས་གཏམ་དང་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་འདི་ཁོ་ནས་ང་ཚོའི་ལྷག་བསམ་ཇི་མ་ཇི་བཞིན་མཚོན་ཡོད། དེ་བས་ཕྱིའི་རྣམ་འགྱུར་དང་ལུས་ཀྱི་བྱ་བྱེད་ཕྲ་མོ་ཞིག་ལས་ངའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མ་ལུས་མེ་ལོང་དུ་བལྟས་པ་ཇི་བཞིན་མཁྱེན་པའི་གྲོགས་པོ་ཁྱེད་འདྲ་བ་བདག་ལ་ཅི་འདྲའི་མཁོ་ཨང་།

    ཁོམ་པའི་བར་གསེང་དང་འདུ་འཛོམས་ཀྱི་ཁོར་ཡུག་གང་ས་ནས། ཕན་ཚུན་དབར་རྩེད་མཚར་གང་འདོད་བསླངས་ཆོག་པའི་ཁར། ད་དུང་བཞད་གད་སྣ་ཚོགས་ཀྱི་ཁྲོད་ནས་རང་ཉིད་ཀྱི་མི་ཚེ་དང་། མ་འོངས། རྩོམ་རིག་དང་དགའ་ཕྱོགས་སོགས་སེམས་བསམ་པས་གླེང་ཡུལ་གྱི་གྲོགས་པོ་ཞིག་བྱུང་ན་བསམ། ལང་ཚོའི་རྨི་ལམ་གྱི་འབབ་ཚིགས་ནས་དུང་ཞེན་དང་ཕུགས་འདུན་ཞིག་གི་སླད་དར་ཅིག་སོ་སོར་གྱེས་ནས་འགྲོ་དགོས་ཀྱང་། རྟག་ཏུ་ཁ་པར་གྱི་སྐུད་ལམ་ནས་འབྲེལ་བ་མ་ཐུབ་ཀྱང་ཁ་ཁོག་གཉིས་པོར་ལེ་ཁག་དང་བྲལ་ཞིང་། སླར་ཡང་ཐུག་དུས་ཆ་རྒྱུས་མེད་མདོག་ཀྱི་ཚུགས་ཀ་མི་འཛིན་པར་ཐང་ཤིང་སྔོན་མོ་ལྟ་བུའི་དམ་ཚིག་རྡོ་བརྐོས་རི་མོ་བཞིན་སེམས་ན་བརྟན་པོར་འཆང་མཁན་གྱི་གྲོགས་པོ་ཞིག་ཅི་འདྲའི་མཁོ། དེ་བས་ང་རང་འོད་སྣང་ལ་ཕྱོགས་ཤིང་མུ་མཐུད་བདེན་པ་བརྩོན་ལེན་གྱིས་སྔར་མེད་གསར་གཏོད་ཀྱི་ལམ་བུར་སྙེག་པའི་བློ་སྤོབས་བསྩལ་མཁན་གྱི་འགྱུར་མེད་ཀྱི་ངང་རྒྱུད་དང་ཁྲེལ་གཞུང་ལྡན་པའི་གྲོགས་པོ་ཞིག་བྱུང་ན། མཆོད་བསྟོད་ཀྱི་སྙན་ངག་མི་འབུལ་རང་དབང་ཅི་ལ་མཆིས།

    དེ་ཡང་། མི་ཚེ་རིང་པོའི་སྐྱིད་སྡུག་སྒང་གཤོངས་ཅི་འདྲ་ཞིག་ལ། གྲོགས་པོ་ནི་ཡོད་ན་ཡོད་ཆོག་པ་ཞིག་དང་མེད་ན་མེད་ཀྱང་ཆོག་པ་ཞིག་རྩ་བ་ནས་མིན་ལ། རང་ལ་ཁེ་ཕན་དང་དགོས་མཁོ་ཞིག་ཡོད་དུས། གྲོགས་པོ་ཞེས་ངོ་བསྟོད་དགུང་ལ་བཏེགས་གང་ཐུབ་བྱ་ཡུལ་ཞིག་དེ་བས་མིན་པས། ད་ནས་ངས་ཁ་ཞེ་མཚུངས་པའི་གྲོགས་པོ་ཚང་མ་ནི་སྲིད་གསུམ་ན་དཀོན་པའི་རྒྱུ་ནོར་རྩ་ཆེན་ཞིག་དང་། ངའི་གྲང་ངར་དང་མུན་ནག་གི་རྒྱ་མཚོ་སྒྲོལ་རོགས་ཀྱི་གྲུ་གཟིངས་རེ་རེར་བསྒོམ་རྒྱུ་ཡིན།

    མདོར་ན། གྲོགས་ཀྱི་དྭངས་མ་མི་ཚེའི་རྒྱན་ཡིན་གཤིས། དུས་དང་སྐབས་གང་འདྲ་ཞིག་ལ་ཡང་ལྷག་བསམ་ཅན་གྱི་གྲོགས་པོ་ཡོངས་ལ་བརྗེད་པར་དཀའ་བའི་གླུ་དབྱངས་ཤིག་ལེན་པར་འདོད།

ལྷུན་དར་སྐལ་བཟང་བསྟན་པ།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章