སློབ་དཔོན་ཀླུ་སྒྲུབ་ཀྱིས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་འབེབས་ཚུལ།
文摘
文化
2024-09-27 21:15
青海
སློབ་དཔོན་ཀླུ་སྒྲུབ་ཀྱིས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་འབེབས་ཚུལ།
དེ་ཡང་སློབ་དཔོན་འདིས་རྒྱབ་རྟེན་གྱི་ལུང་ཁུངས་དྲངས་ཏེ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་གཏན་ལ་འབེབས་པ་ལ་མདོ་ཀུན་ལས་བཏུས་པ་མཛད་ཅིང་། གང་ཟག་དང་ཆོས་ལ་རང་བཞིན་བཀག་པའི་ཟབ་མོ་སྟོང་པ་ཉིད་དེ་རིགས་པའི་རྣམ་གྲངས་མང་པོས་སྒྲུབ་པ་ལ་བསྟན་བཅོས་རྩ་བ་ཤེས་རབ་དང་། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་སོགས་རིགས་ཚོགས་རྣམས་མཛད། དེ་ལྟ་བུའི་བསྟན་བཅོས་རྨད་དུ་བྱུང་བ་རྣམས་ཀྱི་བརྗོད་དོན་ཡང་། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་སམ་དབུ་མ་ཟབ་མོ་སྟོང་པ་ཉིད་དང་། དེ་ལྟ་བུའི་དབུ་མའི་དོན་རྟོགས་པའི་ལམ་དེས་འཁོར་བ་ལས་གྲོལ་བའི་ཚུལ་གཉིས་སུ་འདུ་ལ། དེའི་དང་པོ་ནི་རྩ་བ་ཤེས་རབ་དང་། དེ་ལས་འཕྲོས་པའི་བསྟན་བཅོས་ཞིབ་མོ་རྣམ་འཐག རྩོད་བཟློག སྟོང་ཉིད་བདུན་ཅུ་པ་བཅས་ཀྱིས་གཙོ་བོར་སྟོན་ལ། གཉིས་པ་ནི་རིགས་པ་དྲུག་ཅུ་པ་དང་། རིན་ཆེན་ཕྲེང་བ་གཉིས་ཀྱིས་གཙོ་བོར་སྟོན་པར་གསུངས། སློབ་དཔོན་འདིའི་གཞུང་ཀུན་ལས་རྩ་བ་ཤེས་རབ་དེ་ཉིད་བསྟན་བཅོས་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན་པས། དེ་ལ་བརྟེན་ཏེ་སློབ་དཔོན་འདིས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་འབེབས་ཚུལ་ཅུང་ཟད་འཆད་པ་ལ། གཞུང་འདིའི་མཆོད་བརྗོད་ཤླཽཀ་གཉིས་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱའི་སྙིང་པོ་མདོར་བསྡུས་ཏེ་གཏན་ལ་ཕབ་པར་དབུ་མ་ཚིག་གསལ་ལས་གསུངས་པ་ལྟར་ན། རྩ་བ་ཤེས་རབ་ཀྱི་བརྗོད་བྱའི་སྙིང་པོ་ནི་ཆོས་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་རྩལ་དུ་བཏོན་ཅིང་། དེ་ལྟ་བུའི་སྟོང་པ་ཉིད་དེའང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་བཀྲལ་ཏེ། སྟོང་པ་དང་། རྟེན་འབྱུང་དང་། དབུ་མའི་ལམ་གསུམ་དོན་གཅིག་ཏུ་སྒྲུབ་པ་དེ་ཡིན་པར་རྟོགས་ནུས། དེ་ཡང་རྩ་བ་ཤེས་རབ་ཀྱི་རབ་བྱེད་དང་པོས་རྟེན་འབྲེལ་གྱི་ཆོས་རྣམས་ལ་མཐའ་བཞི་ལས་སྐྱེ་བ་བཀག་ཅིང་། ལྷག་པར་རང་སྡེ་དངོས་སྨྲ་བ་རྣམས་ཀྱིས་མདོ་སྡེ་རྣམས་ལས་རྐྱེན་བཞི་གསུངས་པ་གཞིར་བྱས་ཏེ་རང་བཞིན་གྱིས་སྐྱེ་བ་ཁས་ལེན་པ་བཀག་ཅིང་། མཐའ་སྡོམ་དུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ལ་རྐྱེན་ལས་བྱུང་བ་གཏན་ནས་མི་འཐད་ཅིང་། རང་གི་དངོས་པོ་མི་འཐད་ན་དེའི་ཟླས་དྲངས་པའི་གཞན་གྱི་དངོས་པོའང་མི་འཐད་པས། བདེན་པའི་དངོས་པོ་གཞིར་བྱས་པའི་རྒྱུ་འབྲས་ཀྱི་རྣམ་གཞག་མི་འཐད་པར་ནན་གྱིས་བསྒྲུབས་ཏེ། མཐའ་བཞི་གང་རུང་ལས་སྐྱེ་བ་མི་འཐད་པར་གསལ་ཞིང་རྒྱས་པར་བསྒྲུབས་པ་ནི། རྩ་བ་ཤེས་རབ་ཀྱི ་རབ་བྱེད་ཡོངས་རྫོགས་ཀྱི་སྡོམ་ལྟ་བུར་བརྩི་ཆོག རབ་བྱེད་དང་པོར་རྐྱེན་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་ཚུལ་ལ་བརྟགས་ན། ལུགས་འདིའི་ཐུན་མོང་མ་ཡིན་པའི་རིགས་པའི་འགྲོས་རྣམས་རྟོགས་ནུས་ལ། དེ་ཡང་མཐའ་བཞི་གང་རུང་ལས་སྐྱེ་བ་མི་འཐད་པས་རང་བཞིན་གྱིས་སྐྱེ་བ་མེད་པར་གྲུབ་ཅིང་། རྒྱུ་མཚན་དེས་ན་ངོ་བོ་ཉིད་ཀྱིས་གྲུབ་པའི་རྐྱེན་ཅིག་གཞག་ཏུ་མེད་དེ། སྐྱེ་བ་མེད་ན་རྐྱེན་གྱི་བྱ་བ་མེད་ཅིང་། བྱ་བ་དང་མི་ལྡན་པའི་རྐྱེན་ནི་ནམ་ཡང་འཐད་པ་མིན་ལ། ཇི་སྲིད་འབྲས་བུ་མི་སྐྱེད་པ་དེ་སྲིད་དུ་འདུས་བྱས་ཀྱི་ཆོས་དེ་རྣམས་རྐྱེན་དུ་མི་འགྱུར་རོ། ། གཞན་ཡང་འདིས་དེ་སྐྱེད་དོ་ཞེས་སྨྲས་པ་ན། ཡོད་པ་ཞིག་སྐྱེད་དམ། མེད་པ་ཞིག་སྐྱེད། ཅི་སྟེ་ཡོད་པ་ཞིག་སྐྱེད་ན་རྐྱེན་དོན་མེད་དུ་འགྱུར་ཏེ་ཡོད་ན་སྐྱེས་ཟིན་པའི་ཕྱིར་དང་། གཞན་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་ལ་རྐྱེན་གྱི་དགོས་པ་མེད་པའི་ཕྱིར་རོ། །མེད་པ་ཞིག་ནི་སྐྱེད་མི་ནུས་ཏེ། མེད་ན་གང་གི་རྐྱེན་དུ་འགྱུར་སའི་དོན་དེ་མེད་པས་འདི་དེའི་རྐྱེན་ཡིན་ནོ་ཞེས་པ་མི་འཐད་ལ། གལ་ཏེ་མེད་པ་ཞིག་སྐྱེད་རིགས་ན་རི་བོང་གི་རྭ་ཡང་སྐྱེད་པར་ཐལ་ལོ། །དེ་བཞིན་དུ་ཡོད་མེད་གཉིས་ཀ་ཡིན་པའང་མི་སྐྱེ་སྟེ་ཡོད་མེད་གཉིས་ལྷན་ཅིག་ཏུ་བྱུང་བ་འགལ་བའི་ཕྱིར་རོ། །ཞེས་རིགས་པས་བརྟགས་པའི་ཚེ་རྐྱེན་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་འདོད་ན་འདུས་བྱས་ཀྱི་ཆོས་གང་གིའང་སྐྱེད་བྱེད་ཀྱི་རྒྱུར་མི་འཐད་པའི་ཚུལ་བཀོད་དེ། ཡོད་པ་དང་མེད་པ་དང་གཉིས་ཀའི་མཐའ་ལས་བརྩམས་ཏེ་རྐྱེན་ཅེས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་གཏན་ནས་མི་སྲིད་པར་མཐའ་གཞན་འགོག་པའི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཡིན་ནོ།། དེ་རྗེས་རབ་བྱེད་གཉིས་པ་འགྲོ་འོང་བརྟག་པ་སོགས་ཀྱིས་རིམ་པ་བཞིན་དུ། ཕུང་སོགས་ཀྱི་ཆོས་རྣམས་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དུ་དེ་དག་ལ་འགྲོ་འོང་གི་བྱ་བྱེད་དང་། གཟུགས་ལ་ལྟ་བ་སོགས་དབང་པོ། གཞི་ཕུང་ཁམས་སྐྱེ་མཆེད། ཡིད་ཀྱི་ཆོས་ཆགས་སོགས། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ། གཞན་ཡང་དངོས་སྨྲ་བས་གཞི་གང་ལ་བརྟེན་ནས་ཆོས་རྣམས་རང་བཞིན་གྱིས་ཡོད་པར་འཇོག་པའི་ཆོས་དང་ཆོས་ཅན་དཔེར་ན་འདུ་བྱེད། ཕྲད་པ། བཅིངས་ཐར། ལས། བདག་དང་ཆོས། དུས། ཚོགས་པ། འབྱུང་འཇིག་སོགས་རེ་རེ་ནས་རང་བཞིན་གྱིས་ཡོད་པ་བཀག དེ་བཞིན་དུ་རང་ཅག་ནང་པ་སངས་རྒྱས་པས་གཙིགས་ཆེར་བཟུང་བའི་ཡུལ་དེ་བཞིན་གཤེགས་པ། དོར་བྱ་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི། ལམ་གྱི་དམིགས་པ་བདེན་པ་བཞི། འཐོབ་བྱའི་མྱང་འདས། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་ཀྱང་རེ་རེ་ནས་རང་བཞིན་གྱིས་མེད་པར་བསྒྲུབས་ཏེ། མཐར་ལྟ་བ་བརྟག་པའི་སྒོ་ནས་གཞུང་མཇུག་སྡུད་པར་མཛད། མདོར་ན་རྩ་ཤེའི་རབ་བྱེད་གཉིས་པ་དང་། དགུ་པ་ནས་བཅུ་གཉིས་པའི་བར་དང་། བཅོ་བརྒྱད་པ་རྣམས་ཀྱིས་གཙོ་བོར་གང་ཟག་གི་བདག་འགོག་པ་དང་། རབ་བྱེད་དང་པོ་དང་། གསུམ་པ་ནས་བརྒྱད་པའི་བར་གྱིས་གཙོ་བོར་ཆོས་བདག་འགོག་པར་མཛད་ཅིང་། བརྒྱད་པ་འདི་གང་ཟག་དང་ཆོས་ལ་རང་བཞིན་འགོག་པ་གཉིས་ཀ་ལ་སྦྱར་དུ་རུང་བར་གསུངས། རབ་བྱེད་བཅུ་གསུམ་པས་གང་ཟག་དང་ཆོས་སོ་སོར་མ་ཕྱེ་བར་དངོས་པོ་ཙམ་རང་བཞིན་གྱིས་ཡོད་པ་འགོག་པ་དང་། རབ་བྱེད་གཞན་རྣམས་ཀྱིས་གང་ཟག་དང་ཆོས་སོ་སོར་ཕྱེ་བ་དང་མ་ཕྱེ་བར་དངོས་པོའི་རང་བཞིན་བཀག་པ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་རྣམས་འགོག་པར་རྩ་ཤེའི་འགྲེལ་བྱེད་ཚད་ལྡན་དག་གིས་གསུངས་པ་ལྟར་རོ།། སློབ་དཔོན་གྱི་གཞུང་དུ་ཤེས་པ་བདེན་དངོས་རྩོམ་བྱེད་དུས་སྐད་ཅིག་ཆ་མེད་འགོག་ཚུལ་རིན་ཆེན་ཕྲེང་བར་གསལ་བར་འབྱུང་ལ། གཟུགས་ཅན་གྱི་ཆོས་བདེན་དངོས་རྩོམ་བྱེད་འགོག་པ་ལ་འབྱུང་བཞི་སོ་སོ་བ་དང་འདུས་པའི་བདག་ཉིད་ལ་བརྟག་པ་ལས། རྡུལ་ཕྲན་ཆ་མེད་ལ་བརྟག་པ་རིན་ཕྲེང་དང་རྩ་བ་ཤེས་རབ་སོགས་སུ་གསལ་བར་མ་བྱུང་མོད། སློབ་དཔོན་གྱི་གཞུང་མ་རྟོགས་པ་རྟོགས་པ་ཞེས་བྱ་བ་ལས། རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་དབྱེ་བས་མཐོང་བ་ན། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱི ས་བརྟགས་ནས། །དེ་ཡི་རྡུལ་ཕྲན་ཇི་ལྟར་ཡོད། །འོ་ན། མེད་པ་ཡིན་ལ་རག་མོད་ཅེ་ན། །དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་མེད་གང་གི་ཡིན་པར་འགྱུར། །གང་གིས་དངོས་དང་དངོས་མེད་ཤེས། ། ཞེས་བྱ་བ་ནི། ཆོས་ལ་བདག་མེད་པའོ།། ཞེས་གསལ་བར་བྱུང་ལ། སློབ་དཔོན་འཕགས་པ་ལྷའི་བཞི་བརྒྱ་པའི་ལེའུ་དགུ་པར་ནི་རྡུལ་ཆ་མེད་འགོག་ཚུལ་རྒྱས་པར་གསུངས་སོ།། ཞིབ་མོ་རྣམ་འཐག་ལས་ནི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དང་གཞལ་བྱ་ལ་སོགས་པའི་རྟོག་གེའི་ཚིག་གི་དོན་བཅུ་དྲུག་འགོག་པར་བྱེད་དོ།། ཡང་དབུ་མ་རྩ་བ་ཤེས་རབ་ལས། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན།།ཞེས་ཕྱི་ནང་གི་འབྲས་བུའི་དངོས་པོ་རྣམས་སྐྱེས་པའི་སྔ་རོལ་ནས་རྒྱུ་རྐྱེན་སོ་སོ་བ་དང་འདུས་པ་དང་དེ་ལས་གཞན་རྣམས་ལ་ཡོད་ན། དེ་དག་ལས་བདག་ཉིད་ཀྱིས་སྐྱེ་བར་འགྱུར་དགོས་ནའང་བདག་ཉིད་ཀྱིས་སྐྱེ་བ་མེད་པར་གསུངས་པ་ལ། རྩོད་བཟློག་ལས།གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན།།ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ།། ཞེས་རང་སྡེ་དངོས་པོར་སྨྲ་བ་རྣམས་ཀྱིས། གལ་ཏེ་ཤེས་བྱ་ཐམས་ཅད་ལ་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་ན། རང་བཞིན་གྱིས་གྲུབ་པ་འགོག་པའི་གཞུང་རྣམས་ལའང་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་དགོས་པས། རང་བཞིན་གྱིས་གྲུབ་པ་བཟློག་པར་མི་ནུས་པར་འགྱུར་རོ་ཞེས་བརྒལ་བའི་ལན་དུ་རྩོད་བཟློག་མཛད་དོ།། རྩོད་བཟློག་ལས་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་ཤིང་། ཚིག་ལ་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་ན་ཡང་། ཚིག་གིས་བསྒྲུབ་བྱ་སྒྲུབ་པ་དང་དགག་བྱ་འགོག་ནུས་པར་གསུངས་པས། རང་ངོས་ནས་གྲུབ་པའི་རང་བཞིན་ཁས་མི་ལེན་པའི་ལུགས་ལྟར་ན་ཚད་མ་དང་གཞལ་བྱའི་དགག་སྒྲུབ་ཀྱི་བྱ་བྱེད་ཇི་ལྟ་བ་བཞིན་འཇོག་ནུས་པ་དང་། རང་ངོས་ནས་གྲུབ་པའི་རང་བཞིན་ཡོད་པར་ཁས་ལེན་པའི་ལུགས་ལྟར་ན་ཚད་མ་དང་གཞལ་བྱ་ཇི་ལྟ་བ་བཞིན་འཇོག་མི་ནུས་པའི་ཚུལ་རྣམས་སྟོན་ནོ།།རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ།།དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས།། ཞེས་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་སོགས་ལ་རང་ངོས་ནས་གྲུབ་པའི་རང་བཞིན་མེད་པ་ལྟར། སྐྱེ་གནས་འཇིག་པ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པར་གསུངས་པ་ལ། རང་སྡེ་དངོས་པོར་སྨྲ་བས་ནི། སྐྱེ་གནས་སོགས་དེ་དག་རང་བཞིན་གྱིས་མེད་ན་ཐ་སྙད་དུ་ཡང་མེད་དགོས་པར་བསམས་ནས། དེ་ལྟ་ན་དཔེར་ན། བཅོམ་ལྡན་འདས་ཀྱིས། “དགེ་སློང་དག་གསུམ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་དག་སྟེ། འདུས་བྱས་སྐྱེ་བར་ཡང་མངོན། འཇིག་པར་ཡང་མངོན་ཏེ། གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ། །”ཞེས་སྐྱེ་གནས་འཇིག་གསུམ་གསུངས་པ་དང་འགལ་བར་འགྱུར་བར་བརྩད་པའི་ལན་དུ་སྟོང་ཉིད་བདུན་ཅུ་པ་མཛད་དོ།། སྟོང་ཉིད་བདུན་ཅུ་པ་ལས་ནི།གནས་པའམ་སྐྱེ་འཇིག་ཡོད་མེད་དམ།།དམན་པའམ་མཉམ་དང་ཁྱད་པར་ཅན།།སངས་རྒྱས་འཇིག་རྟེན་སྙད་དབང་གིས།།གསུངས་ཀྱི་ཡང་དག་དབང་གིས་མིན།། ཞེས་སྐྱེ་འཇིག་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་ཙམ་ལས། རང་ངོས་ནས་གྲུབ་པའི་དབང་གིས་གསུངས་པ་མིན་པར་སྟོན་ནོ།། གཉིས་པ་རྟག་པ་དང་ཆད་པའི་མཐའ་གང་དུ་ཡང་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་ལ་གཞུང་གཉིས་ལས། རིགས་པ་དྲུག་ཅུ་པ་ལས་ནི།ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན།། ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པའམ། དེ་ཐམས་ཅད་གཏན་ནས་མེད་པའི་མཐར་ལྷུང་བས་ནི་སྲིད་པའི་འཆིང་བ་ལས་གྲོལ་མི་ནུས་པར་བསྟན་ནས། ཡང་དེ་ཉིད་ལས།དངོས་དང་དངོས་མེད་ཡོངས་ཤེས་པས།།བདག་ཉིད་ཆེན་པོ་རྣམ་པར་གྲོལ།། ཞེས་དངོས་པོ་འཁོར་བ་དང་དངོས་མེད་མྱང་འདས་གཉིས་ཐ་སྙད་ཙམ་དུ་ཡོད་པ་དང་རང་བཞིན་གྱིས་མེད་པར་ཕྱིན་ཅི་མ་ལོག་པར་ཤེས་པའི་ལམ་ལ་བརྟེན་ནས་བདག་ཉིད་ཆེན་པོ་འཕགས་པ་རྣམས་སྲིད་པ་ལས་གྲོལ་ནུས་པར་བསྟན་ཏོ།། རིན་ཆེན་ཕྲེང་བ་ལས་ནི། མངོན་མཐོ་སྒྲུབ་བྱེད་ཀྱི་རྒྱུ་ནི་ལས་དང་འབྲས་བུའི་ཚུལ་ལ་ཡིད་ཆེས་ཀྱི་དད་པ་ཡིན་ཞིང་། དད་པ་དེ་སྔོན་དུ་སོང་བ་ལ་བརྟེན་ནས་ངེས་ལེགས་སྒྲུབ་བྱེད་ཀྱི་རྒྱུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་བའི་སྣོད་རུང་དུ་འགྱུར་ལ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡང་བདག་དང་བདག་གི་བ་གཉིས་རང་བཞིན་གྱིས་མེད་པར་རྟོགས་པ་ཞིག་ཡིན་ལ། དེ་ལྟ་བུའི་ཤེས་རབ་དེ་ལ་བརྟེན་ནས་ཕུང་པོ་རྣམས་བདེན་མེད་དུ་ཤེས་ཏེ་ཡང་ཡང་གོམས་པ་ལ་བརྟེན་ནས་ངར་འཛིན་ཟད་པར་འགྱུར་བ་དང༌། ཕུང་པོ་བདེན་འཛིན་མ་ཟད་བར་དུ་འཁོར་བ་ལས་མི་གྲོལ་ཞིང་དེ་ཟད་པ་ན་འཁོར་བ་ལས་གྲོལ་བ་དང༌། ཆོས་ཐམས་ཅད་གཏན་མེད་དུ་ལྟ་བས་ནི་ཕྱིན་ཅི་ལོག་གི་གཡང་སར་ལྟུང་བར་འགྱུར་བ་དང་། ཡང་དེ་ཐམས་ཅད་རང་བཞིན་གྱིས་ཡོད་པར་ལྟ་བས་ནི་བདེ་འགྲོར་འཁོར་བས། དེ་གཉིས་ལས་ཐར་བ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པ་དང་གཏན་ནས་མེད་པའི་མཐའ་གཉིས་ལ་མི་བརྟེན་པའི་ཡང་དག་པའི་དོན་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ལམ་དགོས་པར་གསུངས་སོ།། དེས་ན་རིགས་པ་དྲུག་ཅུ་པ་དང་རིན་ཆེན་ཕྲེང་བ་གཉིས་ཀར་ཡང་གང་ཟག་དང་ཆོས་ལ་རང་བཞིན་གྱིས་གྲུབ་པ་བཀག་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟབ་མོ་ལན་མང་དུ་བསྟན་ནའང་རྟག་མཐའ་དང་ཆད་མཐའ་གཉིས་གང་ལ་ཡང་མི་གནས་པའི་ཡང་དག་པའི་དོན་སྟོང་པ་ཉིད་རྟོགས་པའི་ལམ་ཞིག་འཁོར་བ་ལས་གྲོལ་བ་ལ་ངེས་པར་དགོས་སོ་ཞེས་གཙོ་བོར་བསྒྲུབས་ལ། རྩ་བ་ཤེས་རབ་དང་། ཞིབ་མོ་རྣམ་འཐག རྩོད་བཟློག སྟོང་ཉིད་བདུན་ཅུ་པ་རྣམས་སུ་ཡང་ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པའི་ལམ་གྱིས་འཁོར་བའི་རྩ་བ་མ་རིག་པ་ལྡོག་པར་གསུངས་ནའང་གཙོ་བོར་ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ཡིན་ནོ།། ཡང་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་དང་གསུམ་ལས་ནི། རང་དགར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་རིགས་པའི་རྣམ་གྲངས་མི་འདྲ་བ་དུ་མའི་སྒོ་ནས་རྒྱས་པར་སྟོན་པས་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་དང་། རྩོད་བཟློག་དང་། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་སྟེ་གསུམ་ལས་ནི། རྩ་བ་ཤེས་རབ་ལས་འཕྲོས་པའི་ཚུལ་གྱིས་ཆོས་ཐམས་ཅད་རང་བཞིན་གྱི ས་གྲུབ་པས་སྟོང་པ་རིགས་པའི་རྣམ་གྲངས་མི་འདྲ་བ་དུ་མའི་སྒོ་ནས་སྟོན་པས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་འཇོག་གོ། སློབ་དཔོན་ཟླ་བ་གྲགས་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། “རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་བྱས་པའི་ཕྱི ར་དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །”ཞེས་དབུ་མ་རྩ་བ་ཤེས་རབ་ཏུ་རང་དགར་ཟབ་མོ་སྟོང་པ་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པས་རྒྱས་པར་བསྟན་པ་བཞིན་དུ་རིགས་པ་དྲུག་ཅུ་པར་ཡང་རང་དགར་ཟབ་མོ་སྟོང་པ་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པས་རྒྱས་པར་བསྟན་པའི་རྒྱུ་མཚན་གྱིས་ལུས་ལྟ་བུའི་བསྟན་བཅོས་སུ་འགྲུབ་པར་གསུངས་ལ། རྒྱུ་མཚན་དེ་ཉིད་ཀྱིས་རིན་ཆེན་འཕྲེང་བ་ཡང་ལུས་ལྟ་བུའི་བསྟན་བཅོས་སུ་བདེ་བླག་ཏུ་འགྲུབ་བོ།། དེ་ལྟར་ན་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་པོ་དེ་རྩ་བ་ཤེས་རབ་ཀྱི་རབ་བྱེད་གང་ལས་འཕྲོས་ཚུལ་ནི། རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་གཞན་ལས་སྐྱེ་བ་བཀག་པ་ལ། རང་ཚིག་དང་འགལ་བ་སྤོང་བའི་སྒོ་ནས་རྩོད་བཟློག་འཕྲོས་ལ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་གསུམ་བརྟག་པ་ལས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་གསུམ་རང་བཞིན་གྱི ས་གྲུབ་པ་བཀག་པ་ལ། དངོས་སྨྲ་བས་མདོ་ལས་སྐྱེ་གནས་འཇིག་གསུམ་གསུངས་པ་དང་འགལ་བ་སྤོང་བའི་སྒོ་ནས་སྟོང་ཉིད་བདུན་ཅུ་པ་འཕྲོས། ཡང་རྩ་བ་ཤེས་རབ་ཀྱི ་རབ་བྱེད་རྣམས་ལས་གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པ་བཀག་པ་ལ། མུ་སྟེགས་པས་འདོད་པའི་བདེན་གྲུབ་སྒྲུབ་བྱེད་ཚད་མ་དང་གཞལ་བྱ་ལ་སོགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པའི་སྒོ་ནས་ཞིབ་མོ་རྣམ་འཐག་འཕྲོས་སོ།། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། “ཅིའི་ཕྱིར་སྟོང་པ་ཉིད་བདུན་ཅུ་པ་དང༌། རྩོད་པ་བཟློག་པ་ལས་སློབ་དཔོན་གྱིས་བསྟོད་པ་མ་བརྗོད་པ་དབུ་མ་འདི་ལས་བརྗོད་ཅེ་ན། སྨྲས་པ། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པ་གཉིས་དབུ་མ་ལས་འཕྲོས་པ་སྟེ། རང་གི་རྒྱུད་གུད་ན་མེད་པས་ལོགས་ཤིག་ཏུ་བསྟོད་པ་མ་བརྗོད་དེ།”ཞེས་སྟོང་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པ་གཉིས་རྩོམ་པའི་ཐོག་མར་བཅོམ་ལྡན་འདས་ལ་མཆོད་པར་མ་བརྗོད་ཅིང་། དབུ་མ་རྩ་བ་ཤེས་རབ་ལས་མཆོད་པར་བརྗོད་པའི་རྒྱུ་མཚན་འཆད་པའི་ཚེ། བསྟན་བཅོས་དེ་གཉིས་ཀྱི་རྗོད་བྱེད་ཚིག་གི་རྒྱུད་དམ་རྒྱུན་དབུ་མ་རྩ་བ་ཤེས་རབ་ལ་མ་ལྟོས་པར་ལོགས་སུ་མེད་པས། དེ་གཉིས་དབུ་མ་རྩ་བ་ཤེས་རབ་ལས་འཕྲོས་པར་བཤད་ལ། དེ་ལྟར་ན་དོན་འདི་ཞིབ་མོ་རྣམ་འཐག་ལ་ཡང་ཚང་བས་དེའང་རྩ་ཤེས་ལས་འཕྲོས་པའི་བསྟན་བཅོས་ཡིན་པར་འགྲུབ་བོ།། གཞན་ཡང་སློབ་དཔོན་གྱི་དབུ་མའི་གཞུང་ལ་རང་རེའི་བསྟན་འགྱུར་དུ་བཞུགས་པ་ལྟར་ན། དབུ་མ་ཡི་གེ་བརྒྱ་པ་རྩ་འགྲེལ་དང་། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། དབུ་མ་སྲིད་པ་འཕོ་བ། རྟེན་འབྲེལ་སྙིང་པོའི་ཚིག་ལེའུར་བྱས་པ་རྩ་འགྲེལ། ཐེག་ཆེན་ཉི་ཤུ་པ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ཞེས་བྱ་བ་རྣམས་དང་། གཞུང་གཞན་ཡང་མདོ་ཀུན་ལས་བཏུས་པ་དང་། བཤེས་པའི་སྤྲིངས་ཡིག རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་སོགས་དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལྟ་བུའི་བསྟོད་ཚོགས་སོགས་ཡོད་དོ།། སློབ་དཔོན་གྱི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལ་འཕགས་ཡུལ་གྱི་མཁས་པས་མཛད་པའི་འགྲེལ་པ་དུ་མ་བྱུང་ཡང་། གྲགས་ཆེ་བ་ནི་རང་འགྲེལ་དུ་གྲགས་པའི་འགྲེལ་པ་ག་ལས་འཇིགས་མེད་དང་། དེ་བ་ཤརྨ་སྟེ་ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ། གུ་ན་མ་ཏི་སྟེ་ཡོན་ཏན་བློ་གྲོས་ཀྱི་འགྲེལ་པ། གུ་ན་ཤྲཱི་སྟེ་ཡོན་ཏན་དཔལ་གྱི་འགྲེལ་པ། སྠི་ར་མ་ཏི་སྟེ་བློ་གྲོས་བརྟན་པའི་འགྲེལ་པ། བུདྡྷ་པཱ་ལི་ཏ་སྟེ་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ། བྷ་བྱ་ཀ་ར་སྟེ་ལེགས་ལྡན་འབྱེད་ཀྱི ་འགྲེལ་པ་ཤེས་རབ་སྒྲོན་མ། ཙནྡྲ་ཀིརྟིའམ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་བཅས་རྒྱ་འགྲེལ་བརྒྱད་ཡོད་པར་བཤད། འགྲེལ་པ་འདི་དག་ལས་ག་ལས་འཇིགས་མེད་དང་། བུདྡྷ་པཱ་ལི་ཏ། ཤེས་རབ་སྒྲོན་མ། ཚིག་གསལ་བཅས་བཞི་བོད་སྐད་དུ་བསྒྱུར་བས་བོད་ཀྱི་བསྟན་འགྱུར་ཁྲོད་དུ་བཞུགས། དེ་ལྟར་རྩ་བ་ཤེས་རབ་སོགས་སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟན་བཅོས་རྣམས་སུ་ཆོས་ཀུན་རང་བཞིན་གྱིས་ཡོད་པ་ནན་གྱིས་འགོག་པར་མཛད་པའི་དགག་རྒྱུའི་རང་བཞིན་གྱིས་གྲུབ་པ་དེ་གང་ཞེ་ན། དེ་ནི་རྩ་ཤེའི་རབ་བྱེད་བཅོ་ལྔ་པ་ལས།རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ།།རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར།། ཞེས་རྒྱུ་རྐྱེན་ལས་འབྱུང་བ་དང་རང་བཞིན་གྱིས་ཡོད་པ་མཐའ་གཅིག་ཏུ་འགལ་ཞིང་། ཅི་སྟེ་རང་བཞིན་དེ་རྒྱུ་རྐྱེན་ལས་བྱུང་བར་འདོད་ན་དེ་ལྟ་བུ་ནི་བྱས་པ་ཅན་ནམ་བཅོས་པའི་རང་བཞིན་དུ་འགྱུར་བར་བསྟན་ཅིང་། མདོར་ན་འདོགས་བྱེད་རྟོག་པ་ལ་ལྟོས་མེད་རང་དབང་དུ་གྲུབ་པ་ཞིག་ཆོས་རྣམས་ཀྱི་སྟེང་དུ་དགག་རྒྱུའི་རང་བཞིན་གྱིས་གྲུབ་པའམ་རང་ངོས་ནས་གྲུབ་པ་ལ་བཞེད་དོ།། ཆོས་རྣམས་ལ་དེ་ལྟ་བུའི་རང་བཞིན་མེད་པས་དེ་ཡོད་པར་འཛིན་ན་རྟག་པར་ལྟ་བ་དང་། རང་བཞིན་གྱིས་ཡོད་པའི་དངོས་པོ་སྔོན་བྱུང་བ་ད་ལྟར་མེད་པར་འཛིན་པ་ཆད་ལྟར་འགྱུར་བས། རང་ལུགས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་ལྟ་བ་ལ་མི་གནས་པར་གསུངས། རིགས་པ་དྲུག་ཅུ་པ་དངརིན་ཆེན་ཕྲེང་བར་རང་བཞིན་མེད་པའི་སྟོང་པ་ཉིད་ལ་གནས་མེད་པ་དང་དམིགས་པ་མེད་པའི་ཐ་སྙད་མཛད་ཅིང་། གནས་མེད་པའམ་དམིགས་པ་མེད་པ་ལ་གནས་པའི་བདག་ཉིད་ཆེན་པོ་རྣམས་ཉོན་མོངས་པའི་དུག་ཆེན་གྱིས་མ་ཟིན་པར་སྲིད་པའི་རྒྱ་མཚོ་ལས་བརྒལ་བར་གསུངས། ཡང་མ་དྲོས་པས་ཞུས་པའི་མདོ་ལས། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་འགྱུར། །ཞེས་རང་བཞིན་མེད་པའི་སྟོང་པ་ཉིད་སུས་ཤེས་ན་བག་ཡོད་དང་ལྡན་པར་གསུངས་ལ། དོན་དམ་པ་དེ་ནི་ཆོས་རྣམས་ཀྱི་དོན་དམ་པའི་གནས་ལུགས་ཡིན་ཞིང་། དེའི་ངོ་བོ་ཡང་རབ་བྱེད་བཅོ་བརྒྱད་པར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ།།རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ།། ཞེས་རྣམ་གྲངས་ཀྱི ་སྒོ་ནས་བཤད་ན། ༡ གཞན་ལས་ཤེས་པ་མ་ཡིན་པ་དང་། ༢ ཞི་བ་དང་། ༣ སྤྲོས་པ་དང་བྲལ་བ་དང་། ༤ རྣམ་རྟོག་མེད་པའི་དོན་དང་། ༥ ཐ་དད་མ་ཡིན་པ་བཅས་ཁྱད་པར་ལྔ་དང་ལྡན་པར་གསུངས། དེ་ཡང་མཐར་གཏུགས་ན་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་རྒྱུ་མཚན་གྱིས་རང་བཞིན་གྱིས་མེད་པར་གྲུབ་ལ། སྟོང་པ་ཉིད་ཅེས་པའང་རྟེན་འབྲེལ་གྱི་དོན་དུ་གོ་དགོས་པར་གསུངས་ཏེ། དཔེར་ན་རྩ་ཤེའི་རབ་བྱེད་ཉེར་བཞི་པར། རང་སྡེ་དངོས་སྨྲ་བས་དབུ་མ་པ་སྟོང་ཉིད་སྨྲ་བ་ལ་བདེན་བཞི་དང་མཆོག་གསུམ་སོགས་ལ་སྐུར་འདེབས་སུ་འགྱུར་ཞེས་གནོད་བྱེད་བརྗོད་པ་ནི། དངོས་སྨྲ་བ་དེ་དག་གིས་སྟོང་པ་ཉིད་བསྟན་པའི་དགོས་པ་དང་། སྟོང་པ་ཉིད་ཀྱི་ངོ་བོ་དང་། སྟོང་པ་ཉིད་ཀྱི་དོན་མ་ཤེས་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རྣམ་དབྱེ་ལེགས་པར་མི་ཤེས་པས་ལན་པར་གསུངས་ལ། དེ་ཡང་སྟོང་པ་ཉིད་བསྟན་པའི་དགོས་པ་ནི་ཆགས་སོགས་ཀྱི་རྩ་བ་གཏི་མུག་བདེན་འཛིན་གྱི་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་ཆེད་དུ་ཡིན་པ་དང་། སྟོང་པ་ཉིད་ཀྱི་ངོ་བོ་ནི་གོང་དུ་དྲངས་པའི་རྩ་བ་ཤེས་རབ་ཀྱི་གཞུང་ཚིག “གཞན་ལས་ཤེས་མིན་”ཞེས་སོགས་ཀྱིས་བསྟན་པ་ལྟར་གྱི་ཁྱད་པར་ལྔ་དང་ལྡན་པ་ཞིག་ལ་བྱ་དགོས་པ་དང་། སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་པར་གསུངས་ལ། དེ་ཡང་ཆོས་གང་ལ་བརྟེན་ནས་ཆོས་གང་ཞིག་འབྱུང་བ་དེ་ནི། གང་ལ་བརྟེན་སའི་ཆོས་དེ་དང་ངོ་བོ་ཉིད་ཀྱིས་དེ་ཉིད་དང་གཞན་ཉིད་དུ་མེད་པས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཡིན་ཞིང་། དངོས་པོ་རྣམས་ཀྱི་ཡོད་ཚུལ་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་འབའ་ཞིག་ཏུ་གནས་པར་གསུངས། དེ་ལྟ་བུའི་སྟོང་པ་རྟེན་འབྱུང་གི་དོན་དུ་སྟོན་པ་ན་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད།།དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ།།གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ།།དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ།།ཞེས་གྲུབ་དོན་གྱི་སྡོམ་ཆེན་པོ་ཞིག་བཀོད་པ་རྣམས་ནི་གནད་འགག་ཤིན་ཏུ་ཆེའོ།། དེ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་གནས་པས། སྟོན་པ་བཅོམ་ལྡན་འདས་ལ་དེ་ལྟ་བུའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུང་བའི་སྟོན་པ་ཚད་མར་གཟིགས་ཏེ་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དང་། རྩོད་བཟློག བསམ་གྱིས་མི་ཁྱབ་པའི་བསྟོད་པ་སོགས་སུ་སྟོན་པ་ལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུངས་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་མཛད་པ་ཡིན་ནོ།།
རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། ། བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། ། གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།།
ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།།
|