བྱང་སེམས་སྐྱེ་ཐབས་དང༌། ལག་ལེན་ཇི་ལྟར་བསྟར་དགོས་སམ།
བཀའ་འདྲི། དུས་རྒྱུན་མིའི་འཚོ་བའི་ནང་རང་རྒྱུད་ལ་ཐོག་མར་བྱང་ཆུབ་སེམས་ཀྱི་བློ་དེ་གང་འདྲ་བྱས་ཏེ་སྐྱེས་པའི་ཐབས་ལམ་དང༌། ཐོག་མར་ལག་ལེན་ཇི་ལྟར་བྱེད་ཚུལ་གསུངས་རོགས་གནང༌།
བཀའ་ལན། གཙོ་བོ་ནི་སྟོང་ཉིད་ཀྱི་ལྟ་བ་དང༌། དབང་པོ་རྣོན་པོའི་བློ་སྦྱོང་ཚུལ་གཅིག་དང༌། དབང་པོ་རྟུལ་པོའི་བློ་སྦྱོང་ཚུལ་གཅིག་བཅས་མི་འདྲ་བ་གཉིས་གསུངས་ཡོད། དེའི་སྐོར་མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་གྱི་ནང་དུ་ཧ་ཅང་གསལ་པོ་ཡོད། ངོས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་པ་ནི། དབང་པོ་རྣོན་པོའི་དབང་དུ་བྱས་ནས་བློ་སྦྱོང་ཚུལ་དེར་བསམ་བློ་གཏོང་དགོས་པ་ཡིན།
གང་ལགས་ཤེ་ན། ཤེས་ཡོན་མང་པོ་ཞིག་གསར་དུ་སླེབས་ཡོད། དེ་ལྟར་སླེབས་པ་དང་འབྲེལ་ནས་ཐེ་ཚོམ་མང་པོ་ཞིག་སྐྱེས་ཤིང༌། ཐེ་ཚོམ་ཞེས་པ་དེ་དགོས་པ་ཞིག་ཡིན། ཐེ་ཚོམ་མེད་ན་དཔྱད་པ་མི་བྱེད་ལ། དཔྱད་པ་མ་བྱས་ན་དོན་ལ་ངེས་པ་རྙེད་མི་ཐུབ། དེས་ན་ང་ཚོར་ཐེ་ཚོམ་དགོས་པ་ཡིན། ཐེ་ཚོམ་ལ་བླང་བྱའི་ཐེ་ཚོམ་གཅིག་དང༌། སྤང་བྱའི་ཐེ་ཚོམ་བཅས་རིགས་གཉིས་ཡོད། སྤང་བྱའི་ཐེ་ཚོམ་དེར་ཐེ་ཚོམ་ཉོན་མོངས་ཅན་ཞེས་དབྱེ་བ་ཕྱེ་ཡོད།
དེས་ན་ཤེས་རབ་ཀྱིས་གྲོགས་བྱས་ནས་བྱང་ཆུབ་ཡོང་སྲིད་པ་དང༌། བློ་ལ་ཤར་བའི་ཐོག་ནས་བྱང་ཆུབ་དོན་གཉེར་གྱི་བློ་སྐྱེས་དགོས་པ་ཡིན། ཁ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་བརྗོད་ཀྱང༌། སེམས་ཀྱི་གཏིང་ནས་ཚོར་བ་གང་ཡང་མེད་པ་ཡོང་ཐབས་མེད། སེམས་གཏིང་ནས་ཚོར་བ་ཡོང་བ་ལ་ཤེས་དགོས་ཤིང༌།
གནས་ཚུལ་དེ་ཚད་མའི་ལམ་ནས་ངེས་པ་རྙེད་པ་ཞིག་དགོས་པ་ཡིན། དེ་ལ་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་དགོས་པ་ཞིག་དང༌། བློ་རིམ་གྱིས་སྦྱངས་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། སངས་རྒྱས་ཆོས་ཚོགས་མ་ལན་གཅིག་འདོན་པ་དང༌། སེམས་བསྐྱེད་བཟུང་བའི་ཆོ་ག་ལན་གཅིག་བཏོན་པ་ཙམ་གྱིས་སེམས་བསྐྱེད་པ་ཡིན་ཞེས་མི་བརྗོད་ལ། དེ་ལྟར་ཡོང་ཐབས་ཀྱང་མེད། སེམས་ཀྱི་བཟང་པོའི་རྟོགས་པ་དེ་སེམས་ཀྱི་ཡོན་ཏན་གོང་དུ་འཕེལ་བ་ལ་ཚོགས་བསགས་སྒྲིབ་སྦྱོང་དང་འབྲེལ་བ་ཡོད་པ་བཅས་ཡིན།
རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། ། བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། ། གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།། ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།། |