ཝུའུ་ཀན་ཏའི་རྒྱལ་ས་ཁན་ཕ་ལ་གྲོང་ཁྱེར་སྲིད་གཞུང་གིས་ཚེས་10ཉིན་བརྡ་ཁྱབ་བཏང་བར། དྲག་ཆར་གྱི་ཤུགས་རྐྱེན་ཐེབས་ནས་ཉིན་དེར་ས་གནས་དེ་གའི“གད་སྙིགས་རི་བོ” ཞིག་གི་ཆ་ཤས་བརྡིབས་ཏེ། ད་ལྟའི་བར་ཉུང་མཐར་ཡང་མི་21རྐྱེན་ལམ་དུ་ཤོར་ཡོད་པ་རེད།
ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན།“གད་སྙིགས་རི་བོ”དེ་ནི་ཁན་ཕ་ལའི་བྱང་རྒྱུད་གྲོང་འདབས་ཀྱི་གད་སྙིགས་སྦ་ས་ཞིག་ཏུ་ཡོད་པ་དང་། དོན་རྐྱེན་དེ་ཚེས་10ཉིན་གྱི་སྔ་ཙམ་དུ་ཐོན་ཞིང་། རྡིབ་ཉིལ་བྱུང་བའི་གད་སྙིགས་ཀྱིས་ཁང་པ་དང་མི་སྣ། ཕྱུགས་ཟོག་སོགས་ས་འོག་ཏུ་མནན་ཡོད་པ་རེད།
གད་སྙིགས་སྦ་ས་དེར་དོ་དམ་བྱེད་འགན་འཁུར་མཁན་ཁན་ཕ་ལའི་རྒྱལ་ས་དོ་དམ་ཅུས་ཀྱིས་གསལ་བསྒྲགས་སྤེལ་ཏེ། རོགས་སྐྱོབ་མི་སྣས་ད་བར་དུ་མི་14བསྐྱབས་པ་དང་འབྲེལ་ཁོང་ཚོ་སྨན་ཁང་དུ་བསྐྱལ་ཟིན་པ་དང་། རོགས་སྐྱོབ་བྱ་སྤྱོད་སྔར་བཞིན་མུ་མཐུད་སྤེལ་བཞིན་ཡོད་ཅེས་བཤད།
ས་གནས་དེ་གའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གད་སྙིགས་སྦ་ས་དེ་ནི་ཁན་ཕ་ལའི་གད་སྙིགས་གཙང་སེལ་ར་བ་གཙོ་བོ་ཞིག་ཡིན་ལ། 1996ལོར་བཙུགས་ཤིང་དང་ཐོག་གད་སྙིགས་དབྱེ་འབྱེད་གཙང་སེལ་བྱེད་དུས་གྲངས་འབོར་ཅུང་ཉུང་ཡང་། མིག་སྔར་ཉིན་གཅིག་ལ་བསྡུ་ལེན་བྱས་པའི་གད་སྙིགས་ཏུན་2000ལྷག་ཙམ་ཟིན་ནས་དེ་གའི་ཤོང་ཚད་དང་ཐེག་ཚད་ལས་བརྒལ་གྲབས་ཡོད་པ་རེད།
ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཟླ་དང་པོར་ཁན་ཕ་ལའི་མཚན་འཛིན་གྲོང་ཁྱེར་འགོ་འཛིན་ཨའེ་ལི་ཡ་སི·ལུའུ་ཁྭ་ཀེ་ཡིས་ཐ་ཚིག་བསྒྲགས་ཏེ། གད་སྙིགས་སྦ་ས་དེར་སྲུང་སྐྱོང་ཡག་པོ་བྱུང་མེད་པས་གད་སྙིགས་འབོར་ཆེན་ཕུང་གསོག་ཐེབས་ནས། ཉེ་འགྲམ་དུ་ལས་ཀ་གཉེར་མཁན་དང་འཚོ་བ་སྐྱེལ་མཁན་གྱི་མང་ཚོགས་ལ་བདེ་ཐང་གི་ཉེན་ཁ་སྣ་ཚོགས་བཟོས་ཡོད་པས། གད་སྙིགས་ས་ཆ་གཞན་དུ་སྤོ་བའམ་ཡང་ན་ཉེ་འགྲམ་གྱི་ས་ཆ་བེད་སྤྱད་དེ་གད་སྙིགས་ར་བ་རྒྱ་སྐྱེད་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།