ཕ་མའི་འདོད་བློ་དང་བསྟུན་ན་ཕ་མར་དྲིན་ལན་མཇལ་བ་ཡིན། 

2024-05-13 09:11   西藏  

ཕ་མའི་འདོད་བློ་དང་བསྟུན་ན་ཕ་མར་དྲིན་ལན་མཇལ་བ་ཡིན། 



                                     མེ་འོད། 



  ཕ་མ་བདེ་ཐང་ཡིན་སྐབས་ནི་བུ་ཕྲུག་ཚོས་དྲིན་ལན་མཇལ་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། འོན་ཀྱང་བུ་ཕྲུག་ཚོས་རྒས་ཤིང་འཁོགས་པའི་བར་དུ་རྒྱུ་མཚན་དེ་མི་ཤེས། ཕ་མ་ཞལ་བཞུགས་པའི་དུས་དེ་བུ་ཕྲུག་ཚོར་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ངོ་མ་ཞིག་ཡོད་པ་ཡིན་མོད། འོན་ཀྱང་བུ་ཕྲུག་ཚོས་ཕ་མ་གྲོངས་མ་སོང་བར་དུ་རིན་ཐང་དེ་མི་ཚོར། 


  ང་ཚོའི་རང་རང་གི་བུ་ཕྲུག་དང་ཆུང་མ་ལ་གཅེེས་པ་ལས་ལྷག་པའི་ཕ་མར་གཅེས་དགོས། རྒྱུ་མཚན། བུ་ཕྲུག་དང་ཆུང་མས་ང་ཚོར་གང་ཡང་མི་སྟེར། སྟེར་མ་མྱོང་། གཅེས་པའི་ལུས་སྲོག་སྟེར་རྒྱུ་ཕར་ཞོགས། གཅིག་བྱས་ན་ཁོ་ཚོའི་ཡོད་ཚད་མཐའ་མཇུག་སུ་ཞིག་ལ་དབང་མིན་ཡང་ངེས་པ་མེད། འོན་ཀྱང་མང་པོ་ཞིག་བཟའ་ཟླ་དང་བུ་ཕྲུག་འཚོ་སྐྱོང་ལ་གཡེང་ནས་སོ་སོའི་ཕ་མའི་སྐྱིད་སྡུག་དང་གནས་སྟངས་ཡིད་ཡུལ་ནས་བོར་བཞིན་ཡོད། 


  འོ་ན་ཕ་མར་དྲིན་ལན་མཇལ་སྟངས་གང་ཞེ་ན། དེ་ནི་ཕ་མའི་བྱ་སྤྱོད་ལ་ཚད་བཀག་དང་བསྒྱུར་བཅོས་གཏོང་འདོད་ཀྱིས་སློབ་གསོ་གཏོང་བ་དེ་མ་ཡིན་པར་ཕ་མ་དགའ་རུ་འཇུག་པ་དེ་ཡིན། ཕ་མར་དགའ་རུ་འཇུག་པ་དེ་ཡང་། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཕ་མའི་སྐད་ཆ་ལ་ཉན་པ། གནས་ལུགས་ཡོད་མེད་ལ་མ་ལྟོས་པར་ཕ་མར་སྐྱིད་སྡུག་གི་ཁ་བརྡ་བྱེད་པ། འགྲིག་དང་མི་འགྲིག་ལ་མི་བསམ་པར་ཕ་མའི་འདོད་བློ་དང་བསྟུན་ཐབས་བྱེད་པ་སོགས་སུ་འདུས་ཡོད། དེ་དག་ནི་ཕ་མ་དགའ་རུ་བཅུག་པའི་དོན་དེ་ཡིན། 


  ད་དུང་ཁྱིམ་ཚང་གི་དབང་ཆ་ཕ་མར་སྤྲད་དགོས། སྒོར་མོ་ཡོད་མེད་ལ་མ་ལྟོས་པར་བུ་ཕྲུག་ཚོས་ཕ་མར་སྒོར་མོ་སྤྲད་དགོས། ཕ་མ་ལས་མི་ཚེའི་ལམ་སྟོན་ཞུ་དགོས། དེ་ནི་ཕ་མ་དགའ་བའི་བྱེད་ཐབས་ཤིག་ཡིན། ཕ་མས་ཁྱིམ་ཚང་གི་དབང་ཆ་དང་སྒོར་མོ་ཁྱེར་ནས་གང་དུ་ཡང་བུད་མི་འགྲོ་བས་བུ་ཕྲུག་ཚོས་དེས་དོན་ལ་སེམས་འཚབ་བྱེད་མི་དགོས། ཕ་མ་རྒ་རྒན་ཚོས་ལས་ཀ་ག་རེ་ལས་ན་ལས་ཆུགས། སྐད་ཆ་ག་རེ་བཤད་ན་བཤད་ཆུགས། བྱ་བ་ཅི་ཞིག་སྒྲུབ་ན་སྒྲུབ་ཆུགས། དེ་དག་ལ་གནས་ལུགས་ཡོད་མེད་དང་རྒྱུ་མཚན་ལྡན་མིན་མ་བལྟ། 


  ང་ཚོ་ག་དུས་ཡིན་ན་རང་གི་འདོད་བློ་དང་མཐུན་ཐབས་ཆེད། ཕ་མ་ལ་ཕར་སློབ་གསོ་རྒྱག་པ། གནས་ལུགས་བཤད་པ། རང་ལ་བདེན་ཁ་སྟེར་ཆེད་འགྲེལ་བཤད་བྱེད་པ་སོགས་ནི་བུ་ཕྲུག་ཚོའི་ནོར་འཁྲུལ་ཞིག་ཡིན། དེ་དག་གིས་ཕ་མར་བསྒྱུར་བཅོས་གཏོང་མི་ཐུབ་པ་མི་ཚད་ཁོང་ཚོར་ཡི་ཆད་དང་བློ་ཕམ་མང་པོ་འབྱུང་ངེས། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཡང་ཐེབས་སྲིད། ཕ་མ་འཇིག་རྟེན་འདིར་ཡུན་རིང་མི་སྡོད་པས། ང་ཚོས་ཁོང་ཚོས་བྱེད་འདོད་པ། བཤད་འདོད་པ། སྒྲུབ་འདོད་པ་ཚང་མ་ལ་བཀག་འགོག་བྱེད་མི་རུང་། དགག་པ་རྒྱག་མི་ཉན། 


ཕ་མའི་ཚེ་ལྷག་ཟླ་བའི་འོད་དཀར་དེ་ཕར་ཕར་བཞུད་ཀྱིན་ཡོད་ནའང་། ང་ཚོའི་ཁོང་ཚོར་བློ་བདེ་ཉི་མ་གཞོན་ནུ་ཞིག་འཆར་དུ་འཇུག་དགོས། ཕ་མའི་ལང་ཚོའི་འདབ་མ་རེ་རེ་བཞིན་ས་རུ་ཟགས་པར་མཐོང་ན། ང་ཚོས་ཁོང་ཚོ་ལ་སྦྲང་རྩི་ལས་མངར་བའི་བརྩེ་འདང་ཞིག་སྤྲད་ཐུབ་དགོས། ཁོང་ཚོའི་ཞེན་ཆགས་དང་སྨྲེང་སེམས་རུམ་གང་འཁྱེར་ནས་འཇིག་རྟེན་གཞན་ཞིག་ལ་འགྲོ་བར་ཉེ་དུས། ང་ཚོས་ཁོང་ཚོར་ཞི་བདེ་དང་བགས་ཕེབས་ཀྱི་ཚོར་བ་ཞིག་སྦྱིན་ཐུབ་དགོས། 



ནང་དོན་གནད་དུ་བསྡུས་ན། 



  གཅིག །ནམ་རྒྱུན་ཕ་མ་ལ་དེ་བྱོས་དང་འདི་མ་བྱེད་ཅེས་སློབ་གསོ་ཡང་ཡང་མ་གཏོང་། ཕ་མས་ཅི་ཟེར་ལ་སྣང་མེད་མ་བྱེད། བཀའ་བཀྱོན་ལ་ཁ་ལན་མ་སློགས། བྱེད་མི་ཉན་པའི་གནས་ཚུལ་འདི་དག་མི་ཕལ་མོ་ཆེས་ཤེས་ཀྱིན་མེད། 


  གཉིས། ཕ་མས་བཤད་པའི་སྐད་ཆ་དེ་དག །ཨ་བཤད་ཡང་བཤད། བསྐྱར་བཤད་ལོག་བཤད་ཡིན་པས་དབང་དུ་བཏང་ནའང་། ང་ཚོས་ཉན་འདོད་མེད་པའི་རྣམ་འགྱུར་སྟོན་མི་ཉན། དོ་སྣང་མེད་པ་དེ་བས་ཀྱང་བྱེད་མི་ཉན། དེ་ལྟར་བྱས་ན་ཕ་མའི་སེམས་སུ་རྨ་ཁ་ཆེན་པོ་བཟོ་སྲིད། 


  གསུམ། ཕ་མས་དྲན་སྐུལ་དང་སློབ་གསོ། ཁ་ཏ་དང་བསླབ་བྱ་དེ་དག་ལས་ཁྱོད་ཀྱི་མི་ཚེ་དང་འཚོ་བ་ལ་ཕན་མི་ཐོག་པ་ཡང་ཡོད་སྲིད་མོད། དེ་དག་ལ་ཡིད་འཇོག་མི་བྱེད་པ། སྣང་ཆུང་བྱེད་པ་སོགས་ནི་ཕ་མར་བརྩི་མཐོང་མེད་པའི་རྣམ་པ་ཞིག་ཡིན་པས་གཟབ་ཐུབ་དགོས། 


༢༠༢༤/༥/༡༢ཉིན་ལ། 


达瓦诺琼平台
欢迎大家来到我的平台
 最新文章