ལྔ་པ། «དྲི་མེད་གྲགས་པས་བསྟན་པའི་མདོ»བཀླགས་བྱང་། གྲོག་མ།
གཅིག
དེ་རིང་ནི་སྤྱི་ལོ་2024.4.23རེས་གཟའ་མིག་དམར། འཛམ་གླིང་དཔེ་ཀློག་གི་ཉིན་མོ་རེད། ངས་ནི«དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ»ཆ་ཚང་ཞིག་བཀླགས་པ་ཡིན། མདོ་འདི་ལྷ་སའི་བཀའ་འགྱུར་ནང་གི་མདོ་སྡེ༼ཕ༽རྟགས་ཅན་དུ་བཞུགས་འདུག །ཤུ་ལོ་ཀ་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག་དང་ལེའུ་བཅུ་གཉིས་ཡོད། ལོ་ཙྪ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། དཔེ་ཆ་འདི་རྨེ་སྤྲུལ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོས་བཀའ་ཁྲིད་ཀྱི་ཞོར་ལ་ཡང་ཡང་གསུང་མྱོང་བ་ཡིན་ལ། མཁན་དབང་ཕྱུག་རྩེ་རྒྱལ་གྱིས་ཀྱང་ཀློག་པར་བསྐུལ་མྱོང་བ་ཞིག་ཡིན་མོད། ད་ལྟའི་བར་དུ་ཆ་ཚང་བ་ཞིག་ཀློག་རྒྱུ་མ་བྱུང་། མདོ་འདི་ལ་རྒྱ་ནག་ཏུ་འགྲེལ་བ་གྲགས་ཆེ་བ་བཞི་ཙམ་ཡོད་པར་བཤད་ཀྱང་བོད་འགྲེལ་ནི་མེད། རེད་དེ་བོད་པས་མདོ་སྔགས་གང་ཞིག་བཤད་ན་ཡང«དྲི་མེད་གྲགས་པས་བསྟན་པའི་མདོ»འདི་གཙིགས་ཆེན་མཛད་སྲོལ་གདའ། དེའི་ནང་ནས་ཀྱང་ལེའུ་དང་པོ“སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་གླེང་གཞིའི་ལུའུ”ཡི་ནང་གི་ཚངས་པའི་དྲ་བ་ཅན་དང་ཤཱ་རའི་བུ་རྣམ་གཉིས་ཀྱི་དྲི་བ་དྲིས་ལན་འདི་དག། གསང་སྔགས་ཀྱི་དག་པའི་སྣང་བ་དང་། ཐེག་ཆེན་གྱི་མཉམ་པ་ཉིད་སོགས་གཏན་ལ་འབེབས་སྐབས་ཡང་ནས་ཡང་དུ་ཁྱེར་ཡོང་བ་དེ་འདྲ་རེད། མདོ་འདི་བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ཨ་མྲ་སྲུང་བའི་ཚལ་ན་བཞུགས་པའི་དུས་སུ་གསུངས་བར་བཤད།
གཉིས། ངས་དེ་རིང་ལྷ་སའི་བཀའ་འགྱུར་ནང་གི “རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་ཀཱིརྟི་ནི་རྡེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།”ཞེས་པ་འདི། སྐད་གསང་མཐོན་པོས་བཀླགས་ཤིང་། གྲོགས་པོ་ཚེ་དབང་གིས་ཟུར་ནས«སྟག་ལུང་མར་ཐང་གི་ཆོས་འབྱུང»རྩོམ་སྒྲིག་བྱེད་ཞོར་ཉན་པ་རེད། ལྷ་སའི་འཀའ་འགྱུར་འདི་སྡེ་དགེའི་བཀའ་འགྱུར་དང་བསྡུར་ན་ཀློག་བདེ་ན་ཡང་། འདིའི་ནང་ནས་ཡིག་ནོར་མང་པོ་མཐོང་བྱུང་བས་སྡེ་དགེའི་བཀའ་འགྱུར་ལྟ་བུའི་ཞུས་དག་ལ་ནན་ཏན་དེ་ཙམ་བྱུང་མེད་པ་འདྲ།
གསུམ། བདག་ལ་མཚོན་ན། མདོ་འདིའི་ལེའུ་གཉིས་པ་དང་གསུམ་པ་ནི་ཆེས་ཡིད་འཕྲོག་ཤོས་དང་ཆེས་ཡིད་ལ་འཛིན་ན་འདོད་པ་དེ་བྱུང་སོང་བས། ལེའུ་དེ་གཉིས་ཀྱི་ནང་གི་བརྗོད་དོན་ཁ་ཤས་ཡིད་ལ་ནན་བཅག་གི་ཆེད་དུ་ཟིན་ཐོར་འགོད་དགོས། ལེའུ་གཉིས་པའི་མིང་ལ “ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ”ཟེར། དེ་ཡི་ནང་དུ། ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་པ་དེའི་ངང་ཚུལ་དག་ཞིབ་བརྗོད་བྱས་འདུག། དེ་ཡང་དྲི་མེད་གྲགས་པ་ནི།“གཡོག་བྲན་གྱིས་ཡོངས་སུ་བསྐོར་བར་སྣང་ཡང་རབ་ཏུ་དབེན་པར་སྤྱོད་པ། རྒྱན་གྱིས་བརྒྱན་པར་སྣང་ཡང་རྟག་ཏུ་མཚན་དང་ལྡན་པ། ཟས་སྐོམ་གྱི་ཟས་ཟ་བར་སྣང་བ་ཡང་རྟག་ཏུ་བསམ་གཏན་གྱི་དགའ་བའི་ཟས་ཟ་བ། རྩེད་མོ་དང་། རྒྱན་པོའི་གྲྭ་ཐམས་ཅད་ན་སྣང་ཡང་རྩེད་མོ་དང་རྒྱན་པོ་ལ་ཆགས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་རྟག་ཏུ་དོན་ཡོད་པར་སྤྱོད་པ། ཡ་མཚན་ཅན་ཐམས་ཅད་ཚོལ་ཡང་སངས་རྒྱས་ལ་མི་ཕྱེད་པའི་བསམ་པ་དང་ལྡན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་བསྟན་བཅོས་ཀྱི་རྣམ་པ་ཤེས་ཀྱང་རྟག་ཏུ་ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ། འདུ་འཛི་ཀུན་གྱི་ནང་ན་སྣང་ཡང་ཐམས་ཅད་ཀྱི་ནང་ན་གཙོ་བོར་མཆོད་པ། འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་རྒན་རབས་དང་། བར་མ་དང་། གཞོན་ནུའི་གྲོགས་སུ་གྱུར་ཅིང་ཆོས་བཞིན་དུ་སྨྲ་བ། ཐ་སྙད་ཐམས་ཅད་དུ་འཇུག་ཀྱང་རྙེད་པ་དང་ལོངས་སྤྱོད་ལ་རེ་བ་མེད་པ། སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ལམ་གྱི་བཞི་མདོ་དང་སུམ་མདོ་ཐམས་ཅད་ནའང་སྣང་ལ་སེམས་ཅན་རྣམས་སྲུང་བའི་ཕྱིར་རྒྱལ་པོའི་བྱ་བ་རྣམས་ལ་ཡང་ཞུགས་པ། ཐེག་པ་དམན་པ་ལ་མོས་པ་ཟློག་ཅིང་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་པར་གཟུད་པའི་ཕྱིར་ཆོས་ཉན་པ་དང་། ཡང་དག་པར་བརྗོད་པ་ཐམས་ཅད་ན་ཡང་སྣང་བ། བྱིས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེའི་གྲྭ་ཁང་ཐམས་ཅད་དུའང་འགྲོ་བ། འདོད་པའི་ཉེས་པ་ཡང་དག་པར་བསྟན་པའི་ཕྱིར་སྨད་འཚོང་གི་ཁྱིམ་ཀུན་དུའང་འཇུག་པ། དྲན་པ་ཡང་དག་པར་གཞག་པའི་ཕྱིར་ཆང་འཚོང་བའི་ཁྱིམ་ཐམས་ཅད་དུའང་འཇུག་པ། ཆོས་ཀྱི་མཆོག་བསྟན་པའི་ཕྱིར་ཚོང་དཔོན་གྱི་ནང་དུ་ཡང་ཚོང་དཔོན་དུ་ཀུན་གྱིས་བཀུར་བ། འཛིན་པ་ཐམས་ཅད་ཀྱི་ལེན་པ་ཡོངས་སུ་གཅད་པའི་ཕྱིར་ཁྱིམ་བདག་གི་ནང་དུའང་ཁྱིམ་བདག་ཏུ་ཀུན་གྱིས་བཀུར་བ། བཟོད་པ་དང་དེས་པ་དང་། སྟོབས་ལ་རབ་ཏུ་དགོད་པའི་ཕྱིར་རྒྱལ་རིགས་ཀྱི་ནང་དུ་ཡང་རྒྱལ་རིགས་སུ་ཀུན་གྱིས་བཀུར་བ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཤིན་ཏུ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུ་ཡང་བྲམ་ཟེར་ཀུན་གྱིས་བཀུར་བ། རྒྱལ་པོའི་བྱ་བ་ཐམས་ཅད་ཆོས་དང་འཐུན་པར་བསྒོ་བའི་ཕྱིར་བློན་པོའི་ནང་དུ་ཡང་བློན་པོར་ཀུན་གྱིས་བཀུར་བ། རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ལ་ཆགས་པ་བཟློག་པའི་ཕྱིར་གཞོན་ནུའི་ནང་དུ་ཡང་གཞོན་ནུར་ཀུན་གྱིས་བཀུར་བ། བུད་མེད་གཞོན་ནུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་དུ་ཡང་ཉུང་རུམ་དུ་ཀུན་གྱིས་བཀུར་བ། ཐ་མལ་བའི་བསོད་ནམས་ཁྱད་པར་དུ་འཕགས་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་པ་དང་ཡང་འཐུན་པར་འཇུག་པ།”སོགས་སྐྱེས་བུ་དམ་པ་དེའི་རླབས་ཆེ་བའི་ངང་ཚུལ་དག་མང་ཙམ་བརྗོད་འདུག། སྐྱེས་བུ“དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས་དེ་ལ་ནད་འདྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་དང་། དབང་པོ་དང་། གཞོན་ནུའི་འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། གྲོང་པ་དང་། ཡུལ་གྱི་མི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །”སོགས་གསུངས་ཤིང་། མི་ཡི་ལུས་འདི་ནི། སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་དང་། བྲག་ཅ་ལྟ་བུ་ཡིན་པར་ངོ་སྤྲོད་པར་མཛད་ལ། འཁོར་དེ་དག་ཀྱང་། “དེ་ལྟ་བུའི་ལུས་དེ་ལ་ཡིད་བྱུང་བ་དང་སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར”མཛད་པའི་ཚུལ་ཞིབ་མོར་བྲིས་འདུག་པས་ན། བློ་སྐྱེད་ཐོན་ལ། ཡིད་འགུལ་བ། སེམས་ལ་ཕན་པ། བཀླགས་ན་དོན་ཆེ་བ་དེ་འདྲ་མཐོང་བྱུང་།
བཞི། ལེའུ་གསུམ་པའི་མིང་ལ། “ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཏང་བར་རྨས་པའི་ལེའུ”ཟེར། དེའི་ནང་དུ་སངས་རྒྱས་ཀྱི་འཁོར་དུ་འདུས་པའི་ཉན་ཐོས་ཆེན་མོ་མཆོག་བཅུ་ཡི་ལྟ་སྒོམ་སྤྱོད་གསུམ་དང་། དྲི་མེད་གྲགས་པའི་ལྟ་སྒོམ་སྤྱོད་གསུམ་འདྲ་བསྡུར་བའི་སྒོ་ནས། ཉན་ཐོས་ཀྱི་ཐེག་པ་ལས་བྱང་ཆུབ་སེམས་དཔའི་ཐེག་པ་ཁྱད་པར་དུ་འཕགས་ཚུལ་སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས། གོ་བདེ་བ་དང་། འཛིན་སླ་བ། འབུར་དུ་ཐོན་པའི་ངང་ནས་བསྟན་འདུག། མདོ་འདི་ལས་བསྟན་པའི་ཉན་ཐོས་ཆེན་མོ་མཆོག་བཅུ་ནི། ཤཱ་རའི་བུ། མཽངྒལ་གྱི་བུ། འོད་སྲུང་། རབ་འབྱོར། གང་པོ། ཀཱཏྱའི་བུ། མ་འགགས་པ། ཉེ་བར་འཁོར། སྒྲ་ཅན་ཟིན། ཀུན་དགའ་བོ་བཅས་རེད་འདུག། ཉན་ཐོས་ཆེན་མོ་འདི་དག་སངས་རྒྱས་ཀྱིས་ལི་ཙཱ་བི་དྲི་མེད་གྲགས་པ་ལ་ནད་འདྲིར་བཏང་ན་ཡང་འགྲོ་མི་སྤོབས་པའི་ཚུལ་གྱིས་རིམ་པར་གླེང་བརྗོད་བྱས་ཡོད།
དང་པོ་ཤཱ་རའི་བུ་དྲི་མེད་གྲགས་པ་ལ་བྲོ་འདྲི་བར་བཏང་ན་ཡང་། ཤཱ་རའི་བུ་སྔར་ཤིང་ཞིག་གི་དྲུང་ན་ནང་དུ་ཡང་དག་བཞག་པར་གྱུར་པ་ན། དྲི་མེད་གྲགས་པ་དེར་ཕེབས་ནས། “ཇི་ལྟར་འགོག་པ་ལས་ཀྱང་མི་ལྡང་ཞིང་སྤྱོད་ལམ་ཀུན་དུ་ཡང་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག”སོགས་གསུང་པས། ཤཱ་རའི་བུས་ཆོས་ཉིད་དེ་ཐོས་ནས་དེ་ལ་སླར་ཚིག་ལན་ལྡོན་པའི་རྔོ་མི་ཐོགས་ཤིང་ཅང་མི་མཆི་བར་འགྱུར་སོང་བས་ན། སྐྱེས་བུ་དམ་པ་དྲི་མེད་གྲགས་པ་ལ་བྲོ་འདྲི་བར་འགྲོ་མི་ཕོད་པའི་ཚུལ་གསུངས། དེ་བཞིན་དུ་མཽངྒལ་གྱི་བུ་བཏང་བ་ན། ཁོང་ཡང་མངོན་པར་འཚལ་བ་དུས་གཅིག་ན།“ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲང་ཞིག་གི་སྒོ་ན་ཁྱིམ་བདག་རྣམས་ལ་བདག་ཆོས་སྟོན་ཅིང་མཆིས་པའི་དྲུང་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མཆིས་ནས་”དྲི་མེད་གྲགས་པས“སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་རྟོག་པ་དང་སེལ་བ་མེད་པ།”སོགས་གསུངས་ཤིང་སྤོབས་པ་ཞན་པར་བྱས་སོང་ཚུལ་བཤད་ནས་འགྲོ་བར་མི་སྤྲོ། དེ་ནས་འོད་སྲུང་ཆེན་པོ་བཏང་བ་ན། ཁོང་ཡང“དབུལ་པོའི་སྲང་དུ་བསོད་སྙོམས་ལ་མཆིས་ན་”དྲི་མེད་གྲགས་པ་དེར་ཕེབས་ནས“འདི་ལྟར་སེམས་ཅན་ཆེན་པོའི་ཁྱིམ་བཀོལ་ཏེ་དབུལ་པོའི་ཁྱིམ་རྣམས་སུ་འགྲོ་བ་ནི་བཙུན་པ་འོད་སྲུང་ཆེན་པོའི་བྱམས་པ་ཕྱོགས་གཅིག་པ་ཡིན་གྱི་བཙུན་པ་འོད་སྲུང་ཆེན་པོ་ཆོས་མཉམ་པ་ཉིད་ལ་གནས་པར་བྱའོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ། །”སོགས་སྔར་བཞིན་ནོ། །དེ་ནས་རབ་འབྱོར་བཏང་བ་ན། ཁོང“ཡངས་པའི་གྲོང་ཁྱེར་ཆེན་པོར་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་བསོད་སྙོམས་ལ་མཆིས་པ་དང་།”དྲི་མེད་གྲགས་པས“བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་ཟང་ཟིང་གི་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ན་གཟོད་བསོད་སྙོམས་འདི་ལོང་ཤིག །”སོགས་སྔར་དང་འདྲ། དེ་ནས་བྱམས་པའི་བུ་གང་པོ་དྲི་མེད་གྲགས་པར་བྲོ་འདྲི་བར་བཏང་བ་ན། ཁོང་ཡང“ནགས་ཚལ་ཆེན་པོའི་ས་ཕྱོགས་ཤིག་ན་ལས་དང་པོ་པའི་དགེ་སློང་དག་ལ་ཆོས་སྟོན་ཅིང་མཆིས་པའི་ཚེ་ན”དྲི་མེད་གྲགས་པ་དེར་ཕེབས་ནས“བཙུན་པ་གང་པོ་དགེ་སློང་འདི་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་སྟོར་བ་ཤ་སྟག་སྟེ། བཙུན་པ་གང་པོ་འདི་དག་ལ་ཉན་ཐོས་ཀྱི་ཐེག་པ་མ་བསྟན་ཅིག །”སོགས་སོ། །དེ་ནས་ཀཱ་ཏྱའི་བུ་ཆེན་པོ་བཏང་བ་ན། ཁོང་གིས་ནམ་ཞིག་གི་ཚེ“བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདམས་པ་མདོར་བཀའ་སྩལ་ཏེ། མདོ་དེའི་ཚིག་གཏན་ལ་དབབ་པའི་སླད་དུ་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་གྱི་ཆོས་བསྟན་ན”དྲི་མ་མེད་པར་གྲགས་པ་དེར་ཕེབས་ནས“བཙུན་པ་ཀཱ་ཏྱའི་བུ་ཆེན་པོ་རྒྱུ་བ་དང་བཅས་པ། སྐྱེ་བ་དང་བཅས་པ་འཇིག་པ་དང་ལྡན་པའི་ཆོས་ཉིད་མ་སྟོན་ཅིག །བཙུན་པ་ཀཱ་ཏྱའི་བུ་ཆེན་པོ། གང་ཤིན་ཏུ་མ་སྐྱེས། མ་བསྐྱེད། སྐྱེད་པར་མི་འགྱུར། མ་འགགས། མི་འགག །འགག་པར་མི་འགྱུར་བ་དེ་ནི་མི་རྟག་པའི་དོན་ཏོ། །”སོགས་གསུང་ནས་ཉན་ཐོས་ཟིལ་གྱིས་མནན་པར་མཛད་པ་སོགས། དེ་ནས་མ་འགགས་པ་བྲོ་འདྲི་བར་བཏང་བ་ན། མ་འགག་པ་ཡང“འཆག་ས་ཞིག་ན་འཆག་པ་དེར་ཚངས་པ་ཆེན་པོ་དགེ་བ་བཀོད་པ་ཞེས་བགྱི་བ་ཚངས་པ་ཁྲི་དང་ལྷན་ཅིག་ཕྱོགས་དེ་སྣང་བར་བགྱིས”པའི་ཚེ། དེར་དྲི་མེད་གྲགས་པ་ལྷག་ནས“ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ན་ལྷའི་མིག་ཅན་ཏེ། དེ་དག་ནི་མཉམ་པར་གཞག་པའི་གནས་ཀྱང་མི་འདོར་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གཟིགས་ཏེ།”ཞེས་པ་ལ་སོགས་པའོ། །དེ་ནས་ཉེ་བར་འཁོར་ནད་འདྲི་བར་བཏང་བ་ན། ནམ་ཞིག་གི་ཚེ། ཁོང་ལ་དྲི་མ་མེད་པར་གྲགས་པས“ཆོས་ཐམས་ཅད་ནི་ཆུ་ཟླ་དང་གཟུགས་བརྙན་དང་འདྲ་སྟེ། སེམས་ཀུན་ཏུ་རྟོག་པ་ལས་བྱུང་བའོ། །གང་དག་གིས་དེ་ལྟར་ཤེས་པ་དེ་དག་ནི་འདུལ་བ་འཛིན་པ་ཞེས་བྱ་སྟེ། གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ལེགས་པར་བཏུལ་བའོ། །”ཞེས་སོགས་ཀྱིས་སྤོབས་པ་ཞན་པར་བྱས་པས། འགྲོ་མི་ཕོད་དོ། ། དེ་ནས་སྒྲ་ཅན་ཟིན་བཏང་བ་ན། ཁོང་གིས་ལིད་ཙ་བི་གཞོན་ནུ་མང་པོ་ཞིག་ལ་རབ་ཏུ་བྱུང་བའི་ཕན་ཡོན་སྟོན་བཞིན་ཡོད་པ་ན། དྲི་མེད་གྲགས་པ་དེར་ཡོང་ནས“བཙུན་པ་སྒྲ་གཅན་ཟིན་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་ཇི་ལྟར་ཁྱོད་སྟོན་པ་དེ་ལྟར་མི་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འབྱུང་བ་ནི་ཡོན་ཏན་མེད་ཅིང་ཕན་ཡོན་མེད་པ་ཡིན་ནོ། །བཙུན་པ་སྒྲ་གཅན་ཟིན་གང་ལ་འདུས་བྱས་འཇུག་པ་དེ་ལ་ཡོན་ཏན་དང་ཕན་ཡོན་ཡོད་མོད་ཀྱི་རབ་ཏུ་བྱུང་བ་ནི་འདུས་མ་བྱས་པར་སྦྱོར་བ་ཡིན་ཏེ། འདུས་མ་བྱས་ལ་ནི་ཡོན་ཏན་དང་ཕན་ཡོན་མེད་དོ། །”ཞེས་པ་སོགས་གསུངས་སོང་བས་འགྲོ་བར་མི་སྤྲོའོ། །དེ་ནས་ཀུན་དགའ་བོ་དྲི་མ་མེད་པར་གྲགས་པ་ལ་ནད་འདྲིར་བཏང་བ་ན། ཁོང་ནམ་ཞིག་གི་ཚེ“བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་ནས། དེ་ལ་འོ་མ་ཞིག་འཚལ་ཏེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་གི་སྒོ་དྲུང་ན་ལྷུང་བཟེད་ཐོགས་ཤིང་མཆིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ནས་”“བཙུན་པ་ཀུན་དགའ་བོ་དེ་སྐད་མ་ཟེར་ཅིག །བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟ་བུ་མཁྲེགས་པ་སྟེ། མི་དགེ་བ་ཐམས་ཅད་ཀྱི་བག་ཆགས་ནི་སྤངས། དགེ་བའི་ཆོས་ཐམས་ཅད་དང་ནི་ལྡན་པ་ཡིན་ན་དེ་ལ་སྙུན་ག་ལ་འབྱུང་། དེ་ལ་ཉམ་ང་བ་ག་ལ་ཡོད། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་པར་ཅང་མ་ཟེར་བར་སླར་སོང་ཤིག །གཞན་སུ་ལ་ཡང་དེ་སྐད་མ་སྨྲ་ཤིག །གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཀུན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ས་རེ། བཙུན་པ་ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལ་ཡང་ནད་མེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་ལྡན་པ་དེ་ལ་སྙུན་ག་ལ་མངའ་སྟེ། དེ་ནི་གནས་མེད་དོ།”ཞེས་སོགས་གསུངས་ལ། ཀུན་དགའ་བོ་ངོ་ཡང་ཚ་བར་བྱས་སོང་བས་བྲོ་འདྲི་བར་འགྲོ་མི་སྤྲོ་ཚུལ་ཞུས་འདུག། མདོར་ན་ལེའུ་འདི་ནི་མི་སྣ་དང་བྱུང་རིམ། གཏམ་གླེང་སོགས་གཟུགས་བརྙན་དང་བཅས་པའི་སྒོ་ནས་བརྩམས་གནང་འདུག་པས་སྒྲུང་གཏམ་གྱི་ཁྱད་ཆོས་མངོན་པར་ལྡན་ལ། ཐེག་ཆེན་ལུགས་ཀྱི་ལྟ་དགོངས་རྣམས་ཆེས་ངོ་མཚར་རྨད་དུ་བྱུང་བའི་སྒོ་ནས་བསྟན་གནང་ཡོད། མདོ་འདི་ཆ་ཚང་ཀློག་པར་མ་སྤྲོ་ན་ལེའུ་གཉིས་པ་དང་གསུམ་པ་བཀླགས་པས་ཆོག་པར་འདུག་བསམ་བྱུང་།