དྲིས་ལན་ཚངས་པའི་རྔ་སྒྲ། ༼དྲེགས་པ་ཅན་གྱི་ནད་གསུམ།
2024-10-29 00:31
西藏
དྲི་བ་བཅུ་དྲུག་པ།༽ ཁྱེད་ཀྱིས་ནམ་ཡང་དཔེ་ཁྲིད་གང་གི་དུས་ད་ལྟ་དྲེགས་པ་ཅན་གྱི་ནད་གསུམ་དར་ཆེ་གསུངས་པའི་སྐོར་ངོ་སྤྲོད་ཅིག་བྱེད་པར་བཀའ་དྲིན་ཆེ།
ལན། བདུད་རྩི་བུམ་པ་ལས་དྲེགས་པ་ཅན་གྱི་ནད་གསུམ་གསུངས་པ་དེང་དུས་དར་ཁྱབ་ཆེ་བའི་དུས་ཀྱི་ནད་ངན་ཐམས་ཅད་དེ་ལ་མ་འདུས་པ་མེད་པས་ཤིན་ཏུ་གལ་ཆེན་ཞིག་ཡིན་པས་ཁོ་བོས་གླེང་བ་ཡིན་ནོ། །དེ་ལ་གཅིག་ནི། རུས་ནད་ནག་པོ་མཛེ་ཡིས་ཟིན༔ གཉིས་པ། ཁྲག་ནད་དམུ་ཆུ་རྫིང་དུ་འཁྱིལ༔ གསུམ་པ། ཤ་ནད་དོན་སྙིང་གཉན་གྱིས་རྨུག༔ ཅེས་ཤིན་ཏུ་དྲེགས་པ་ཅན་གྱི་ནད་དེ།
དེ་ལ་དང་པོ་རུས་ནད་ནག་པོ་མཛེ་ཡིས་འཛིན་ཞེས་མཁྲིས་པ་དང་ཁྲག་དང་ཆུ་སེར་ལ་རིམས་སམ་གཉན་དང་། ཡང་ན་འབྱུང་པོའི་གདོན་གྱི་དུག་སྲིན་བབས་པ་རླུང་གིས་བྱེར་བས་རུས་པར་བབས་པའི་ཆུ་སེར་ནག་པོའི་མཛེ་ཡི་ནད་ཅེས་དེ་ལ་ཉེས་གསུམ་ལྡན་འདུས་ཀྱི་ཤས་ཆེ་ཆུང་གིས་ཚ་གྲང་། ན་ཚུལ། རྟགས་བཅོས་སོགས་ཅུང་ཙམ་ཁྱད་པར་ཡོད་དེ། ལ་ལ་ཁྲག་དང་ཆུ་སེར་བྱེར་བས་སྐམ་པ་དང་། ལ་ལ་ཁྲག་དང་ཆུ་སེར་རྒྱས་པ་དང་། ལ་ལ་ཁྲག་དང་ཆུ་སེར་རུལ་ནས་བྱེར་བས་རུས་པ་ནག་པོར་གྱུར་པ་དང་། ལ་ལ་ཚིགས་རྣམས་ཕྱིར་འབུར་བ་དང་། ལ་ལ་ནང་དུ་གུག་པ་དང་། ལ་ལ་ཚིགས་འཐོར་བ་དང་། ལ་ལ་ཚིགས་འབྱར་བ་དང་། ལ་ལ་རུས་པ་ལྷག་ཏུ་སྐྱེ་བ་དང་། ལ་ལ་ཆག་པ་དང་། ལ་ལ་གས་པ་དང་། ལ་ལ་རུས་པ་ཁོལ་ཁོལ་དུ་ཟ་བ་སོགས་ན་ཚུལ་མི་འདྲ་བ་མང་སྟེ། རྟགས་བཅོས་གཉིས་ལོག་པར་གྱུར་ཏེ། ནད་ཚ་བ་ལ་རྟགས་གྲང་བ་དང་། ནད་གྲང་བ་ལ་རྟགས་ཚ་བ་དང་། བཟང་སྨན་དང་རིན་པོའི་ཆེའི་རིགས་ནད་ཀྱི་གྲོགས་དང་ནད་པའི་གཤེད་དུ་གྱུར་པ། འགའ་རེ་བཅོས་ཐུབ་པ་དང་འགའ་རེ་ཡེ་ནས་བཅོས་ཐབས་མེད་པའོ། །དེ་ལ་གཞུང་ལག་ལེན་སྤྱི་དང་ཁྱད་པར་ཏུ་ནད་འདི་རིགས་ལ་མཁས་ཤིང་གོམས་པ་མན་ངག་གི་གནད་ཡོད་པའི་སྨན་པ་རེ་ཟུང་ཙམ་གྱིས་བཅོས་ཐུབ་པ་དང་། མིང་ཡོད་ལ་དོན་མེད་པའི་སྨན་པ་རྣམས་ཀྱིས་ནད་འདིའི་ཕྱོགས་ཙམ་མི་ཤེས་པས་བཅོས་དང་དཔྱད་ལོག་གིས་སྲོག་འདོར་བར་བྱེད་དོ། །གཉིས་པ་ཁྲག་ནད་དམུ་ཆུ་རྫིང་དུ་འཁྱིལ་གསུངས་པ་སྟེ། རིམས་ཀྱི་བལ་ནད་ཀྱི་འབྱུང་པོའི་གདོན་སྤྱི་དང་། ཁྱད་པར་མོ་གདོན་གྱི་དུག་སྲིན་སོགས་རོ་རྐྱང་གི་ལམ་སོགས་ནས་ཕལ་ཆེར་མཆིན་མཆེར་ལ་བབས་པས་ཟུངས་ཁྲག་དང་ཟུངས་ཆུའི་དྭངས་སྙིགས་རྣམས་བསྲུལ་བས་གནོད་བྱ་དང་གནོད་བྱེད་ཀུན་འཁྲུགས་པའི་རིམས་ནད་དེ་རང་བཞིན་བདུན་དང་ན་སོ་ཡུལ་དུས་ནད་ཁམས་དུས་དང་ཟས་སྤྱོད་དང་། ཁྱད་པར་གདོན་གྱི་ནད་དུག་གི་ཤུགས་ཆེ་ཆུང་གིས་ནད་ཁམས་དང་ཚ་གྲང་དང་ན་ཚུལ་དང་བཅོས་ཐུབ་མིན་མི་འདྲ་བ་སྣ་ཚོགས་ཡོད་དེ། ཁྲག་འཕེལ་ཟད་དང་གར་སླ་དང་། ལམ་ལོག་པར་རྒྱུ་བ་དང་དྭངས་སྙིགས་ཀྱི་རྒྱུ་ལམ་རྣམས་འགག་པ་དང་། རྩ་ཆད་པ་དང་ཟླ་མཚན་མི་སྙོམས་པ་དང་། བྱེར་བ་དང་གནས་གཅིག་ཏུ་འདྲིལ་བ་དང་། སྐྲན་དུ་ཆགས་པ་དང་། བུ་ག་དགུ་ནས་ཁྲག་རྡོལ་བ་སོགས་བློ་ཡུལ་ལ་མི་ཆུད་པའི་ནད་རྟགས་དང་ན་ཚུལ་འཆི་ཚུལ་མི་འདྲ་བ་སྟེ། ཡན་ལག་ལ་བབས་པས་རེངས་འཁུམས་ཞ་བ་དང་། མགོ་ལ་བྱེར་བས་ཀླད་རྩ་ཆད་པ། ལྤགས་ལ་བབས་ན་ལྤགས་མདོག་དམར་སྨུག་ནག་པོར་གྱུར་པ། པགས་རུལ་མྱག་ཏུ་གྱུར་པ་དང་། ཁྲག་ཐོར་དང་མེ་དབལ་བྱེད་པ་དང་། ནང་ཤ་རུས་རྐང་དང་དོན་སྣོད་གང་དུ་བབས་ན་ནད་དུག་གི་ཁྲག་ངན་གྱིས་བསྲུལ་བ་དང་། རྩ་ཆད་པ་དང་། ཁྲག་བཤལ་སྐྱུགས་བྱེད་པ་དང་། ཁྱད་པར་དུ་མཆིན་པའི་ཁྲག་ལ་བབས་པས་བད་ཀན་གྱི་སྣུམ་པ་རྒྱས་པས་མཆིན་པ་ལ་ཚིལ་སྣུམ་གྱིས་ཁྱབ་པ་དང་། རླུང་གིས་བྱེར་བས་སྐྱ་རྦབ་དང་འོར་དམུ་ཆུ་རྐང་བམ་དང་དྲེག་གྲུམ་དུ་ན་ཡང་དེ་དག་གི་གཉེན་པོའི་སྨན་བཅོས་རྒྱུད་ལྟར་གང་བྱས་ཀྱང་ཕན་པ་མེད་དེ། དེ་ལ་དགོས་ཀྱི་གཉེན་པོའི་འཕྲུལ་མ་ཤེས་ན་དཔྱད་དང་བཅོས་ཐབས་གང་བྱས་ནད་ཀྱི་གྲོགས་སུ་འགྱུར་བ་ཡིན་ནོ། །
གསུམ་པ་ཤ་ནད་དོན་སྣོད་གཉན་གྱིས་རྨུག་ཅེས་ཤ་ནི་འབྱུང་བ་ས་ཡི་ཁམས་ཡིན་ཏེ། ཕྱི་ནང་སྣོད་བཅུད་ཀྱི་གཟུགས་ཅན་གཟུགས་མེད་ཀུན་འབྱུང་བ་བཞི་ལ་རྟེན་པའི་འབྱུང་བ་སའི་ཁམས་ཀྱི་གདོན་གྱི་ནད་དུག་སེམས་ཅན་གང་གི་འབྱུང་བ་ས་སོགས་འབྱུང་བ་རང་མཐུན་ལ་ཕལ་ཆེར་བབས་པའི་ཤ་ལ་འབྱུང་པོའི་གདོན་གྱི་གཉན་སྲིན་ནང་ལུས་ཀྱི་གཉན་པའི་སྲིན་ལ་བབས་པ་ཤ་ལ་རྒྱས་པའི་གཉན་ནད་དོན་སྣོད་སོགས་ལ་དུག་སྲིན་གྱིས་རྨུག་པའི་ནད་ཡིན་ནོ། །དེ་ལ་གག་ལྷོག་གཉིས་མན་ངག་རྒྱུད་ནས་གསུངས་པ་གཉན་དུག་གིས་རྨུག་པའི་ནད་ཀྱི་རྟགས་བཅོས་གསུངས་ཟིན་པ་ཕལ་ཆེར་འདས་དང་ད་ལྟ་གནས་པའི་གཉན་ལ་འཐུས་ཀྱང་། ད་ལྟ་གསར་བྱུང་གི་གཉན་ནད་རེ་ཟུང་དང་། མ་འོངས་པའི་གཉན་ནད་སྐྱི་གཡའ་བ་སོགས་འདས་ཟིན་པའི་རྟགས་བཅོས་ཀྱིས་མི་འཐུས་ལ། དུས་རབས་རེ་རེ་ནས་མི་རྣམས་ཀྱི་རང་བྱས་ཀྱི་འབྲས་བུ་ངན་པས་མི་སོགས་སེམས་ཅན་ཀུན་ནད་འདི་རིགས་ཀྱིས་འགུམ་པ་ཡིན་ཏེ། བདུད་རྩི་བུམ་པའི་རྒྱུད་ལས། གཉན་ནད་ནག་པོས་འཛམ་གླིང་བཞི་གསུམ་འཇོམས༔ ཞེས་གསུངས་པ་ལྟར་རོ། །དེ་ལ་ཡང་སྔོན་གྱི་གག་ལྷོག་གི་ཁོངས་གཏོགས་གཉན་རིགས་སོགས་དང་མི་འདྲ་བ་རེ་ཟུང་བྱུང་ཟིན་ཏེ། ཤིན་ཏུ་སྟོབས་ཆེ་བའི་རྨེན་ནད་དང་འབྲས་དང་ལྦ་བའི་ནད་དང་། དོན་སྣོད་གང་གི་ཤ་སྐྱེ་བའི་སྐྲན་སྲ་བ་དང་ཤ་རལ་བ་དང་བུག་པ་དང་འཛེར་ཐབས་སུ་སྐྱེ་བ་སོགས་ནད་རྟགས་མ་ངེས་པ་སྔོན་བསྟན་ཟིན་པའི་གཉན་སྨན་སོགས་ཀྱི་ཕན་པ་མེད་པའི་ནད་རིགས་ཀྱིས་ཐེབ་ཚད་འཆི་བ་འཛམ་གླིང་གིས་བཅོས་མི་ཐུབ་པ་མང་དུ་ཡོད་དོ། །དེ་དག་ལ་གནོད་བྱེད་དུག་སྲིན་གྱི་རིགས་གྲངས་ལས་འདས་པ་སོ་སོའི་སྐྱེ་བོས་དཔྱད་མི་ཐུབ་པ་དང་། གནོད་བྱ་རུས་པ་ཁྲག་ཤ་གསུམ་ལ་ནད་དུག་མི་འདྲ་བ་ཅི་རིགས་བབས་པས་ཤིན་ཏུ་གཉན་པའི་དྲེགས་པ་ཅན་གྱི་ནད་གསུམ་གསུངས་སོ། །