༧མཁས་དབང་སྟག་བླ་ནོར་བུའི་སྨན་རྩིས་དང་འབྲེལ་བའི་གཞུང་ལུགས་ལག་ལེན།

2024-10-19 16:58   西藏  

༄༅། །སྨན་རྩིས་མཁས་དབང་སྟག་བླ་ནོར་བུ་འཇིགས་མེད་ཐུབ་བསྟན་རྣམ་རྒྱལ་གྱི་སྨན་རྩིས་དང་འབྲེལ་བའི་གཞུང་ལུགས་ལག་ལེན་གྱི་ཁྱད་ཆོས་རོབ་ཙམ་གླེང་བ།

བ་རོད་ཐུབ་བསྟན་བསྟན་པའི་རྒྱལ་མཚན།  མགོ་ལོག །

མུ་འགོད། 


ས་བཅད་གཉིས་པ། ངོས་འཛིན་རིག་པ་དང་འབྲེལ་བའི་ཁྱད་ཆོས།


དེ་ཡང་བོད་ལུགས་གསོ་བ་རིག་པའི་ངོས་འཛིན་རྟགས་ཀྱི་སྐོར་ལ། མཇུག་དོན་ལས། ངོས་བཟུང་རྟགས་ལ་སྟོང་དང་ཉིས་བརྒྱ་ཡང་། །[P.651]ཞེས་དང་། བལྟ་རེག་དྲི་བར་མ་འདུས་བརྟག་ཐབས་མེད། །[P.651]ཅེས་དང་། རྩ་བ་ཐུགས་རྒྱུད་ལས། ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །[P.11]ཞེས་མང་དུ་ཕྱེས་ཀྱང་བསྡུ་ན་མཐོང་བ་ཡུལ་རིག་དང་། དཔྱོད་པ་དོན་རིག །ཐོས་པ་སྒྲ་རིག་གསུམ་དུ་འདུ་བར་བསྟན་པ་ལ། དེང་སང་སྙིགས་དུས་འདིར་ནད་ཀྱི་བསྐལ་བ་ཤིན་ཏུ་བདོ་བའི་སྒང་ཡིན་པས་སྨན་པའི་གམ་དུ་ཉིན་རེར་ནད་པ་བརྒྱ་ཕྲག་དུ་མར་རྩ་བལྟ་སྨན་སློང་གི་ཆེད་དུ་ལྷགས་ཚེ་རྒྱུད་ལྟར་བརྟག་ཐབས་སོགས་ཆོ་ག་ཚུལ་བཞིན་བྱེད་པའི་ལོང་མེད་ཅིང་། ལྷག་པར་གནའ་དུས་གཞི་རྩ་སོགས་དྲིས་ཚེ་སུས་ཀྱང་ཤེས་མོད་དེང་སྐབས་ཤེས་མཁན་དཀོན་པས། གཞི་རྩ་མ་རྟོགས་ཁ་དམར་ལོག་པར་འགྲོ །ཕོ་མོ་བུ་རྩ་མ་ཤེས་ཚ་བར་འཁྲུལ། །བྱང་ཆུབ་སེམས་རྩ་གྲང་བར་འཁྲུལ་བ་དང་། །མ་ཚང་གཅོད་སྡོད་འཆི་རྩར་འཁྲུལ་བ་ཡོད། །ཅེས་གསུངས་པ་ལྟར་ནད་ངོས་ལོག་པར་བཟུང་བས་གཉེན་པོ་གང་བྱས་འགྲོ་བའི་ཚེ་སྲོག་གི་གཤེད་དུ་འགྱུར་བ་དང་། དེས་ན་སྤྱིར་མངོན་ཤེས་སྒྲུབ་པའི་མན་ངག་སྤྱི་དང་ཁྱད་པར་སྟག་མའི་བུ་ཆུང་དང་། སྨན་གྱི་ལྷ་མོ་སྤུན་གསུམ། དྲང་སྲོང་སེར་སྐྱ། ཨ་མོ་ལི་ཀ་སོགས་དུ་མ་ཡོད་ཀྱང་སྙིགས་དུས་འདིར་བསྒྲུབས་ཏེ་གྲུབ་པ་དཀའ་བ་དང་། གཞན་ནད་འོལ་སྤྱི་ཙམ་ངོས་ཟིན་ཀྱང་ཀུན་བཏགས་གཞན་དབང་ཡོངས་གྲུབ་ལྟར་སྣང་བཞི་ལས་གང་ཡིན་མིན་སྤྱིར་བཏང་གི་བརྟག་ཐབས་ཙམ་གྱིས་ཇི་བཞིན་མི་ཤེས་པས། དེ་ལ་སྡེ་སྲིད་རིན་པོ་ཆེས། གཡུང་དྲུང་བོན་གྱི་མོ་དང་། དགོངས་འདུས་མཁའ་འགྲོ་སྡེ་ལྔའི་མོ། བཻ་དཀར་མ་བུ་ལས་ཇི་ལྟར་བཤད་པ་ལྟར་ཤེས་བྱའོ། །ཞེས་གསུངས་མོད། སྙིགས་དུས་སྐྱེ་བོ་འདོད་ཐག་ཉེ་བས་དེ་དག་ཀྱང་ཚུལ་བཞིན་བསྒྲུབས་པ་དཀོན། དེ་ཕྱིར་རྒྱལ་དབང་པདྨ་ཀཱ་རས་སྙིགས་དུས་འགྲོ་བ་སྤྱི་ལ་དགོངས་ཏེ་ཟབ་ཆོས་ཀྱི་གཏེར་ཁས་བོད་ཁམས་བྱུར་བར་གཏམས་པ་ལས། རྩ་ཆུ་སོགས་ལ་མ་ལྟོས་པར་ནད་ཀྱི་ཚ་གྲང་དང་། ཀུན་བཏགས་གཞན་དབང་ཡོངས་གྲུབ་ལྟར་སྣང་གི་ཁྱད་པར། གཉེན་པོ་གང་འཚམ་སོགས་ཚེགས་ཆུང་ངུའི་རྟོགས་པར་བྱེད་པའི་གདམས་པ་རྨད་དུ་བྱུང་བ་བདག་ཅག་གི་སྟོན་པའི་བཀའ་མདོ་རྒྱུད་དང་། གསོ་དཔྱད་ཀྱི་རྒྱུད། གཙུག་ལག་རྩིས་ཀྱི་རིག་པ་སོགས་ཟུང་དུ་འཇུག་པའི་བརྟག་ཐབས་རྡོ་ཐོ་ལེ་ཀོར་གྱི་སྨན་གྱི་མོ་པྲ་ཞེས་པ། ལྷ་སྲས་མུ་ཏིག་བཙན་པོ་དང་། མངའ་བདག་ཁྲི་རལ། གསང་བདག་ཇོ་ཚེ། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་ཀྱི་རྣམ་འཕྲུལ་དུ་བསྔགས་པ་དུས་བབས་སྤྲུལ་པའི་གཏེར་འབྱིན་ཆེན་པོ་ཨ་པང་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་ཐུགས་ཆེན་པད་ཕྲེང་གི་ལས་མཐར་བཞུགས་པ་དེ་ཉིད། སྨན་རྩིས་སྟག་བླ་ནོར་བུ་ཁོང་གིས་བགྲང་བྱ་དུ་མར་ཡི་དམ་ལྷག་པའི་ལྷ་མཆོག་འཕགས་པ་ཐུགས་རྗེ་ཆེན་པོ་ཡི་དམ་གྱི་མཐིལ་དུ་བཟུང་སྟེ་མ་ཎི་དུང་ཕྱུར་བཅུ་གསུམ་ཞལ་བཟླས་མཛད་པས་གྲུབ་པའི་མཚན་མར་དགུན་དུས་ཨུཏྤལ་དཀར་པོ་མཆོད་སྟེགས་སུ་སྐྱེས་པ་དང་། སྒྲུབ་ཁང་གི་བྲག་ངོས་ལ་ཧྲཱིཿཡིག་རང་བྱུང་བྱོན་པ། དངོས་ཉམས་རྨི་ལམ་དུ་འཕགས་པའི་དགྱེས་ཞལ་དུ་མར་གཟིགས་ཏེ་གདམས་པ་འདི་ཉིད་ཁོང་ལ་དངོས་སུ་གནང་བ་སྟེ། ཉིད་ཀྱི་གསུང་ལས། འགྲོ་བའི་ནད་པའི་དོན་སྒྲུབ་པ་ལ་སྨོན་ཀྱང་ཤེས་རབ་ཞན་པ་དང་། མངོན་ཤེས་མེད་པའི་སྐྱོན་གྱིས་ནད་རིགས་བཞི་བརྒྱ་རྩ་བཞི་སྤྱི་དང་། བཅོས་དགོས་བརྒྱ་རྩ་ངོས་མ་ཟིན་པས། ཆེད་དུ་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་སྨན་གྱི་མོ་པྲ་མདོར་བསྡུས་འབྲི། [P.204]ཞེས་གསུངས་པ་ལྟར་རོ། །ཕྱིས་ཨ་པང་གཏེར་ཆེན་གྱིས་དགྱེས་ཚོར་ཆེན་པོས་གདམས་པ་འདི་ཉིད་ཐུགས་ཆེན་པད་ཕྲེང་གི་ལས་མཐའ་ཡིན་ཡང་ཁྱེད་ཀྱིས་བཀྲལ་ཟིན་འདུག་པས་གཏེར་སྒྲོམ་ཡང་ཁྱོད་ལ་གཏད་ཅེས་གསུངས། དེས་ན་འདི་ནི་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཐོན་པའི་མན་ངག་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོས་སྙིགས་དུས་འདིར་དུས་བབས་ཀྱི་ཟབ་ཆོས་སུ་གདམས་པའི་མན་ངག་ཁྱད་དུ་འཕགས་པ་ཉིད་དོ། །གཞན་ཡང་རྡོ་ཐོ་ལེ་ཀོར་གྱི་སྨན་མོ་བཏབ་ཚུལ་འདི་ཉིད་སྔར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣམ་ཐར་དུ་ཡོད་ཚུལ་གསལ་བ་དང་། འཕགས་པ་སྤྱན་རས་གཟིགས་ཕྱི་ནང་ཐུན་མོང་གི་སྟོན་པའི་ཚུལ་བཟུང་བ་ལྷ་ཆེན་དབང་ཕྱུག་ཆེན་པོས་མ་ཏི་ཙི་ཏྲར་ཐོ་ལེ་ཀོར་གྱི་མན་ངག་གནང་བའི་ལོ་རྒྱུས་སོགས་ཀྱང་ཡོད་པས་མཁས་བླུན་སུས་ཀྱང་གོ་སླ་ལ་སྤྱོད་བདེ་བའི་ལྐོག་གྱུར་ལུང་དུ་སྟོན་པའི་གདམས་པ་གངས་ལྗོངས་འདིར་སྔར་ཡོངས་སུ་མ་གྲགས་པའི་བརྟག་ཐབས་ཀྱི་མན་ངག་ཐུན་མོང་མ་ཡིན་པ་སྟེ། དེ་ལ་ཐོག་མར་གདམས་པ་འདིའི་དབང་ལུང་ཁྲིད་གསུམ་རྫོགས་པར་མནོས་རྗེས་རྡོ་ཐོ་ལེ་ཀོར་གྱི་སྨན་མོའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཀྱི་སྒོ་ནས་བསྙེན་སྒྲུབ་ཚུལ་བཞིན་བགྱིད་པ་དང་། མཐར་གདམས་པ་འདིའི་དམ་ཚིག་ལ་གནས་པ་གཞིར་བཞག་ཐོག་ལས་སྦྱོར་དངོས་ལ་འཇུག་པ་སྟེ། དེ་ཡང་རྡོ་ཐོ་ལེ་ཀོར་ཟུར་བཞི་པ་ཞིག་གི་ངོས་བཞིར་གཡས་སྐོར་དུ་རིམ་བཞིན་ཕ་ཀ་ཡ་ཞ་བཞི་བྲིས་པ་གཅིག་དང་། ཡང་ཟུར་ལྔ་པ་ཞིག་གི་ངོས་ལ་ཡང་ཤ་མ་ས་ཅ་ཆ་རྣམས་བྲིས་པ་གཉིས་པོར་བུག་པ་བྱས་ཏེ་ཐ་གུ་སྦོམ་ཕྲ་རན་པར་བརྒྱུས་ནས་སྟོད་དུ་གདུགས་ཆུང་ངུ་བཟོས་ཏེ་ཏོག་དང་ལྡན་པར་བྱས་ལ་དེར་རྟོད། ཐོ་ལོ་ཀེར་གྱི་ཞོལ་དུ་རིགས་མཐུན་གྱི་ཚར་ལོ་འདོགས་ལ་མཛེས་ཆོས་བྱ། དེ་ནས་དེ་ཉིད་ལག་ཏུ་ཐོགས་ནས་མདུན་སྐྱེད་གསལ་བཏབ་ལ་མོ་བརྡར་བྱས་ཏེ་རྡོ་ཐོ་ལེ་ཀོར་གཉིས་ནམ་མཁར་བསྒྲིལ་བས། རྡོ་དང་པོ་དེར། ཕ་བབས་ཕྲལ་བྱུང་རྐྱེན་གྱི་ནད་དང་། ཀ་བབས་ཀུན་བཏགས་གདོན་གྱི་ནད། ཡ་བབས་ཡོངས་གྲུབ་ཚེ་ཡི་ནད། ཞ་བབས་གཞན་དབང་སྔོན་ལས་ཀྱི་ནད་དེ་ལྟར་གང་ཡིན་ངེས་རྗེས་བྱེ་བྲག་རྡོ་གཉིས་པར་བརྟགས་ཏེ། ཤ་བབས་ཤིང་ཁམས་རླུང་གི་ནད་དང་། མ་བབས་མེ་ཁམས་ཚད་པའི་ནད། ས་བབས་ས་ཁམས་མཆེར་བའི་ནད། ཅ་བབས་ལྕགས་ཁམས་རུས་པའི་ནད། ཆུ་བབས་ཆུ་ཁམས་གྲང་བའི་ནད་ཡིན་པ་སོགས་ཀྱི་རྗེས་སུ་དཔགས་ཏེ་བདུད་རྩི་སྨན་གྱི་མོ་པྲ་དྭངས་གསལ་མེ་ལོང་དང་། སྨན་གྱི་མོ་པྲ་དྭངས་གསལ་མེ་ལོང་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ། རྡོ་ཐོ་ལེ་ཀོར་གྱི་སྨན་མོའི་ཆ་ལག་གཅེས་བཏུས། རྡོ་ཐོ་ལེ་ཀོར་གྱི་སྨན་མོའི་ལེ་ཚན་མན་ངག་གནད་ཀྱི་ལག་ལེན་བཅས་ལ་ལྟ་རྟོག་ཐེམ་པར་བྱས་རྗེས་འདི་དང་རྩ་བཤད་མན་ངག་ཕྱི་མའི་རྒྱུད་རྣམས་སུ་བསྟན་པའི་བརྟག་བཅོས་སོགས་ལ་རིགས་པས་འཕྲུལ་བས་དུས་མིན་འཆི་བའི་འཇིགས་ལས་བསྐྱབ་ནུས་པར་གདོད་མི་ཟ་བ་བསླུ་མེད་རྒྱལ་བའི་བདེན་གསུང་གི་དབྱར་རྔ་ཆེན་པོའོ། །གཞན་ཡང་མངོན་ཤེས་རྡོ་དང་ལ་ཉེའི་བརྟག་པ་སོགས་རྣོ་ལ་ཐིག་པའི་མན་ངག་གི་ཁྱད་ཆོས་གཞན་ཡང་མང་དུ་བཞུགས་པ་སོགས་ནི་བོད་ལུགས་གསོ་རིག་གི་ངོས་འཛིན་རྟགས་དང་འབྲེལ་བའི་སྔར་མེད་ཀྱི་ལེགས་བཤད་དང་ཁ་སྐོང་གསར་བ་ཞིག་དང་། གཙུག་ལག་རྩིས་ཀྱི་སྐོར་ལའང་གསོན་པོར་ཁྱིམ་ཕྱྭ་བདེ་མིན་དང་། ནད་པ་འཚོ་འཆི། ནད་མེད་ཀྱི་ཚེ་ཚད། དར་རྒུད། བོར་སྟོར་རྙེད་མིན། གཡུལ་ཕམ་རྒྱལ། གཤིན་པོ་རྣམས་ལའང་རྣམ་སྨིན་གྱིས་སྐྱེ་གནས་གསལ་བོར་ལུང་བསྟན་པ་སོགས་དང་། ཁྱད་པར་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་ཐུགས་སུ་ཆུད་པས་རྩིས་རིགས་སྨྲ་བའི་མཁས་དབང་འདི་ལྟ་བུ་གངས་ལྗོངས་སུ་རེ་ཟུང་ཙམ་ལས་བྱོན་པ་མ་ཐོས་སོ། །


达瓦诺琼平台
欢迎大家来到我的平台
 最新文章