༧ ༈ བླ་མ་དེའི་སློབ་མ་ནི།
ཕ་བ་རྒྱལ་གཟིགས་གསས་ཆུང་གི་ལོ་རྒྱུས་ལ་ལྔ།
དང་པོ་ལོ་རྒྱུས་ནི།
རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་སྲུང་ནི།
ཡ་ངལ་གསས་རྒྱལ་དང་ཐོད་དཀར་སྨན་སྐྱིད་གཉིས་ཡིན།
བླ་མཆོད་རྒྱལ་ཏིག་གསས་ཆུང་ཡིན།
དུས་དེར་གྱེར་སྤུངས་ཆེན་པོ་སྣང་བཞེར་ལོད་པོས།
ཞང་ཞུང་ཁྲི་སྡེའི་མི་ལ་སྣོད་བརྟགས་པས།
དམུ་ཙོག་གེ་བུ་ཆུང་ལོ་གསུམ་པ་གཅིག་དང་།
ཕ་ཝ་རྒྱལ་ཏིག་གསས་ཆུང་ལོ་བདུན་ཅུ་དོན་གསུམ་པ་ལས་མ་རྙེད། རྒྱལ་གཟིགས་གསས་ཆུང་དེ་ནི།
མཚན་ཉིད་ཐམས་ཅད་མ་རྨོངས་པར་མཁྱེན་པས།
ཚོགས་གསོག་པའི་ཡན་ལག་ཐམས་ཅད་ལ་མཁས་པ།
གེ་མ་སང་གི་བུ་འམ། ཤ་ཟན་སྲིན་པོའི་བུ་འམ།
ཁྲོ་ཆུའི་བྲག་ལྟ་བུ་ཞིག་བཞུགས།
དབང་ནི་ས་བདག་རྒྱལ་པོས་ཀྱང་བསྒྱུར་མི་བཏུབ་པ།
བསླུ་རུ་ལྷའི་བུ་མོས་ཀྱང་མི་ཁུགས་པ།
རྫས་གཏོང་ཕོད་ཆེ་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཞིག་བཞུགས་སོ།། གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས།
བཀའ་དྲིན་ཅན་གྱི་བླ་མ་དང་ཅི་ལྟར་མཇལ་ན།
གྱེར་སྤུངས་ཆེན་པོ་སྣང་བཞེར་ལོད་པོས།
ལོ་ལྔ་རུ་ཕྱི་མཚམས་བཅད་ནས།
གྲོ་གའི་སྦུ་གུ་ལ་ཞལ་གཟུགས་ནས་སྙན་དུ་དགོངས་པས་བརྒྱུད་དོ།།
དེར་ཆུང་མ་རོག་ཤུད་ཟ་དགེ་མ་དང་།
བུ་ཚ་མིང་སྲིང་གསུམ་བོར་ནས་འཕྲིང་ཆགས་མེད་པར་བྱས་སོ།།གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བཞུགས་པ་ནི།
གནས་མེ་རྒྱུང་དཀར་ནག་བྱ་བ།
བྱིན་གྱིས་བརླབས་པའི་གནས་དེར་བཞུགས་ཏེ།
རྟེན་པའི་ཚེ་ནི་སུམ་བརྒྱ་དང་བདུན་ཅུ་བཞུགས་སོ།
།བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
སྐུ་ལུས་ཁྱད་པར་ཅན་གཟི་བྱིན་མཚན་དང་ལྡན་ཞིང་།
གཞན་གྱི་ཡིད་དུ་འོང་པ་དང་། གསུང་ཁྱད་པར་ཅན་གྱིས་གཞན་བཀའ་ཉན་པའི་ངག་གི་ནུས་པ་དང་ལྡན་ཞིང་།
ཐུགས་ཀྱིས་བསྒྲུབས་པའི་སྔགས་ཀྱི་ཐེག་པ་ལ།
གསང་སྔགས་ཐིས་སྔགས་རིགས་སྔགས་གསུམ་ཤིན་ཏུ་གྲུབ་པའི་རྟགས་མངོན་དུ་གྲུབ་པས།
མཆོག་ཐུན་མོང་གི་དངོས་གྲུབ་ཅི་སྙེད་ཅིང་མངའ་བ་ལགས་སོ།།
ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི།
བླ་མས་ཉམས་ཀྱི་མན་ངག་བཏབ་ནས།
ལོ་གཅིག་ནས་ཡར་སངས་རྒྱས་ལ་རེ་མི་ཆེ་བ།
མར་སེམས་ཅན་ལ་དོགས་མི་ཚ་བར་རྟོགས་སོ།
༈ བླ་མ་དེའི་སློབ་མ་ནི། དམུ་ཙོག་གེའི་ལོ་རྒྱུས་ལ་ལྔ།
དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི།
གདུང་རུས་གུ་རིབ། ཡབ་ནི་གུ་རིབ་གྱེར་རྒྱུང་དང་།
ཡུམ་ནི་སྙ་མོ་ལྕམ་གཅིག་བྱ་བ་ཡིན།
གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས།
བཀའ་དྲིན་ཅན་གྱི་བླ་མ་དང་ཅི་ལྟར་མཇལ་ན།
ཕ་ཝ་རྒྱལ་ཏིག་གསས་ཆུང་དང་མཇལ་ནས།
བཅུ་དགུ་པ་ལ་གདམས་ངག་བཏབ་བོ།།
གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བཞུགས་པ་ནི།
ཕ་ཝ་སྟག་སླག་ཅན་བྱ་བ།
གཡེན་ཁམས་འདུལ་བའི་གྲུབ་ཐོབ་རྣམས་འཚོགས་པའི་ས།
བྱིན་གྱིས་བརླབས་པའི་གནས་དེར་བཞུགས་སོ།
།བརྟེན་པའི་ཚེ་ནི་བརྒྱ་དང་བདུན་ཅུ་དོན་གཅིག་བཞུགས་སོ།
།བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
དྲིན་ཅན་བླ་མ་དང་མཉམ་པ་ལགས་སོ།
།ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི།
བླ་མས་ཉམས་ཀྱི་གདམས་ངག་བཏབ་ནས་ཟླ་བ་ལྔ་ནས་གདེང་ཐོབ་བོ།
།འཁོར་བ་སྤངས།
སངས་རྒྱས་ཀྱི་དགོངས་པ་ཐུགས་སུ་ཆུད་པ་ལགས་སོ།
༈ བླ་མ་དེའི་སློབ་མ་ནི། དམུ་ཙོ་སྟངས་ཀྱི་ལོ་རྒྱུས་ལ་ལྔ།
དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི།
གདུང་རུས་ནི་གུ་རིབ་ཡབ་གུ་རིབ་སྟོན་པ་རྒྱུང་ངེ་དང་།
ཡུམ་རོག་ཤུད་ཟ་ཨ་ལོ་སྨན་བྱ་བ་ཡིན་ནོ། །
གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས།
བཀའ་དྲིན་ཅན་གྱི་བླ་མ་དང་ཅི་ལྟར་མཇལ་ན།
བླ་མ་དམུ་ཙོག་གེ་དང་མཇལ་ནས།
བཞི་བཅུ་ཞེ་བདུན་པ་ལ་གདམས་ངག་གནང་བ་ལགས་སོ།
།གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། ཤངས་ཤེལ་རོང་བྱ་བ་བྱིན་གྱིས་བརླབས་པའི་གནས་དེར་བཞུགས།
བརྟེན་པའི་ཚེ་ནི་བརྒྱ་དང་བཅུ་གསུམ་བཞུགས་སོ།
།བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ཀ་མ་རྨོངས་པར་མངའ་བསྙེམས་པ་ལགས་སོ།
།ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི།
གདམས་ངག་བཏབ་ནས་ཞག་བཞི་བཅུ་ལ། བཅུ་ཕར་ཚུར་ལ་ཡེངས། ཟླ་བ་གཅིག་ནས་རྟོགས་ནས་གྲོལ་བ་ལགས་སོ།
༈ བླ་མ་དེའི་སློབ་མ་ནི། དམུ་ཤོད་ཏྲམ་ཆེན་པོའི་ལོ་རྒྱུས་ལ་ལྔ།
དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི།
གདུང་རུས་གུ་རིབ་ཡིན་ཏེ། ཡབ་ནི་གུ་རིབ་ཁྲོ་རྒྱལ་དང་།
ཡུམ་ནི་ར་མོ་ལུ་གུ་བྱ་བ་ཡིན།
གཉིས་པ་ལས་འཕྲོ་དང་སྐལ་པ་ལྡན་པས།
བཀའ་དྲིན་ཅན་གྱི་བླ་མ་དང་ཇི་ལྟར་མཇལ་ན།
དམུ་ཤོད་ཏྲམ་ནི། བླ་མ་དམུ་ཙོག་གེའི་ཡབ་ཀྱི་མཆེད་པོ་ཡིན་ཏེ།
དེ་ཡང་བཞི་བཅུ་པ་ལ་ཞེན་པ་ལོག་ནས།
བླ་མ་དམུ་ཙོ་སྟངས་ལ་ཞིང་ཁལ་ལྔ་ཐོག་དང་བཅས་པ་ཕུལ་ནས། གདམས་ངག་ཞུས་པས་ཐུགས་ལ་བཏགས་སོ།།
གསུམ་པ་ས་གནས་ཁྱད་པར་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། གངས་སྟ་རྒོ་བྱ་བ་བྱིན་གྱིས་བརླབས་པའི་གནས།
ཉི་མ་ལུང་གི་གཡོན་ངོས། ཕ་བོང་ངར་བ་དེར་བཞུགས།
བརྟེན་པའི་ཚེ་ནི་བརྒྱ་དང་བཅུ་བདུན་བཞུགས་སོ།
།བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
རྩལ་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་ལགས་སོ།།
ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི།
གདམས་ངག་བཏབ་ནས་ཞག་བཅུ་བདུན་ནས། སྐྱེ་ཤིའི་རྩ་བ་ཆོད། རྟོགས་པ་མངོན་དུ་གྱུར་ནས་སངས་རྒྱས་དང་མཉམ་པ་ལགས་སོ།
༈ བླ་མ་དེའི་སློབ་མ་ནི། དམུ་རྒྱལ་བ་བློ་གྲོས་ཀྱི་ལོ་རྒྱུས་ལ་ལྔ།
དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི།
གདུང་རུས་གུ་རུབ་ཡབ་གུ་རུབ་ཙུ་གུ་བྱ་བ་དབུལ་པོ་ཞིག་ཡིན།
གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས།
བཀའ་དྲིན་ཅན་གྱི་བླ་མ་དང་ཇི་ལྟར་མཇལ་ན།
ཚེ་སྟོད་ལ་ལུག་རྫི་ཁོ་ན་བྱས། བཞི་བཅུ་ཞེ་ལྔ་ལོན་ནས་ཞེན་པ་ལོག་སྟེ། གངས་ཆེན་སྟ་རྒོ་ལ་ཤོད་ཏྲམ་ཆེན་པོ་བཞུགས་པའི་དྲུང་དུ་མཇལ།
བླ་མའི་ཉེ་གནས་ལོ་དགུ་བྱས་ནས། གདམས་པ་ཞུས་པས་ཐུགས་ལ་བཏགས་སོ།
།གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། ཚེ་སྟོད་ལ་ད་རོག་ལྕག་ཕུག་བྱ་བ་བྱིན་གྱིས་བརླབས་པའི་གནས་དེར་བཞུགས་སོ། ཚེ་སྨད་ལ་ཟང་ཟང་ལྷ་བྲག་བྱ་བ།
བྱིན་གྱིས་བརླབས་པའི་གནས། བྱིན་རླབས་དང་དངོས་གྲུབ་འབྱུང་བ། ཤིན་ཏུ་གྲུབ་ཐག་ཉེ་བའི་གནས་ཡོད་པ།
མི་དང་མི་མིན་འདུ་བའི་གནས་དེར་བཞུགས་སོ། །
བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
ཤིན་ཏུ་མང་བར་མངའ་བ་ལགས་སོ།། ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི། བླ་མས་ཉམས་ཀྱི་གདམས་ངག་བཏབ་ནས།
ལོ་གཅིག་མཚོན་པའི་ཚིག་ཕྱིར་འབྲེང་ནས་མ་གྲོལ།
ལོ་གཅིག་དཔེ་དོན་ལུང་ཕྱིར་འབྲེང་ནས་མ་གྲོལ།
དེ་ནས་ཟླ་བ་གཅིག་ལ་བླ་མའི་གདམས་ངག་ལ་རྟོགས་པ་བཅུག་ནས་བསྒོམ་པས།
ལུས་སེམས་འཁོར་འདས་ཀྱི་ས་གང་ལ་ཡང་མ་རེག་པར།
སངས་རྒྱས་ཀྱི་དགོངས་པ་དང་མཉམ་པ་ལགས་སོ།
༈ བླ་མ་དེའི་སློབ་མ་ནི། དཔོན་ཆེན་བཙན་པོའི་ལོ་རྒྱུས་ལ་ལྔ།
དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི།
ཡུལ་ད་རོག་གི་བྲག་རི་ན། གདུང་རུས་ཐོག་ལྷ་ཞིག་ཡིན།
ཡབ་སྐུ་གཤེན་ཐོག་ལྷ་རྩེ་མོ་དང་།
ཡུམ་ནི་མང་ཝེར་ཟ་རྒྱན་ཆུང་མ་གཉིས་ལ།
ལོ་བཅུ་གཉིས་སུ་སྲས་མེད་ཅིང་ཡོད་དུས་ན།
ཉིན་ཞིག་བུད་མེད་གསུམ་ལ་ཆགས་བཅོལ་ནས།
མོ་རང་གིས་བྲུམས་ལ་བསྙས་ནས་ཡོད་ཙམ་ན།
ཉམས་སྣང་ལ་ནུབ་ཀྱི་བྲག་རོང་དཀར་པོའི་གསེབ་ནས།
རིན་པོ་ཆེའི་བྲུམ་ཁྲོལ་ལེ་བའི་ནང་ནས།
སྤྲུལ་པའི་ཁྱེའུ་མཚན་ལྡན་ཞིག་ཡོང་ནས།
དེས་མོ་ལ་སྤྱོད་པ་རྨིས་ཙམ་ན། ཕྱི་ལོ་དུས་སུ་སྲས་གཅིག་བལྟས་པ་ནི། དཔོན་བཙན་པོ་ཡིན་ནོ།། གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས། བཀའ་དྲིན་ཅན་གྱི་བླ་མ་དང་ཇི་ལྟར་མཇལ་ན།
ལོ་བདུན་བརྒྱད་ལོན་ནས་ཀྱང་དགེ་བ་གཅིག་པུ་བྱེད་པ་བྱུང་ངོ་།
།ལོ་བཅུ་གཉིས་ནས་ཟང་ཟང་ལྷ་བྲག་ཏུ།
དམུ་རྒྱལ་བ་བློ་གྲོས་བཞུགས་པའི་དྲུང་དུ་མཇལ།
གདམས་པ་ཞུས་པས་ཐུགས་ལ་བཏགས་ནས།
ཟང་ཟིང་གི་འབུལ་བ་མང་པོ་དྲིན་ལན་དུ་ཕུལ་ལོ།།
གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། ཡབ་ཡུམ་གཉིས་གྲོང་ནས།
གཡས་རུ་ཤངས་ཀྱི་རི་རྩེ་འགྲིམས་ཀྱིན་བཞུགས་བྱ་རྒྱལ་རྒོད་པོ་ལྟ་བུའི་རྣལ་འབྱོར་པ་ཡིན་ནོ།།
བརྟེན་པའི་ཚེ་ནི་ཚེ་ལ་དབང་བའི་རིག་འཛིན་ཡིན་པས།
སྟོང་དང་དྲུག་བརྒྱ་རྫོགས་པ་དང་།
གཞན་དོན་སྐྱེ་བ་རང་དབང་ཅན་ཡིན་པས།
གདུལ་བྱ་འདུལ་བའི་དུས་ལ་བབ་མ་བབ་ཀྱིས།
སྐྱེ་དང་འཆི་བར་སྣང་བ་ལས། འདི་ཙམ་པ་ཞེས་བྱ་བ་རང་མེད་དོ། །བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི།
ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་པས།
ཁམས་ཀྱི་ཟས་མི་དགོས་པ་དང་།
སྐུ་ལུས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་རྟག་གཟིགས་སུ་གཤེགས་པ་དང་།
ལྷོ་ནུབ་ཏུ་སྲིན་པོའི་ཁ་གནོན་མཛད་པའོ།།
དེ་ལས་སོགས་པའི་གྲུབ་རྟགས་དུ་མ་མངའ་བ་ལགས་སོ།།
ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི།
གདམས་པ་བཏབ་ནས་ཞག་བདུན་ནས། རྟོགས་པ་ཤར་བ།
ཡིད་ཆེས་པ་གྲུབ་པ་བསྙེམས་པ་གསུམ་བྱུང་ནས།
སྤྲུལ་པའི་སྐུ་དང་གཉིས་སུ་མེད་པ་ལགས་སོ།།
དེ་ཞང་ཞུང་གི་གྲུབ་ཐོབ་དྲུག་གི་ཡོན་ཏན་ལོ་རྒྱུས་བསྟན་པའོ།
ཞང་ཞུང་གི་གྲུབ་ཐོབ་དྲུག་གི་མཇུག་དཔོན་རྒྱལ་བཙན་པོ་ནས་གཉིས་སུ་བརྒྱུད་དེ། སྨད་རྒྱུད་དང་སྟོད་རྒྱུད་དོ། །
དང་པོ་ས་སྨད་ནས་བརྒྱུད་དེ། དཔོན་བཙན་པོས་ས་སྨད་དུ།
ལྷུན་གྲུབ་མུ་ཐུར་དང་།
གཤེན་རྒྱལ་གཡུང་དྲུང་ལྷ་རྩེ་གཉིས་ལ་རྒྱུད་པ་ནི།
སྨད་རྒྱུད་དེ་ཉམས་རྒྱུད་ཁོ་ན་བྱུང་བའོ། །