ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ལས་ཁུངས་ཀྱིས་ཚེས་5ཉིན་ལོ་111དང་ཉིན་གྲངས་224ལ་སླེབས་པའི་དབྱིན་ཇིའི་བགྲེས་སོང་ཡུའེ་ཧན·ཨེར་ཧྥེ་ལེ་ཏེ·ཐིང་ཉི་སི་ཝུའུ་ཏེ་ནི་འཛམ་གླིང་ཐོག་གསོན་པོར་གནས་པའི་ཚེ་རིང་ཤོས་ཀྱི་སྐྱེས་པ་ཡིན་པ་གཏན་འཁེལ་བྱས་པ་རེད།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་ཚེས་6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཐིང་ཉི་སི་ཝུའུ་ཏེ་ནི་1912ལོའི་ཟླ་8ཚེས་26ཉིན་དབྱིན་ཀེ་ལན་ནུབ་བྱང་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ལི་ཝུའུ་ཕུའུ་རུ་སྐྱེས་ཤིང་།
འཛམ་གླིང་དམག་ཆེན་ཐེངས་གཉིས་བརྒྱུད་མྱོང་བ་དང་།
ཅི་ཉི་སིའི་འཛམ་གླིང་ཟིན་ཐོས་ར་སྤྲོད་བྱས་པའི“འཛམ་གླིང་ཐོག་ཚེ་ཐག་རིང་ཤོས་ཀྱི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དམག་ཞབས་ཐིམས་པའི་སྐྱེས་པ་དམག་མི”ཞིག་ཡིན་པ་རེད།
ཁོང་ད་ལྟ་མཚོ་འགྲམ་གྲོང་བརྡལ་ཧྲོ་སི་པོ་ཐེའི་རྒན་གསོ་ཁང་ཞིག་ཏུ་འཚོ་བ་སྐྱེལ་གྱི་ཡོད།
ཐིང་ཉི་སི་ཝུའུ་ཏེས་ཐ་མག་འཐེན་གྱི་མེད་པ་དང་ཆང་རག་འཐུང་ཚད་ཀྱང་ཧ་ཅང་ཉུང་ཉུང་ཡིན། གཟའ་པ་སངས་ལ་ཉ་དང་ཞོག་ཁོག་སྲེག་མ་ཟ་ཡི་ཡོད།
ཁོང་གིས་རང་ཉིད་ཚེ་རིང་པོ་བྱུང་བ་དེ་ནི“རླུང་རྟ”རྒྱུག་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཁོང་གིས་མི་རྣམས་ལ་བྱ་བ་གང་ཞིག་སྒྲུབ་ཀྱང་ཚད་རན་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་དེ། འཐུང་རྒྱུ་མང་དྲགས་པའམ་ཡང་ན་ཟ་རྒྱུ་མང་དྲགས་པ།
དེ་བཞིན་འགྲོ་རྒྱུ་མང་དྲགས་ན། མཐར་དཀའ་སྡུག་མང་པོ་མྱོང་རྒྱུ་རེད་ཅེས་བཤད་ཡོད།
དེ་སྔ་གོ་ལ་ཧྲིལ་པོར་ཚེ་རིང་ཤོས་ཀྱི་སྐྱེས་པ་ནི་ཝེ་ནེ་ཙུའེ་ལའི་བགྲེས་སོང་ཧུའུ་ཨན་·པི་སེན་ཐེ་·ཕེ་ལེ་སི·མོ་ལ་ཡིན་པ་དང་།
ཁོང་ཟླ་འདིའི་ཚེས་2ཉིན་གྲོངས་ཞིང་།
གྲོངས་དུས་ཁོང་གི་ལོ་115ཡི་སྐྱེས་སྐར་རན་པར་ཟླ་གཅིག་ལྷག་ཙམ་ཡོད་པ་རེད། ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་གཞིགས་ན།
ད་ལྟ་འཛམ་གླིང་ཐོག་གསོན་པོར་གནས་པའི་ཚེ་རིང་ཤོས་ཀྱི་བུད་མེད་ནི་སི་ཕེན་གྱི་མ་ལི་ཡ·པུའུ་ལན་ཡ་སི·མོ་ལེ་ལ་ཡིན་པ་དང་།
ཁོང་ནི་1907ལོའི་ཟླ་3པར་སྐྱེས་ཤིང་། ད་ལོ་ལོ་117ལ་སླེབས་ཡོད་པ་རེད།