ཆོས་དུང་དཀར་མོའི་ངོ་སྤྲོད།

2024-07-08 20:49   西藏  

ཆོས་དུང་དཀར་མོའི་ངོ་སྤྲོད།






དུང་དཀར་ནི་བཀྲ་ཤིས་ཀྱི་རྫས་ཡིན་ལ། ཐོག་མར་ཝ་ར་ཎ་སིར་བརྒྱ་བྱིན་གྱིས་སྟོན་པ་ལ་ཆོས་གསུངས་པར་གསོལ་བ་འདེབས་པའི་རྟེན་དུ་ཕུལ་བ་དང་། དགེ་འདུན་འདུ་བའི་བརྡ་སྦྱོར་བའི་རོལ་མོ་ཡིན་ཚུལ་འདུལ་བར་གསུངས་པ་དང་། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། ཞེས་མདོ་རྒྱུད་ཀུན་ནས་གསུངས་པས་སེར་སྦྲེང་སོགས་སུ་རོལ་མོ་གལ་ཆེར་གྱུར་པ་ཡིན་ལ། བོད་དུ་ཡང་དུང་དཀར་འདི་དགོན་པ་ཚང་མས་ཚོགས་སུ་འབུད་སྲོལ་ཡོད། དུས་སྟོན་སྐབས་དུང་འབུད་མཁན་ལ་དུང་གོས་ཞེས་དམིགས་བསལ་གྱི་གོས་ཤིག་ཀྱང་གཡོགས་ཀྱི་ཡོད། དུང་དཀར་ལ་ཟངས་གཤོག་དང་། དངུལ་གཤོག་སོགས་མཛེས་ཆ་གང་ལེགས་བཟོས་ཡོད། ཆ་དུང་ལས་ཡ་དུང་བེད་སྤྱོད་བྱེད་མཁན་དཀོན། དུང་དཀར་གཡས་འཁྱིལ་ནི་དཀོན་ལ་རྩ་ཆེར་བརྩི་བས་བཤམས་རྫས་ཀྱི་གྲས་སུ་ཡོད་པས་འབུད་དུང་ཁྲོད་མཐོང་རྒྱུ་མེད།




དུང་དཀར་ནི་འབུད་པའི་རོལ་མོའི་བྱེ་བྲག་ཅིག་སྟེ། ཡོངས་གྲགས་སུ་ཆོས་དུང་དང་ཚོགས་དུང་ཞེས་འབོད་ཅིང་། དུང་དཀར་ནི་བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ཞིང་། མེད་དུ་མི་རུང་བའི་རོལ་མོའི་བྱེ་བྲག་ཅིག་ཡིན།

རྒྱ་ཡིག་གི་མིང་།   法螺、白海螺
མིང་གཞན།   ཆོས་དུང་དཀར་པོ།

1སྤྱི་བཤད།

སྤྱིར་དུང་ནི་ལྷ་ཀླུ་མི་གསུམ། རྒྱ་བོད་སོགས་ཐམས་ཅད་ལ་གྲགས་ཤིང་འདི་འབྱུང་ཁངས་འོག་ཕྱོགས་ཀླུའི་ཕོ་བྲང་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་སྟེ། ཇི་སྐད་དུ། དུང་གི་སྲིད་པ་བཤད་པ་ལ། ཕ་ནི་གཡུ་འབྲུག་སྔོན་པོ་ལ། །མ་ནི་གསེར་ཉ་གཡུ་གཤོག་ཡིན། །བུ་ནི་དུང་པོ་ཨ་གྲགས་ཡིན། །མཚོ་སྨན་རྒྱལ་མོའི་མིང་པོ་ཡིན། །གདེང་ཅན་ཀླུ་ཡི་མཆོད་བླ་ཡིན། །ཆུ་སྲིན་གདུག་པའི་གཤེད་མ་ཡིན། །ཞེས་གསུངས་སོ། །ལྷ་ཡི་ཡུལ་ནའང་མཆོག་ཏུ་བསྔགས་པའི་རྒྱུ་མཚན་མདོ་རྒྱ་ཆེར་རོལ་བ་སོགས་སུ། བྱང་ཆུབ་སེམས་དཔས་དགའ་ལྡན་ནས་འཛམ་གླིང་དུ་འཕོ་བར་གཟིགས་ཙ་ན་ལྷ་ཡི་བུ་འགའ་ཞིག་གིས་དེ་ལྟར་འཛམ་གླིང་ན་རྟོག་གེ་བ་དྲུག   རྗེས་སུ་སྒྲོག་པ་དྲུག   སྙོམས་པར་འཇུག་པ་དྲུག་སྟེ།   མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས་ཡུལ་མ་རུང་བར་བྱས་པས། དེ་བཞིན་གཤེགས་པ་འབྱོན་པའི་དུས་མིན་ཞེས་བཤོལ་བཏབ་པར་དེ་བཞིན་གཤེགས་པས་རོལ་མོ་ཐམས་ཅད་དུས་གཅིག་ལ་དཀྲོལ་ཞིག་གསུངས། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་དུང་དཀར་བུས་པའི་སྒྲ་ཡིས་ཐམས་ཅད་ཟིལ་གྱི་མནན་པ་ལྟར། བདུད་དང་མུ་སྟེགས་གང་གིས་བཅོམ་ལྡན་འདས་བརྫི་བར་མི་ནུས་པའི་དཔེར་བསྟན་པ་དང་། ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་གསུངས་པ་ན། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བ་སོགས་ལྷ་ཡུལ་ནའང་དར་སྲོལ་ཆེ་ལ། མི་ཡུལ་དུ་ནི། དཔལ་རྡོ་རྗེ་གདན། ན་ལེནྡྲ། བི་ཀྲ་མ་ཤི་ལ། སོ་མ་པུ་རི། དཔལ་ལྡན་འབྲས་སྤུངས་སོགས་རྒྱ་གར་གྱི་ཆོས་འཁོར་ཆེན་པོ་རྣམས་སུ་དུང་མཛད་པ་དང་། བོད་ཡུལ་དུ་དཔལ་ལྡན་ས་སྐྱའི་ཆོས་དུང་དཀར་པོ་རྒྱང་གྲགས་དང་། ཐུབ་པའི་དབང་པོའི་ཆོས་དུང་འཕགས་པ་ཀུན་དགའ་བོས་དགའ་ལྡན་འགོག་པ་རིའི་ཆུ་མཚམས་སུ་གཏེར་དུ་སྦས་པ་རྗེ་བློ་བཟང་གྲགས་པས་སྤྱན་དྲངས་པ་དགའ་ལྡན་ན་བཞུགས་པ་དང་། གཞན་ཡང་དབུས་གཙང་ཁམས་གསུམ་ན་དགོན་སྡེ་ཡོད་དོ་ཅོག་རྣམས་ཆོས་དུང་མཛད་པ་དེ་ནི་ཀུན་གསལ་ཆེན་པོ་སྟེ་ལྷག་པར་བཤད་མི་དགོས་མོད། འོན་ཀྱང་རྣམ་གྲངས་ནི། བསོད་ནམས་ཆེན་པོའི་མཐུ་གཏད་པའི་རང་བྱུང་མཆོག་གི་དུང་ནི་རྒྱལ་བའི་ཚེམས་ལས་འབྱུང་བ་དང་། དུང་ནས་དུང་དུ་སྐྱེ་བ་ལྔ་བླང་བ་ལ་གཡས་སུ་འཁྱིལ་བའི་དུང་སྟེ། ཡིད་བཞིན་གྱི་ནོར་བུ་ལས་ཀྱང་དཀོན་པ་སོགས་བཤད་དོ། །ཞེས་སྔགས་འཆང་རྒྱན་གྱི་མེ་ཏོག་ལས་གསུངས་པ་དང་། སྔགས་ཆས་རྣམ་བཤད་ལས། དུང་དཀར་ནི། རྒྱ་མཚོ་ཆེན་པོ་ལ་གནས་པའི་དུང་འབུའི་ཕྱིའི་རུས་ཤུན་ལས་བྱས་པ་ཡིན་ཞིང་། དུང་དཀར་གཡས་འཁྱིལ་མཆོག་ཡིན་ལ་དུང་ནས་དུང་དུ་མ་ཆད་པར་སྐྱེ་བ་ལྔ་བླངས་པ་དེའི་རུས་ཤུན་ཡིན་པར་བཤད་མོད་ཚན་རིག་པས་བརྟག་ན་ཅི་ཟེར་ཆ་མི་འཚལ། འབྲིང་ནི་གཟི་དུང་དང་། ཐ་མ་ནི་དུང་གཡོན་འཁྱིལ་ཡིན་པར་བཤད། རྒྱལ་བའི་ཚེམས་ལས་བྱུང་པའི་དུང་གཡས་འཁྱིལ་ཡོད་པ་དེ་ཆེས་མཆོག་ཏུ་གྱུར་པ་ཡིན་པར་གསུངས། ད་ལྟ་བླ་མ་འགའ་རེའི་གདུང་རུས་ལས་དུང་གཡས་འཁྱིལ་ཆུང་ངུ་བྱོན་པ་ཡོད་མོད་སྒྲ་འབྱིན་ནུས་པ་ཞིག་ནི་མེད་དོ། །དུང་འདི་མདོ་རྒྱུད་ཐམས་ཅད་ནས་མཆོད་པའི་རོལ་མོ་དང་ཆོས་སྟོན་པའི་དུས་བརྡ་གཏོང་བྱེད་དང་། དགེ་འདུན་བསྡུ་བ་དང་། ཆོས་སྟོན་པའི་སྒྲ་ཡི་དཔེར་མཛད་པ་སོགས་ཀྱིས་མང་དུ་བསྟན་ཅིང་། སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ཤྰཀྱ་ཐུབ་པ་ལ་ཆོས་གསུང་སྐུལ་གྱི་རྟེན་དུ་དུང་དཀར་གཡས་འཁྱིལ་ཞིག་ཕུལ་བ་སྟོན་པས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་ཆོས་དུང་གི་བྱུང་བ་སོགས་བསྔགས་པ་མང་དུ་བརྗོད་ཡོད་དོ། །རྒྱུད་ལས་དུང་དཀར་བསྔགས་པའི་ཚུལ་གོང་དུ་ཅི་རིགས་སོང་མོད་ཡང་སྐྱར་ལུང་འདྲེན་བྱས་ན་འདི་ལྟ་སྟེ། མཚན་བརྗོད་ལས། ཆོས་ཀྱི་དུང་སྟེ་སྒྲ་ཆེན་པོ། ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། དུང་དང་གླིང་བུ་འབུད་པ་དང་། རྣམ་སྣང་མངོན་བྱང་ལས། ཆོས་ཀྱི་དུང་ཞེས་རྣམ་པར་གྲགས། །ཞེས་དང་། ལེགས་གྲུབ་ལས། དུང་དང་རྔ་དང་རྫ་རྔ་ཡི། །སྒྲ་རྣམས་འགྲུབ་ཕྱིར་རབ་ཏུ་ཤིས། །ཞེས་གསུངས་པའི་ཕྱིར།

2བྱུང་འཕེལ།

དུང་དཀར་ནི་འབུད་པའི་རོལ་མོའི་བྱེ་བྲག་ཅིག་སྟེ། ཡོངས་གྲགས་སུ་ཆོས་དུང་དང་ཚོགས་དུང་ཞེས་འབོད་ལ། བོན་གྱི་ཡིག་ཆ་ལ་ལས་ནང་དུ་དུང་དཀར་གཡས་འཁྱིལ་ཨུན་ཆེན་གཡས་སུ་འཁྱིལ་བ་ཞེས་འཁོད་པར་གཞིགས་ན་ཨུན་ཆེན་ཞེས་ཀྱང་ཟེར་སྲོལ་ཡོད་པར་སྙམ། སྤྱིར་དུང་ལ་རིགས་ལྔ་སྟེ། མཆོག་དམན་བར་གསུམ་དུ་ཕྱེས་ན། དཀྵི་ཎ་ཝརྟ་ཤཾ་ཁ་ཞེས་པ་དུང་དཀར་གཡས་འཁྱིལ་འདི་ནི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་བ་ཡིན་པ་གང་ལ་ཞིག་ཁ་དོག་ཀུནྡ་ལྟར་རབ་ཏུ་དཀར་ཞིང་བཀྲ་ཤིས་པའི་རྫས་སུ་རུང་པ་ཞིག་དང་། གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ་གང་ཞིག་ཁ་དོག་གཟི་སེར་ཁྲ་འདྲ་བ་ཞིག སི་ཏ་ཤཾ་ཁའམ་ཤཾ་ཁ་ཝརྟ་ཞེས་དུང་དཀར་རམ་འཁྱིལ་བ་སྟེ་ཡོངས་གྲགས་ཀྱི་དུང་དཀར། ཀཎྜ་ཤཾ་ཁ་ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཏེ་ཕྱི་ལ་གཟུགས་མོའི་བྱི་ཐུར་འདྲ་བའི་དུང་གི་ཆེར་མའི་ཁྱབ་པ་ཞིག རཀྟ་ཤཾ་ཁ་ཞེས་པ་དུང་དམར་ཏེ་སིནྡྟུ་རའི་མདོག་འདྲ་བ་ཞིག་བཅས་ཡོད་དོ། །དེ་རྣམས་ལས་སྔ་མ་སྔ་མ་ལེགས་ཤིང་ཕྱི་མ་ཕྱི་མ་ཞན་པ་ཡིན་ལ། སྔར་གཡས་འཁྱིལ་ལ་གསེར་སྒོར་བརྗེ་བྱེད་པ་དང་། ཕྱི་མ་བཞི་ལ་དངུལ་སྲང་གང་དང་དེ་ལས་རིམ་པས་ཞོ་དོ་རེ་འབྲི་བར་བྱེད་པར་གྲགས་ལ། དེ་རྣམས་ནི་ཡུལ་མཱ་ར་ཤ་ཏི་དང་། སི་ཀོ་དྷ་ར། རྡོ་བ་རི་ཀ་ལ་སོགས་ཀྱི་རྒྱ་མཚོའི་ནང་ནས་བྱུང་ཚུལ་སྐོར《འབུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང》སོགས་ལས་གསུང་པ་ལྟར་དང་། དེ་བཞིན《སྔ་འགྱུར་སྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག》ལས་ཀྱང་སྤྱིར་དུང་ནི་ལྷ་ཀླུ་མི་གསུམ། རྒྱ་བོད་སོགས་ཐམས་ཅད་ལ་གྲགས་ཤིང་འདིའི་འབྱུང་ཁུངས་འོག་ཕྱོགས་ཀླུའི་ཕོ་བྲང་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་སྟེ། ཇི་སྐད་དུ། དུང་གི་སྲིད་པ་བཤད་པ་ལ།ཞེས། ལྷ་ཡི་ཡུལ་ནའང་མཆོག་ཏུ་བསྔགས་པའི་རྒྱུ་མཚན་མདོ་རྒྱ་ཆེར་རོལ་བ་སོགས་ལས། བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་འཛམ་གླིང་དུ་འཕོ་བར་གཟིགས་ཙ་ན་ལྷ་ཡི་བུ་འགའ་ཞིག་གིས་དེ་ལྟར་འཛམ་གླིང་ལ་རྟོག་གེ་བ་དྲུག  རྗེས་སུ་སྒྲོག་པ་དྲུག སྙམས་པར་བཞུགས་པ་དྲུག་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས་ཡུལ་མ་རུང་བར་བཤད་པས། དེ་བཞིན་གཤེགས་པ་འབྱོན་པའི་དུས་མིན་ཞེས་བཤོལ་བཏབས་པས། དེ་བཞིན་གཤེགས་པའི་རོལ་མོ་ཐམས་ཅད་དུས་གཅིག་ལ་དཀྲོལ་ཞིག་གསུངས། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་དུང་དཀར་བུས་པའི་སྒྲ་ཡིས་ཐམས་ཅད་ཟིལ་གྱིས་མནན་པ་ལྟར། བདུད་དང་མུ་སྟེགས་གང་གིས་བཅོམ་ལྡན་འདས་བརྫི་བར་མི་ནུས་པའི་དཔེར་བསྟན་པ་དང་། རྫོགས་པའི་སངས་རྒྱས་ནས་ཆོས་གསུང་པ་ན། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བ་སོགས་ལྷ་ཡུལ་ནའང་དར་སྲོལ་ཆེ་ལ། མི་ཡུལ་དུ་ནི་དཔལ་རྡོ་རྗེ་གདན། ན་ལེནྡྲ། བི་ཀྲ་མ་ལ་ཤཱི་ལ། སོ་མ་པུ་རི། དཔལ་ལྡན་འབྲས་སྤུངས་སོགས་རྒྱ་གར་གྱི་ཆོས་འཁོར་ཆེན་པོ་རྣམས་སུ་ཆོས་དུང་མཛད་པ་དང་། བོད་ཡུལ་དུ་དཔལ་ལྡན་ས་སྐྱའི་ཆོས་དུང་དཀར་མོ་རྒྱང་གྲགས་དང་། ཐུབ་པའི་དབང་པོའི་ཆོས་དུང་འཕགས་པ་ཀུན་དགའ་བོས་དགའ་ལྡན་འགོག་པ་རིའི་ཆུ་མཚམས་སུ་གཏེར་དུ་སྦས་པ་རྗེ་བློ་བཟང་གྲགས་པས་སྤྱན་དྲངས་པ་དགའ་ལྡན་ན་བཞུགས་པ་དང་། གཞན་ཡང་གཙང་དབུས་ཁམས་གསུམ་ན་དགོན་སྡེ་ཡོད་དོ་ཅོག་རྣམས་སུ་ཆོས་དུང་མཛད་པ་འདི་ནི་ཀུན་གསལ་ཆེན་པོ་སྟེ་ལྷག་པར་བཤད་མི་དགོས་མོད་ཅེས་པ་སོགས་བྱུང་བ་ལས་ཤེས་ཐུབ།

རང་རེའི་བོད་ཡུལ་འདིར་རོལ་མོའི་བྱེ་བྲག་ཏུ་གྱུར་བའི་དུང་དཀར་ནམ་བྱུང་ཞེ་ན། ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་ཡོད་པར་ངེས་ཏེ། 《ཐང་ཡིག་རྙིང་མ》ལས་རྩེད་མོར་ཤོ་དང་མིག་མངས་རྩེ། རོལ་མོ་ནི་དུང་འབུད་རྔ་བརྡུང་ཞེས་བྱུང་བ་དང་། སྔོན་སྟོན་པ་གཤེན་རབ་མི་བོ་ཆེ་ཞལ་བཞུགས་པའི་སྐབས་ནས་ཀྱང་བོན་པོ་རྣམས་ཀྱིས་དུང་དཀར་དེཉིད་མཆོད་པའི་རོལ་མོའི་རྣམ་གྲངས་སུ་བྱས་ཏེ་འབོད་སྲོལ་ཡོད་དེ། 《དུས་གསུམ་ནུབ་པ་མེད་པའི་མཚན་ཡོང་སུ་གྲགས་པ》ཞེས་པ་ལས། དེ་ནས་འཁོར་དུ་གཏོགས་པ་རྣམས་ཀྱིས་སྟོན་པ་ལ། བླ་ན་མེད་པའི་མཆོད་སྤྲིན་གྱིས་རྒྱན་ཞེས་བྱ་བ་ལ་བཤམས་ནས་ཕུལ་ཏེ། ཡང་ལ་ལ་ཞིག་ནི་དར་ཕྱར་རོ། །ལ་ལ་ཞིག་ནི་དུང་འབུད་དོ། །ཞེས་དང་། 《མདོ་གཟེར་མིག》ལས་ཀྱང་ལ་ལ་ནི་དུང་འབུད་ཞེས་ལན་མང་བྱུང་པའི་ཕྱིར་རོ། །

3འབུད་ཚུལ།

ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་ལ་དར་རྗེས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་རྣམས་སུ་དུང་དཀར་ལ་ཆོས་དུང་ངམ་ཚོགས་ཞེས་གཙིགས་སུ་བཟུང་ནས་ཡོངས་ཁྱབ་བེད་སྤྱོད་བྱེད་ཅིང་། ཚོགས་དུང་ཞེས་དགེ་འདུན་རྣམས་ཚོགས་ལ་སྡུད་སྐབས་དུང་དཀར་གྱིས་བརྡ་གཏོང་པ་དང་། ཆོས་དུང་ཞེས་མཆོད་པའམ་ཞི་བའི་ཆོ་གའི་སྐབས་སིལ་སྙན་དང་ལྷན་དུ་འབུད་སྲོལ་ཡོད་པར་མ་ཟད། སྨིན་གླིང་སོགས་སུ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གི་ཆོ་སྡེབ་གཅིག་ཏུ་གཏོང་སྐབས་ཞི་བའི་དུང་དཀར་ཆ་དང་། རྒྱས་པས་དུང་ཆེན་ཆ། དབང་གིས་རྒྱ་གླིང་ཆ། དྲག་པོས་རྐང་གླིང་བཅས་སྤྱོད་སྲོལ་ཡོད་པ་དང་། འབྲུག་པ་བཀའ་བརྒྱུད་ལས་ལྷོ་ཁ་གྲ་ནང་སྡིང་པོ་ཆེ་དགོན་སོགས་སུ་དམིགས་བསལ་གྱི་ཤི་དུང་ཞེས་གཤིན་པོ་དུར་ཁྲོད་དུ་སླེབས་སོང་ཟེར་དུས་དུང་བརྡ་གཏོང་སྲོལ་ཡོད་ལ། དེ་བཞིན་དམངས་ཁྲོད་བླ་མ་རྣམས་མ་ཎི་བ་ཚོས་ཀྱང་མི་ཚོགས་སྡུད་སྐབས་དུང་བརྡ་གཏོང་སྲོལ་ཡོད་པ་དུང་དཀར་འདི་བཞིན་ཡོངས་ཁྱབ་བེད་སྤྱོད་མང་པས། གཞན་ཡང་ཉིས་དུང་ངམ་ཉེ་དུང་ཞེས་དུང་དཀར་ལ་རག་གཤོག་དང་དངུལ་གཤོག་བྱས་པ་དེ་དག་ནི་གོང་གསལ་ཆོས་དུང་ལས་ལོགས་སུ་དགར་བ་ཡིན་ཏེ། དུང་དཀར་གཤོག་པ་ཅན་དེ་རིགས་སྤྱིར་བཏང་སེར་སྦྲེངས་དང་གཙུག་ལག་ཁང་གི་ཡང་སྟེང་རི་དྭགས་ཆོས་འཁོར་ཡོད་སའི་མཚམས་ནས་གཉིས་ཁ་སྤྲོད་དུ་འབུད་སྲོལ་ཡོད་ལ། ཁ་ཅིག་གིས་ཉིས་དུང་ཞེས་གཉིས་ལྷན་དུ་འབུད་པར་བྱེད་ལ། ལ་ལས་ཉེ་བའི་སར་སྤྱན་འདྲེན་གྱི་ཚུལ་དུ་འབུད་པས་ཉེ་དུང་ཞེས་བཏགས་པར་འདོད་ལ། གང་ལྟར་དུང་དཀར་གཤོག་པ་ཅན་འདི་རིགས་ནི་སེར་སྦྲེངས་གཙུག་ལག་ཁང་གི་ཡང་སྟེང་དུ་དགེ་འདུན་རྣམས་ཉེ་བར་སྤྱན་འདྲེན་ཕྱིར་གཉིས་ཁ་སྤྲོད་དུ་ལངས་ནས་འབུད་དགོས་པ་ཞིག་ཡིན་འདུག  གཞི་རྐང་དགོན་སྡེ་སོ་སོའི་རྒྱུ་སྟོབས་དང་དང་དོད་མི་འདྲ་བའི་དབང་གིས་དགོན་སྡེ་ལ་ལར་དུང་དཀར་རག་གཤོག་མ་གཡུ་ཕྲ་ཅན་དང་། ལ་ལར་དུང་དཀར་དངུལ་གཤོག་མ་གསེར་ཚགས་ཅན། འགའ་ཞིག་ཏུ་ཟངས་ཀྱི་གཤོག་པ་ལ་ནོར་སྣས་བརྒྱན་པ་དེ་འདྲའང་ཡོད་འདུག་པས་གཅིག་ཏུ་མ་ངེས།

མ་གཞི་དུང་དཀར་གྱི་སྐད་ནི་རྒྱ་གླིང་ལྟར་སྙན་འཇེབས་ལྡན་པ་ཞིག་མིན་ཡང་། མཆོག་གི་རོལ་མོ་འདི་ལས་ཁྱབ་ཆེ་བ་ཡོད་པ་མ་ཡིན་ཏེ། 《སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག》ཅེས་པ་ལས། ཁ་དོག་དྲི་མེད་དཀར་བ་ནི། །དཀར་ཕྱོགས་དབུ་འཕང་སྟོད་པའི་བརྡ། །ཞེས་སོགས་དུང་དཀར་གྱི་བླ་ན་འཕགས་པའི་ཡོན་ཏན་གྱི་ཁྱད་ཆོས་བརྗོད་ཡོད། སྤྱིར་ཆོས་དུང་ནི་ལན་བདུན་རེ་འབུད་དགོས་པ་ཡིན་ནོ། །

4དགོས་པ།

དུང་དཀར་འབུད་པའི་དགོས་པ་ནི། ནག་པོ་ཆེན་པོའི་གཞུང་ལས། དུང་སྐད་ལན་གཅིག་སྟེང་དུ་བསྒྲགས། །ལྷ་ཁམས་མ་ལུས་དབང་དུ་བསྡུས། །ཚངས་པ་བརྒྱ་བྱིན་ལས་ལ་བཀོལ། །དུང་སྐད་གཉིས་པ་བར་དུ་བསྒྲགས། །མི་དང་མི་མིན་དབང་དུ་འདུ། །དུང་སྐད་གསུམ་པའི་ང་རོ་ཡིས། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །གོང་མ་སྲི་ཞུའི་ཡུལ་ཀུན་མཆོད། །བཞི་པས་ཚངས་པ་བརྒྱ་བྱིན་སོགས། །མགོན་པོ་ཡོན་ཏན་མགྲོན་ཀུན་མཉེས། །ལྔ་པས་ཁམས་གསུམ་འགྲོ་བ་དྲུག །སྙིང་རྗེས་འགྲོ་ཀུན་བདེ་དང་ལྡན། །དྲུག་པས་བགེསག་རྒྱལ་བི་ན་ཡ་ག་སོགས། །བགེགས་རིགས་ལན་ཆགས་དབང་པོ་ཚིམ། །དུང་སྐད་བདུན་པའི་སྒྲ་དབྱངས་ཀྱིས། །ཉན་རང་བྱང་སེམས་གནས་ནས་སྤོར། །ཐེག་ཆེན་བླ་མེད་འབྲས་བུར་སྦྱོར། །ཞེས་གསུངས་པས་མཆོག་གི་རོལ་མོ་འདི་ལས་ཁྱབ་ཆེ་བ་ཡོད་པ་མ་ཡིན་ནོ། །ཞེས་སྔགས་ཆས་རྣམ་བཤད་ལས་གསུངས་པའི་ཕྱིར།

5དག་པ།

དག་པ་ནི་ལུང་ལས་བཤད་པ་མ་མཐོང་ཡང་། འདིར་རིག་པའི་ཆོས་མཐུན་བཀོད་ན། ཁ་དོག་དྲི་མེད་དཀར་བ་ནི། །དཀར་ཕྱོགས་དབུ་འཕང་བསྟོད་པའི་བརྡའ། །གཡོན་སྐོར་རི་མོ་མུ་ཁྱུད་ཅན། །ས་ལམ་རིམ་གྱིས་བགྲོད་པའི་བརྡའ། །གལ་ཏེ་རི་མོ་གཡས་འཁྱིལ་ན། །བསམ་རྒུའི་རེ་སྐོང་རིན་ཆེན་བརྡའ། །སྣུབས་སྟོང་ཆོས་སྐུ་འགྱུར་མེད་ལ། །དུང་སྒྲ་འགག་མེད་ལོངས་སྤྱོད་རྫོགས། །ནང་གི་རྐན་གཉེར་རི་མོ་ནི། །སྣ་ཚོགས་སྤྲུལ་པའི་དོན་བྱེད་བརྡའ། །རྐན་དབུགས་རྩོལ་བའི་སྒྲ་སྐད་ནི། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་བརྡའ། །ལྔ་ལྡན་དར་གྱི་སྙན་ཤལ་ནི། །ལམ་ལྔ་མཐའ་རུ་ཕྱིན་པའི་བརྡའ། །ཐལ་མོ་པད་མའི་རྒྱས་འཛིན་པ། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡའ། །སྒྲ་སྐད་ཐམས་ཅད་གནོན་པ་ནི། །ནག་པོའི་ཕྱོགས་ལས་རྒྱལ་བའི་བརྡ། །ཞེས་གསུངས་པའི་ཕྱིར། 

6ཆོས་དུང་དཀར་པོ་རྒྱང་གྲགས།

ཆོས་དུང་དཀར་པོ་རྒྱང་གྲགས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་དོན་དུ་ཆོས་འཁོར་བསྐོར་བའི་དུས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེ་སྐར་རྒྱལ་དུ་སྤྲུལ་ནས་བཅོམ་ལྡན་འདས་ལ་ཕུལ་བའི་ཆོས་དུང་འཁྲུལ་མེད་དེ་ཡིན་པར་གྲགས་ཤིང་། རྗེས་སུ་རྒྱ་གར་ནས་རྒྱ་ནག་དུ་ཇོ་བོ་དང་མཉམ་དུ་སྤྱན་དྲངས་པ་ཡིན་པ་ཡིན་ཞིང་། རྒྱ་ནག་ནས་ས་སྐྱར་ཕེབས་ཚུལ་ནི་ཆོས་རྒྱལ་འཕགས་པ་སེ་ཆེན་གྱིས་ཕུལ་བ་ཉིད་ཡོངས་གྲགས་ཡིན་ལ། ཡང་ཆོས་རྗེ་ས་པཎ་ལ་རྒྱལ་བོ་གོ་དན་གྱིས་ཕུལ། ས་པཎ་གྱིས་འཕགས་པ་ལ་གནངས་བར་བཤད་པའི་ལུགས་ཤིག་ཀྱང་འདུག་གོ །

ཆོས་དུང་འདིའི་ཆེ་བའི་ཡོན་ཏན་ནི། དེ་མཇལ་བ་ན་རྣམ་བཅུ་དབང་ལྡན་ལ་སོགས་པ་ཁྱད་དུ་འཕགས་པའི་རང་བྱོན་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། འདིའི་གསུང་ཐོས་པ་ཙམ་གྱིས་བསྐལ་བ་བྱེ་བ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་ངན་སོང་དུ་སྐྱེ་བའི་སྒོ་བཀག་སྟེ། མཐོ་རིས་དང་ཐར་བའི་བདེ་ལ་འགོད་པར་མཛད། དེས་གསུང་གིས་ས་བཅུད་འཕེལ་བ་དང་། སད་སེར་གྱི་གནོད་པ་ཞི་བ་སོགས་དགེ་མཚན་མཐའ་ཡས་པ་ཡོད་གསུངས། བར་སྐབས་སྔགས་འཆང་ཆོས་ཀྱི་རྒྱལ་བོ་ངག་དབང་ཀུན་དགའ་རིན་ཆེན་གྱི་སྐུ་རིང་ལ། ལྷ་ས་རྫོང་པ་སོགས་འགའ་ཞིག་གི་བྱེད་པ་ལ་བརྟེན་ནས་ལྷ་ཁང་ཆེན་མོའི་མཆོད་རྫས་མང་པོ་དང་། ཆོས་དུས་འདི་ཉིད་འཁྱེར་དུས་ཁོ་ཚོའི་ཡུལ་དེར་བཞུགས་པའི་གནས་མ་ཡིན་པར་གདན་ས་ཆེན་པོ་རང་དུ་འབྱོན་པར་དགོངས་ཏེ་ཆོས་དུང་གི་ནང་ཐམས་ཅད་འབུས་གང་པ་དང་། མཆོད་པའི་གྲས་ལ་བཞག་པས་འབུད་མཁན་མེད་པར་རང་སྐད་འདོན་པ་སོགས་མངོན་སུམ་དུ་བསྟན་པ་ན། དེ་འཕྲལ་ནོངས་བཤགས་དང་བཅས་ཏེ་ཕུལ་བ་ཡིན་ཞིང་། དེ་ལྟ་བུའི་ཆོས་དུང་འདི་ཉིད་དགོས་འདོད་འབྱུང་བའི་ནོར་བུ་དང་ཁྱད་མེད་དེ། འདིའི་དྲུང་དུ་འཕྲད་ཕུགས་ཀྱི་འདོད་ཡོན་བསྒྲུབ་ཕྱིར་སྨོན་བཏབ་ཚད་འགྲུབ་པར་གསུངས། ཞེས《དཔལ་ལྡན་སྐྱ་དགོན་གྱི་ལོ་རྒྱུས་དང་ཁྲི་པ་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས》ནང་གསལ། 


དཔྱད་གཞིའི་ཡིག་ཆ།

  • 1  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ༼ཏ༽》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་ཟླ5པར་པར་ཐེངས་དང་པོ། ཤོག་ངོས707-819ན་གསལ།

  • 2  ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས་པའི 《གསང་སྔགས་རྡོ་རྗེ་ཐེག་པའི་ཆས་གོས་ཡོ་བྱད་ཀྱི་རྣམ་བཞག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ། 

  • 3   དུང་དཀར་བློ་བཟང་འཕྲིན་ལས་ཀྱི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4པར་དཔར་ཐེངས་དང་པོ། 

  • 4  དགྲ་ལྷ་ཟླ་བ་བཟང་པོའི 《ཆེད་རྩོམ་ཕྱོགས་བསྒྲིགས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོའི་ཟླ་དྲུག་པའི་དཔར་ཐེངས་དང་པོ། ཤོག་ངོས106-116ན་གསལ།


达瓦诺琼平台
欢迎大家来到我的平台
 最新文章