གུ་རུ་འབུམ་པ་ཞེས་པའི་མིང་ལ་དཔྱད་པ།
རྩོམ་པ་པོ། ཚེ་ཆུང་།
དེའང་ཕྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས་ལུགས་གསུམ་གཙུག་ལག་ཁང་འདི་ཉིད་ཞེངས་པར་ལྷ་འདྲེ་རྣམས་ཀྱིས་བཞེངས་དུ་མ་བཅུག་པ་ལ་བརྟེན་ནས་བསམ་ཡས་གཙུག་ལག་ཁང་འདི་ཉིད་གསར་བཞེངས་ཐུབ་པའི་ཆེད་དུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུ་སྐབས་སུ་སློབ་དཔོན་ཉིད་བྱང་ལམ་བརྒྱུད་དེ་ལྷ་སར་ཕེབས་པའི་ལོ་རྒྱུས་ཡོད་པ་ལྟར་སློབ་དཔོན་མཆོག་གུང་ཐང་ལ་བརྒྱུད་དེ་ཕེབས་ཡོད་པ་དང་། དེ་ནས་ས་སྐྱ་རྫོང་གི་ཁོངས་གཏོགས་རྨ་བྱ་ཤང་། བཞད་མཐོང་སྨོན་རྫོང་། དེ་རྗེས་ལྗི་ལའི་ལ་མོ་རྒྱབ་ནས་རྟ་ནག་རིན་ཆེན་རྩེ་ཤང་གནམ་ལྡིང་གུ་རུ་གྷུམ་པ། དེ་ནས་མ་ལུང་གྱེལ་ལ་བརྒྱུད་མཁའ་རུར་ཕེབས་པ་ཞབས་རྗེས་ཀྱང་མཇལ་དུ་ཡོད། དེ་རྗེས་རིམ་བཞིན་རྟ་ནག་ཕུའི་རིག་འཛིན་ཤ་བའི་ལ་བརྒྱུད་དེ་སོག་པོ་དགོན་དང་། ཟབ་ཕུ་ལུང་དགོན། ཤང་འུ་ཡུག །འདམ་ཞུང་ལ་སོགས་པའི་ས་ཆ་དེ་དག་བརྒྱུད་པའི་ལམ་བར་དུ་ལྷ་འདྲེ་རྣམས་དམ་ལ་འདོགས་བཞིན་བྱོན་པར་སེམས། རྒྱུ་མཚན་ནི། ས་ཆ་དེ་རྣམས་བྱང་ཕྱོགས་ཡིན་པ་གང་ཞིག་ལྷག་ཏུ་གུ་རུ་འབུམ་པ་ཞེས་པའི་མཆོད་རྟེན་དང་། མ་ཚད་སློབ་དཔོན་པདྨ་ཉིད་བོད་ཡུལ་དུ་ཐོག་མར་ཕེབས་སྐབས་སུ་ས་ཆ་དེ་རྣམས་བརྒྱུད་ནས་ཕེབས་པའི་དམངས་ཁྲོད་ཀྱི་ངག་གཏམ་དང་ལོ་རྒྱུས་ཀྱང་ཡོད། དེ་བཞིན་ངག་རྒྱུན་ལའང་རྒན་རབས་ཚོས་སློབ་དཔོན་པདྨ་སྐུ་དངོས་ཀྱིས་འབུམ་པ་དེ་དག་བཞེངས་པ་རེད་ཅེས་གནའ་མི་རྒན་རབས་རྣམས་ཀྱིས་འདི་ལྟར་ཤོད་སྲོལ་འདུག་ཅེས་བརྗོད་བཞིན་འདུག་གོ ། དེས་ན་གུ་རུ་འབུམ་པ་ཞེས་པའི་མིང་དེ་ལ་དཔྱད་པར་བྱ་སྟེ། གུ་རུ་ནི། བླ་མ། འབུམ་པ་ནི། ཕྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་པདྨ་འབྱུང་གནས་མཆོག་བོད་ལ་ཕེབས་པའི་ལམ་བར་དུ་ཡུལ་གྲུ་དེ་རྣམས་བྱིན་གྱིས་བརླབས་གནང་བ་དང་། ཚོགས་རྫོགས་སྒྲིབ་སྦྱོང་ཆེད་ཐུགས་ཀྱི་རྟེན་འབུམ་པ་འདི་རྣམས་བཞེངས་པའི་དུས་སུ་སློབ་དཔོན་པདྨ་སྐུ་དངོས་ས་ཆ་དེ་རྣམས་སུ་ཡོད་པར་བརྟེན་མཆོད་རྟེན་གྱི་མིང་ལ་གུ་རུ་འབུམ་པ་ཞེས་ཐོགས་པར་སེམས། རྒྱུ་མཚན་གང་ཡིན་ཟེར་ན། ཨོ་རྒྱན་གྱི་སྐད་དུ་མཆོད་རྟེན་གྱི་མིང་ལ་གྷུམ་པ་ཅེས་བརྗོད་སྲོལ་ཡོད་པ་ཡིག་རྙིང་དང་དགེ་ཆོས་ཀྱི་གསུང་ལས་ཀྱང་གསལ་ཡོད། དེས་ན་གུ་རུ་རིན་པོ་ཆེས་དུས་དེ་ཡི་སྐབས་སུ་གྷུམ་པ་ཅེས་བརྗོད་པས་རང་རེ་སྔར་གྱི་ཡུལ་མི་རྣམས་ཀྱིས་སྐད་དེ་ཟུར་ཆགས་ནས་འབུམ་པ་ཞེས་འབོད་པར་སྙམ། གང་ལགས་ཤེས་ན། རྟ་ནག་གནམ་ལྡིང་གི་གུ་རུ་འབུམ་པ་ཡོད་སའི་ས་ཆ་དེའི་མིང་ལ་དུས་དེང་སང་ཡང་གུ་རུ་གྷུམ་པ་ཞེས་འབོད་བཞིན་ཡོད། འོ་ན་གུ་རུ་འབུམ་པ་དེ་རྣམས་ཀྱི་དབྱིབས་གཟུགས་ཇི་ལྟར་ཡིན་ཅེས་ན། རྒན་རབས་ཚོས་གསུངས་པ་ལ་བསམ་ཡས་ཟུར་མཁར་རྡོ་ཡི་མཆོད་རྟེན་དང་། སྙེ་མོའི་འགྲོ་བ་མཆོད་རྟེན་གྱི་དབྱིབས་འདི་དང་གཅིག་མཚུངས་རེད་ཅེས་འདི་ལྟར་བརྗོད་ཀྱི་འདུག །འཕགས་ཡུལ་དུ་མཆོད་རྟེན་གྱི་དབྱིབས་བུམ་པའི་ལྟོ་གཟུགས་སུ་ཇི་ལྟར་དར་བ་ཡིན་ཅེས་ན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་མ་འདས་གོང་ལ་སྟོན་པའི་ཞལ་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ངའི་སྐུ་ཚད་བཞེངས་ཤིག་ཅེས་བཀའ་སྩལ་པས། དེ་སྐབས་སུ་ལྷ་ཚངས་པས་བཞེངས་པ་བཅོམ་ལྡན་འདས་ཀྱི་ཆོས་སྐུའི་རྟེན་ཕྱོགས་མེད་པར་བསྟེན་པའི་ཕྱིར་དབྱིབས་ཟླུམ་པོ་ཁ་དོག་དཀར་སེར་དུ་གྲུབ་པ་དེ་ལ་སངས་རྒྱས་ཉིད་ཀྱིས་རབ་གནས་ཀྱང་གནང་ནས་ལྷ་ཚངས་པར་ཆོས་སྐུའི་རྟེན་འདི་ཨོ་རྒྱན་གྱི་ཡུལ་དཔལ་ཧེ་རུ་ཀའི་ཞིང་དུ་སྤྱན་དྲོངས་གསུངས་པ་ལྟར། ལྷ་ཚངས་པས་ཀྱང་ཨོ་རྒྱན་གྱི་ཡུལ་དུ་གདན་དྲངས་ནས་མཚན་ལ་དཔལ་མ་རེག་པའི་མཆོད་རྟེན་ཞེས་ཆོས་སྐུ་ནམ་མཁའ་དང་འདྲ་བར་བསྟན་པས་ལྷུང་བཟེད་ཁ་སྦུབས་པ་ལྟར་གྲགས་སོ། ། དེས་ན་རང་རེ་བོད་ཡུལ་དུའང་མཆོད་རྟེན་བུམ་གཟུགས་ཀྱི་དབྱིབས་འདི་དག་གུ་རུ་པདྨ་འབྱུང་གནས་བོད་ཡུལ་དུ་ཐོག་མར་ཕེབས་སྐབས་དར་བར་སེམས། དེ་བཞིན་གནའ་མི་རྒན་རབས་རྣམས་ཀྱི་ངག་གཏམ་དང་། ལོ་རྒྱུས་སོགས་ལས་ཀྱང་གསལ་བ་ལྟར་ཏེ། དཔེར་ན། ལོ་ངོ་སྟོང་ཕྲག་གོང་དུ་བྱོན་པའི་མཁས་པ་ཆེན་པོ་རྡོག་ཡེ་ཤེས་སེངྒེ་དང་། རྡོག་ཨཱརྱ་དེ་ཝས་མཛད་པའི་ལུང་བཞད་ལ་སོགས་པ་ནས་ཀྱང་གསུངས་ཡོད་དེ། བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ལས། ལས་སྟོད་བྱང་གི་མདོ་རྒྱུད་དེ་ཕེབས། བཞད་ལུང་མཐོང་བའི་ལ་མགོར་བཞུགས་སྐབས། ཞབས་བརྐྱངས་པས། བརྐྱངས་ལར་མིང་དུ་ཐོགས་ཤིང་། དེ་སྐབས་ཞལ་འཛུམ་ཙམ། ཡང་ཞལ་འཛུམ་ཙམ། ཡང་ཞལ་འཛུམ་ཙམ་ཐེངས་གསུམ་མཛད་པར། སྤྱན་འདྲེན་པ་མཆིམས་ཤཱཀྱ་པྲ་བྷས། སྔར་བསྐྱེད་རྫོགས་ཀྱི་ཏིང་འཛིན་ཟབ་མོའི་འཛིན་སྟངས་ལས་ནམ་དུའང་མི་གཡོ་བའི་ངང་ཚུལ་ཁོ་ནར་བཞུགས་ན། བདག་སོ་སྐྱེ་འཆིང་བ་དང་ལྡན་པ་རྣམས་ཀྱིས་རྒྱུ་དང་རྐྱེན་ཅི་ཡིན་མ་ཤེས་པས་སྐབས་འདིར་འཛུམ་པ་ཙམ་གསུམ་དུ་མཛད་པའི་རྒྱུ་ཅི་ལགས་ཞུས་པས། མ་འོངས་པ་ན་རྒྱལ་པོ་དུད་འགྲོའི་མིང་ཅན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་སྐབས། ལུང་པ་འདིར་འཁྲུངས་པའི་དགེ་བའི་བཤེས་གཉེན་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་འདུག་པས་ངས་འཛུམ་པ་ཞིག་ཤོར་སོང་། ཡུལ་གྲུ་འདིར་པཎ་གྲུབ་མང་དུ་འཁྲུངས་པ་དང་། འདིར་བྱོན་ནས་བཞུགས་ཤིང་དགོན་གནས་མང་དུ་འབྱུང་བ་འདུག་པས་ངས་འཛུམ་པ་ཞིག་ཤོར་སོང་། ཡུལ་གྲུ་འདི་འཕགས་ཡུལ་རྒྱ་གར་གྱི་ཡུལ་གྲུ་བཟང་པོའི་དགེ་བཅུའི་ཡོན་ཏན་མཐའ་དག་ཚངས་ཤིང་ཡོང་བ་འདུག་པས་ངས་འཛུམ་པ་ཞིག་ཤོར་སོང་ཅེས་གསུངས། དོན་དེ་དང་མཐུན་པར་འཇིག་རྟེན་གྱི་ཁ་གཏམ་ལ། བཞད་དང་བོ་གདོང་སྡེབས་པ་འདི། །འཛམ་བུ་གླིང་པའི་སུམ་གཉིས་ཐུབ། །ཅེས་དང་། མཁས་གྲུབ་དམ་པ་བཞད་པ་གཞོན་བྱང་གི་གསུང་ལས། སངས་རྒྱས་གཉིས་པ་པདྨའི་ཞལ་འཛུམ་གྱིས། །མདངས་ལྡན་འོད་རིས་གསར་པའི་དགེ་མཚན་མཆོག །ཕན་བདེའི་དཔལ་འབྲས་བཟང་པོ་སྨིན་ནོ་ཞེས། །ལུང་བསྟན་བཞད་ཀྱི་མིང་དུ་དེ་ནས་ཐོགས། །ཞེས་གསུངས་སོ། །ཡང་དམངས་ཁྲོད་ངག་གཏམ་ལས། རིག་འཛིན་ཤ་བའི་ལ་ལ། །མཁའ་འགྲོས་དར་རྟགས་བཏགས་ཡོད། །རྨ་ལྷོའི་མགུལ་ལྷས་ནང་ལ། །གུ་རུའི་བཞུགས་ཁྲི་བཞེངས་ཡོད། །ཞེས་པ་ལ་སོགས་སོ། ། དེས་ན་སློབ་དཔོན་པདྨས་གུང་ཐང་གི་གུ་རུ་འབུམ་པ་དང་། ས་སྐྱ་རྫོང་རྨ་བྱ་ཤང་གི་གུ་རུ་འབུམ་པ། དེ་བཞིན་བཞད་མཐོང་སྨོན་རྫོང་གི་གུ་རུ་འབུམ་པ་སྟེ་དེ་རྣམས་ནི། བཞད་ཕུའི་ཤར་ཕྱོགས་ཀྱི་གུ་རུ་འབུམ་པ། གྲེ་མཚེར་ཕུའི་གུ་རུ་འབུམ་པ། མདའི་ལྷ་དབང་རྩེའི་གུ་རུ་འབུམ་པ། དགོན་གནས་བདེ་ཕུག་གི་གུ་རུ་འབུམ་པ། བར་གྱི་མཐོང་སྨོན་ལྟག་གི་གུ་རུ་འབུམ་པ། རྫོང་མདུན་གྱི་གུ་རུ་འབུམ་པ། ད་དུང་རྟ་ནག་གནམ་ལྡིང་གི་གུ་རུ་གྷུམ་པའི་གུ་རུ་འབུམ་པ་ལ་སོགས་གུ་རུའི་མིང་ཅན་གྱི་འབུམ་པའམ་མཆོད་རྟེན་དེ་རྣམས་ནི་སློབ་དཔོན་པདྨས་བཞེངས་པའི་ཆེས་ཐོག་མའི་མཆོད་རྟེན་ཞིག་ཡིན་པར་སེམས་སོ། །འོན་ཀྱང་རྣམ་དཔྱོད་མཁའ་ལྟར་ཡངས་ཤིང་དཔྱད་ཞིབ་མཚོ་ལྟར་ཟབ་པའི་མཁས་དབང་ཚོས་ཀྱང་མུ་མཐུད་དེ་དཔྱད་པར་འཚལ་ལོ། །
ཞེས་པའང་ཚེ་ཆུང་གིས་བྲིས་པའོ།