༄༅།།ཟླ་ཤེལ་བདུད་རྩི་མ་ཁ་ཚར་ཅན་གྱིས་མཆིན་འབྲས་བཅོས་པའི་མྱོང་བྱང་།

2024-05-21 07:36   西藏  


༄༅།།ཟླ་ཤེལ་བདུད་རྩི་མ་ཁ་ཚར་ཅན་གྱིས་མཆིན་

       འབྲས་བཅོས་པའི་མྱོང་བྱང་ཚེ་བསྲིང་

          བདུད་རྩིའི་གཙུགརྒྱན། ལྗོངས་སྨན་རྩིས་ཁང་མཆིན་ནད་སྡེ་ཁག  བཀྲ་ཤིས་དོན་གྲུབ།   

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་རྒྱུན་མཐོང་བཅོས་དཀའ་བའི་མཆིན་འབྲས་ནད་ཀྱི་རྒྱུ་རྐྱེན་དང་། དབྱེ་བ། རྟགས།  བཅོས་ཐབས་བཅས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་གཞིར་བཟུང་ཞིབ་པར་བཀྲལ་ཡོད་ཅིང་།  ལྷག་དོན་རང་ཉིད་ཀྱི་ལོ་བཅུ་ལྷག་གི་ནད་ཐོག་དངོས་ཀྱི་མྱོང་བ་གཞིར་བཟུང་ཟླ་བདུད་ཁ་ཚར་གྱི་སྨན་སྦྱོར་འདིས་ཕན་འབྲས་ཇི་ལྟར་ཐོན་ཚུལ་སྐོར་ལ་གསལ་འགྲེལ་བྱས་པ་དང་།   རང་མཉམ་འཚོ་བྱེད་རྣམས་དང་ལྷག་པར་ལས་དང་པོ་བ་རྣམས་ལ་ཁ་ཚར་སྦྱོར་བ་ཚད་ལྡན་ལྟར་ལག་ལེན་བྱ་རྒྱུའི་སྐལ་སློང་ཚུལ་དུ་སྦྱར་བའོ།།     

བརྡ་ཆད་གཙོ་བོ། མཆིན་འབྲས། ཟླ་བདུད་ཁ་ཚར།བཅོས་ཐབས། 

གང་དག་འཁོར་བ་རིགས་དྲུག་འགྲོ་བའི་ཁམས། 

ཐུགས་བསྐྱེད་སྨོན་པས་དུས་ཀུན་མི་གཏོང་བའི། 

བྱང་ཆུབ་སེམས་ཀྱི་མངའ་བདག་དམ་པའི་མགོན། 

གཡུ་ཐོག་ཡབ་སྲས་བརྒྱུད་ལ་སྒོ་གསུམ་འདུད། 

སྙིགས་དུས་རྫས་འགྱུར་ཟས་རིགས་དུ་མ་ཡིས། 

རྒྱུན་བསྟེན་དམན་ལྷག་ལོག་པས་འདུ་བ་འཁྲུགས། 

མཆིན་འབྲས་ནད་ཅེས་བཅོས་དཀའི་གསོ་ཐབས་འདི། 

འགྲོ་བར་ཕན་སྙམ་ཅུང་ཟད་སྤེལ་བར་ཐལ།    

དེ་ཡང་སྤྱིར་འཛམ་བུ་གླིང་དང་ཡང་སྒོས་སུ་ཁ་བའི་ལྗོངས་ཀྱི་དཔལ་འབྱོར་དང་ཤེས་རིག་སོགས་གང་ཅི་ཐད་ནས་འཕེལ་རྒྱས་ཡར་ངོའི་ཟླ་བཞིན་འགྲོ་བའི་དུས་བཟང་འདིར་འགྲོ་བ་མིའི་ཟས་གོས་གཏམ་གསུམ་ཀྱང་ཕུན་སུམ་ཚོགས་པོ་ཡོད་པའི་རྐྱེན་གྱིས་འགྲོ་བ་མི་གཙོ་བོར་གྱུར་པའི་སྲོག་ཆགས་ཀྱི་འབྱུང་བཞིའི་ཁམས་རྣམས་ཀྱང་འཁྲུགས་ནས་ནད་རིགས་སྣ་ཚོགས་འབྱུང་བ་ལས་དེང་དུས་ནད་ཐོག་ལག་ལེན་ཁྲོད་དུ་མཐོང་མང་ཞིང་བཅོས་དཀའ་བའི་མཆིན་འབྲས་ནད་ལ་སྨན་བཅོས་ལོ་མང་བྱས་པའི་ཉམས་མྱོང་ཚེ་བསྲིང་བདུད་རྩིའི་གཙུག་རྒྱན་འགོད་པ་ལ་གཤམ་གསལ་གྱི་ནང་དོན་ལྔ་སྟེ།དང་པོ། རྒྱུ་རྐྱེན་བསྟན་པ། དེ་ཡང་མཆིན་འབྲས་ནད་ཀྱི་རྒྱུ་ནི་ལྷན་སྐྱེས་སུ་མཆིན་པར་གནས་པའི་ཁྲག་སྲིན་དམར་པོ་ཁྲོས་ནས་བྱུང་བའི་མཆིན་ནད་ལྡེམ་བུའི་ནད་ཀྱི་རྨང་གཞིའི་ཐོག་ཚ་སྐྱུར་གྱི་ཟས་རིགས་ཏེ་ཆང་རག་དང་སྦི་རག །རུལ་སུངས་ཅན་གྱི་ཤ་རིགས།  སུར་པན་སོགས་དང་དེ་བཞིན་དེང་དུས་ཀྱི་བཏུང་བྱའི་རིགས་འདྲ་མིན་སྣ་ཚོགས་དང་རྫས་འགྱུར་ཅན་གྱི་ཚལ་རིགས་བསྟེན་དྲགས་པ་དང་དྲག་ཤུལ་གྱི་སྤྱོད་ལམ་ཏེ་འགྲོ་སྡོད་དྲག་པ་དང་མི་འཐེགས་པའི་འཁུར་བཏེགས་པ་སོགས་ཀྱིས་ནད་དེ་འབྱུང་བཞིན་ཡོད་པ་སྟེ་ཚ་སྐྱུར་གྱི་ཟས་རིགས་དང་དྲག་ཤུལ་གྱི་སྤྱོད་ལམ་སོགས་ཀྱིས་མཆིན་པར་གནས་པའི་མཁྲིས་པ་མདངས་སྒྱུར་གྱི་བྱེད་ལས་ཉམས་ནས་ཁ་ཟས་ཀྱི་དྭངས་མ་རྣམས་དྭངས་སྙིགས་ཕྱེད་མི་ཐུབ་པར་མཆིན་པའི་གནས་སུ་ཡུན་རིང་གསོག་ནས་དོན་མཆིན་པའི་རྩ་ཡི་བུ་ག་རྣམས་བཀག་ནས་གོང་བུར་འདྲིལ་བའམ་མཆིན་པའི་རྩིའམ་བརླན་གཤེར་གྱི་ཁམས་རྣམས་རིམ་བཞིན་སྐམ་ནས་མཆིན་པའི་གནས་སུ་ཉེས་པ་རླུང་གིས་སྲ་བར་འགྱུར་ནས་འབྱུང་བའི་ནད་ཞིག་ཡིན་སྟེ་དཔལ་ལྡན་རྒྱུད་བཞི་ལས།   རྒྱུ་ནི་འགྲམ་འཁྲུགས་ཁ་ཟས་མ་སྨིན་པས། །ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང་། །ཞེས་དང་གསོ་རིག་རྒྱུད་དོན་ལག་ལེན་པོད་དམར་ལས།  །རྐྱེན་ནི་ཚ་སྐྱུར་རུལ་སུངས་ར་གནག་ཤ། །བྲོ་སྲན་དྲོ་༼གྲོ་༽མ་སྔོ་ངད་ལ་སོགས་དང་།།སྦང་ཟན་ཐུད་རུལ་ལ་སོགས་ཆེར་ཟོས་ནས། །དྲག་ཤུལ་བྱས་ནས་ཉིན་གཉིད་ལོག་པ་ཡིས། །མཆིན་པའི་ཡུལ་དུ་བཟང་ཁྲག་མ་ཞུ་བར།  ཆུ་ཟག་༼ཟགས་༽སྒང་༼ལྒང་༽པར་མ་སོང་གྱེན་དུ་ལོག །ཞེས་དང་། གཞན་ཡང་མན་ངག་རིན་ཆེན་འབྱུང་གནས་ལས། །རྒྱུ་ནི་ཉེས་གསུམ་ཁྲག་ལས་གྱུར་པ་སྟེ།  །དེ་རྐྱེན་ལྷོག་ཤུལ་ནད་འབྲས་གདོན་ལས་གྱུར། །ཟླ་དྲུག་འདས་ནས་ནད་ངན་འབྲས་ཞེས་བྱ།  །ལྟར་ཡིན་ནོ།  གཉིས་པ། དབྱེ་བ་བསྟན་པ། མཆིན་འབྲས་ནད་ལ་དབྱེ་བ་ཕྱེ་ན་མང་པོ་དབྱེ་རྒྱུ་ཡོད་པ་སྟེ་དཔེར་ན་རླུང་ལས་གྱུར་པའི་མཆིན་འབྲས་སོགས་དུ་མ་ཡོད་ཀྱང་རང་ཉིད་ཀྱིས་ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་དུ་མཆིན་འབྲས་ཐོག་མའི་དུས་དང་མཐའ་མའི་དུས་བཅས་གཉིས་སུ་དབྱེ་ནས་སྨན་བཅོས་བྱེད་བཞིན་ཡོད།  གསུམ་པ། ནད་རྟགས་བསྟན་པ། མཆིན་འབྲས་ནད་ཐོག་མའི་སྐབས་གོང་དུ་བསྟན་པའི་ཟས་སྤྱོད་མི་འཕྲོད་པའི་རིགས་སྟེ་ཆང་རག་ལ་སོགས་ཚ་སྐྱུར་བསྟེན་དྲགས་པའམ་འཁྲུགས་པའི་རྐྱེན་གྱིས་མཆིན་པར་གནས་པའི་མཁྲིས་པ་མདངས་བསྒྱུར་གྱི་བྱེད་ལས་ཉམས་པའམ་ལོག་པའི་ལས་བྱས་པས་མཆིན་པར་གནས་པའི་ལུས་ཟུངས་ཀྱི་ཐོག་མ་དྭངས་མ་ལ་སོགས་དྭངས་སྙིགས་ཕྱེ་མི་ཐུབ་པར་དོན་མཆིན་པའི་རྩ་མིག་རྣམས་བཀག་པས་ཉེས་པ་རླུང་གིས་གོང་བུར་བསྒྲིལ་བའམ་སྲ་བའི་རྟགས་སུ་ཁ་ཟས་ཀྱི་དང་ག་ཞན་ཅིང་ལུས་སྙོམ་པ་དང་ལུས་ཀྱི་ཤ་རིད་འགྲོ་བ་དང་མིག་སྤྲིན་གཉིས་གཙོ་བོར་གྱུར་པའི་ལུས་ཀྱི་ཤ་ལྤགས་སོགས་སེར་པོ་ཆགས་པ་མ་ཟད་བྱད་མདོག་དམར་སྨུག་ལ་མདངས་ཞན་པ་དང་བྲང་རྩིབ་གཡས་པའི་འོག་ཏུ་རྒྱབ་མདུན་ལྟག་སྤྲོད་དུ་གཟེར་ཟུག་གཏོང་བ། མཐའ་མ་ཁོག་པ་སྦོས་བརྒྱངས་ཆེ་ཞིང་ཆུ་ཡི་མཁར་བརྒྱད་གཡོ་བ་དང་ཁྲག་རུལ་དུད་ཁུ་སྐྱུག་པ་བྲང་རྩིབ་གཡས་འོག་ཏུ་གཟེར་ཟུག་ཆེ་ཞིང་འབུར་རྡོག་ཞིག་རེག་ཐུབ་པ་སོགས་ཀྱི་མངོན་ཚུལ་སྣ་ཚོགས་སྟོན་གྱི་ཡོད་པ་སྟེ་དཔལ་ལྡན་རྒྱུད་ལས།མཆིན་འབྲས་དབུགས་འགག་མགོ་འཁོར་སྐོམ་དད་ཆེ། །ཞེས་པ་ལྟར་དང་དེ་བཞིན་དུ་དེང་རབས་གསོ་རིག་གི་རྫས་འགྱུར་བརྟག་དཔྱད་ཁག་ལས་མཆིན་པའི་བྱེད་ནུས་ཀྱི་བརྟག་དཔྱད་ལས་རྒྱལ་སྤྱིའི་ཐ་སྙད་དུ་AST. AKP. GGTསོགས་ཀྱི་ལྡང་ཚད་ལྡབ་ལྔས་འཕར་བ་དང་ད་དུང་རྒྱ་སྐད་དུ་བཅའ་ཐད་ཏན་པད་甲胎蛋白ཞེས་པ་དེའི་ལྡང་ཚད་ལྡབ་འགྱུར་གྱིས་འཕར་བ་དང་དེ་མིན་དེང་རབས་གསོ་རིག་གི་གཟུགས་བརྙན་བརྟག་དཔྱད་ཀྱི་Bསྒྲ་རླབས་དང་CTབརྟག་དཔྱད་ནང་ཆེ་ཆུང་དང་ངོ་བོ་སོགས་མངོན་གྱི་ཡོད་པས་སྨན་པ་རྣམས་ཀྱིས་རྣམ་དཔྱོད་བློ་གྲོས་དང་ནད་ཐོག་ལག་ལེན་དངོས་ལས་ཤེས་རྟོགས་གདེང་ཅན་ཐུབ་པའོ། བཞི་པ། བཅོས་ཐབས་བསྟན་པ།མཆིན་འབྲས་ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ་ནད་རྟགས་སོགས་གོང་དུ་གསལ་བཤད་རག་ཙམ་ཐུབ་རྗེས་གཤམ་དུ་སྡུག་པ་ཅན་གྱི་ནད་དེ་གསོ་བར་བཅོས་ཐབས་བསྟེན་པ་ལ་རྣམ་པ་གཉིས་སྟེ་གསོ་ཚུལ་དང་གསོ་ཐབས་དངོས་བསྟན་པ།  གསོ་ཚུལ་བསྟན་པ།  ཐོག་མར་གསོ་ཚུལ་ལ་མཆིན་པར་གནས་པའི་མཁྲིས་པ་མདངས་བསྒྱུར་གྱི་བྱེད་ལས་སྙོམས་རྒྱུ་དང་མཆིན་པའི་རྩ་ཡི་བུ་ག་འགག་པ་རྣམས་ཉམས་གསོ་བྱ་ཐབས།   དེ་རྗེས་རིམ་བཞིན་ནད་རྟགས་དང་བསྟུན་ནས་མཆིན་ཁམས་ཀྱི་ནུས་པ་གསོ་རྒྱུ་དང་སྦྲགས་ཕོ་བའི་མེ་དྲོད་རྣམ་གསུམ་དང་ལུས་ཟུངས་གསོ་ཐབས་བྱ་རྒྱུ་སྟེ་དཔལ་ལྡན་རྒྱུད་ལས། །རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ།  དུག་རྩ་མ་ཕྱུང་ལོ་མ་བཅད་བསྐྱུར་འདྲ། །ཞེས་གསུངས་པ་ལྟར་རོ།  གསོ་ཐབས་དངོས་བསྟན་པ།  ཟས་ཀྱི་སྒོ་ནས་བཅོས་པ།གསོ་རིག་རྒྱུད་དོན་པོད་དམར་ལས། ཤ་ཆང་ཚ་མར་དྲོད་བཅུད་མཐའ་དག་སྤངས། །ཞེས་གསུངས་པ་ལྟར་རུལ་སུངས་ཅན་གྱི་ཤ་དང་ཆང་རག །ནས་རྙིངས་རྩམ་པ་དང་སུར་པན། དེང་དུས་སྤོས་སྣ་བྲོ་སྐྱུར་དང་སྲན་སྣུམ།  རྫས་འགྱུར་བཏབ་པའི་ཚལ་རིགས་སོགས་ཚ་སྐྱུར་གྱི་ཟས་རིགས་ཡུན་རིང་སྤངས་ཞིང་གསར་འཇམ་གསར་པའི་ཟས་རིགས་བསྟེན་ཞིང་ལྷག་པར་དུ་གཡག་དང་ར་ལུག་གི་མཆིན་པ་ཟོས་ན་ཕན་ཆེ་བ་སྟེ། གསོ་རིག་རྒྱུད་དོན་པོད་དམར་ལས། །གཡག་ལུག་གི་མཆིན་པ་ཟ་བཟའ།  ཞེས་གསུངས་པ་ལྟར་རོ།   སྤྱོད་ལམ་གྱི་སྒོ་ནས་བཅོས་པ།    དཔལ་ལྡན་རྒྱུད་བཞི་ལས། །སྐྱུགས་བཀག་དང་ག་འགག་དང་དབུགས་མི་བདེ། །སྐྱ་རྦབ་མེ་དབལ་གཡན་པ་འབྲས་དང་མཛེ། །མིག་ནད་ལུད་པ་རིམས་ནད་འབྱུང་བར་འགྱུར། །ཞེས་དང་། སྨན་དཔྱད་ཟླ་རྒྱལ་ལས། །སྐྱུག་བྲོ་བརྣགས་པས་མེ་དབལ་མཛེ།  འབྲས་དང་མིག་ནད་གཡན་པ་རིམས། །སྐྱ་རྦབ་ལུད་པ་དབུགས་མི་བདེ། །དང་ག་རོ་སྟོད་མི་བདེ་སྐྲངས། །དེར་ཁ་བཀང་དབོ་དུད་སྨྱུང་གནས། །རྩུབ་བྲོས་དེ་ཉིད་སྐྱུགས་པ་དང་། །རྩོལ་དང་མྱུར་བར་གཏར་ག་གདབ། །བཀྲུ་སྨན་བཏང་བའང་བསྔགས་པ་ཡིན། །ཞེས་སྐྱུགས་པ་བཀག་པའི་ལས་དེ་དག་གིས་ནི་འཕྲལ་དུ་རླུང་འཁྲུགས་པར་བྱས་ནས་འབྲས་ནད་སྲ་མཁྲེགས་གོང་བུར་བསྒྲིལ་བ་དང་། འཐོར་བ་དང་ཁྱབ་པར་བྱེད་པས་རླུང་འཁྲུགས་པར་བྱེད་པའི་སྤྱོད་ལམ་ལ་འཛེམ་དགོས་པས་སྤྱོད་ལམ་དྲག་ཤུལ་གྱི་རིགས་ཏེ་འགྲོ་དྲགས་པའམ་མི་འཐེགས་པའི་འཁུར་བཏེགས་པ་སོགས་བྱས་ནས་ཉིན་གཉིད་ལོག་པ་ཡིས་མཆིན་འབྲས་ཀྱི་ནད་དེ་སློང་བར་བྱེད་ཀྱི་ཡོད་པས་སྤངས་བར་བྱ་རྒྱུ་དང་སྤྱོད་ལམ་བསིལ་དྲོད་སྙོམས་ཞིང་རྩོལ་བཅག་རན་པར་བསྟེན་དགོས།  སྨན་གྱི་སྒོ་ནས་བཅོས་པ། མཆིན་འབྲས་ཀྱི་ནད་འདི་ནི་མཆིན་པར་གནས་པའི་མཁྲིས་པ་མདངས་བསྒྱུར་གྱི་བྱེད་ལས་འཁྲུགས་ནས་ཁ་ཟས་ཀྱི་དྭངས་མ་སོགས་དྭངས་སྙིགས་འབྱེད་མ་ཐུབ་པར་མཆིན་པའི་གནས་སུ་ཡུན་རིང་གསོག་ནས་དོན་མཆིན་པའི་རྩ་ཡི་བུ་ག་རྣམས་བཀག་ནས་གོང་བུར་འདྲིལ་བའམ་མཆིན་པའི་རྩི་འམ་བརླན་གཤེར་གྱི་ཁམས་རྣམས་རིམ་བཞིན་སྐམ་ནས་མཆིན་པའི་གནས་སུ་ཉེས་པ་རླུང་གིས་སྲ་བར་གྱུར་ནས་བྱུང་བའི་ནད་ཞིག་ཡིན་པས་མཆིན་འབྲས་ནད་ལ་ཟླ་ཤེལ་བདུད་རྩི་མའི་སྟེང་དུ་ཁ་ཚར་གྱི་སྨན་སྣ་བཙོ་ཐལ་དང་གྷི་ཝང་དངོས། ཁ་ཆེ་གུམ་གུར། འབམ་པོའི་ཁནྜ། འགྲོན་ཐལ། གླ་རྩི་སོགས་གསོ་བྱའི་ལུས་ཟུངས་དང་ནད་སྟོབས་ལ་སྦྱར་ནས་ཁ་ཚར་གྱི་ལས་བསྣོན་ཚུལ་བཞིན་ཐུབ་ན་འགྲོ་བ་ནད་པའི་ཚེ་བསྲིང་ཐུབ་པ་མྱོང་གྲུབ་དངོས་ཡིན་པས་རྒྱ་ཆེའི་འཚོ་མཛད་སྨན་པ་རྣམས་ནས་ནད་ཐོག་ལག་ལེན་དངོས་ནང་གཟིགས་པར་འཚལ། དེར་བསྟུན་མཆིན་འབྲས་ནད་ཀྱི་བླ་གཉན་དང་ལྡན་འདུས་ཀྱི་ནད་གཞི་ཤས་ཆེ་བར་གཞིགས་ནས་དྭངས་བཙོ་དང་། མན་ངག་བསིལ་སྦྱོར། ཨ་བརྒྱད་ཆུ་བསྒྱུར། རིན་ཆེན་གྲང་སྦྱོར་སོགས་ནད་བབས་དང་བསྟུན་ཏེ་བསྟེན་རྒྱུའོ།   དཔྱད་ཀྱི་སྒོ་ནས་བཅོས། མཆིན་འབྲས་ཀྱི་ནད་འདི་ནི་འགྲོ་བ་མི་ཡི་ལུས་ལ་ཧ་ཅང་གི་སྡུག་རྩུབ་ཆེ་བ་ཞིག་སྟེ་བྲང་རྩིབ་གཡས་འོག་དང་ལྷེན་འོག་ཏུ་ན་གཟེར་ཟུག་ཆེ་ཞིང་སུན་སྣང་ཅན་གྱི་ནད་ཞིག་ཡིན་པས་གཟེར་དམིགས་སྟེང་དུ་རྨོ་ལྕགས་སོགས་ཀྱི་གྲང་བདུག་བྱེད་པའམ་ཡང་ན་སྤྲ་བ་ཡིས་ལྷེན་གསང་དང་མཆིན་གསང་སོགས་སུ་མེ་བཙའ་གདབ་ན་གཟེར་ཟུག་ཞི་བར་ཕན་པ་ཆེ་བ་མྱོང་གྲུབ་ཡིན་ཏེ་རྒྱུད་ལས། །གསོ་དཔྱད་གཞན་བརྡུགས་ཕལ་ཆེར་མེ་གསོ། །ཞེས་པ་ལྟར་རོ།  ལྔ་པ། དཔེ་མཚོན་གྱི་ནད་དེབ། གསོ་བྱ།  སྐལ་བཟང་** མོ། ལོ་གྲངས། ༣༠མི་རིགས། བོད་རིགས། ལས་རིགས། ལས་བྱེད། སྐྱེས་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས། ལས་ཁུངས།གཞིས་ཀ་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་རིན་སྤུངས་ཤང་།སྤྱི་ལོ་༢༠༡༥ལོའི་ཟླ་བ་༤པའི་ཚེས་༢༧ཉིན་མཆིན་འབྲས་ཐོག་མའི་ནད་ལ་ངོས་འཛིན་བྱས་ཏེ་མཆིན་ནད་སྡེ་ཁག་གི་ནད་ཁང་ཉར་བ་ཡིན། གཙོ་བོའི་ན་ལུགས། ལུས་ལྕི་ཞིང་སྒྱིད་ལུག་པ་དང་ཁ་ཟས་ཀྱི་དང་ག་ཞན་པ། ལུས་ཤ་རིད་པ། བཞིན་མདོག་སྨུག་ནག་ལ་མདངས་ཞན་པ། བྲང་རྩིབ་གཡས་འོག་དང་ལྷེན་སྣའི་འོག་ཏུ་ན་ཟུག་ལྷང་ངེར་སྡོད་པ་དང་སྦྲགས་རོ་སྟོད་གཟེར་བ་བཅས་ཀྱི་ནད་རྟགས་མངོན་པ་དང་། ལྕེ་མདོག་དམར་སྐྱ། ངོ་བོ་བརླན་པ། དྲི་ཆུའི་མདོག་དམར་སེར་དྭངས་བ། ལྦུ་བ་ཆེ་ཆུང་སྙོམས་ལ་སངས་སྐྱེན་པ། ཀུ་ཡ་དང་སྤྲིས་མ་མངོན་གསལ་མེད་པ།རྩ་རྒྱུད་ཕྲ་ལ་གྲིམས་པར་འཕར་ལ་མནན་ན་སྟོང་བ།གཞོགས་འདེགས་བརྟག་དཔྱད་ཁག་ལས་CTབརྟག་དཔྱད་ནང་肝硬化,脾大;肝脏内多发再生结节。甲胎蛋白:389.80བཅས་ལ་གཞིགས་ཏེ་མཆིན་འབྲས་ཐོག་མའི་ནད་ལ་ངོས་བཟུང་སྟེ་ནད་སྡོད་སྨན་བཅོས་བྱས་པའོ། །ནད་སྡོད་སྨན་བཅོས་ཉིན་༥༡རིང་མཆིན་པར་གནས་པའི་མཁྲིས་པ་མདངས་བསྒྱུར་གྱི་བྱེད་ལས་གསོ་ཐབས་དང་བྲང་རྩིབ་གཡས་དང་ལྷེན་སྣའི་འོག་གི་ན་ཟུག་ཞི་ཐབས། དེ་བཞིན་ཕོ་བའི་མེ་དྲོད་དང་ལུས་ཟུངས་གསོ་ཐབས་སོགས་ཀྱི་ཆེད་དུ་གཉེན་པོ་ཞོགས་པ། དྭངས་བཙོ་ཕྱེ་མ་ཁེ་༢ ཉིན་དགུང་། ཟླ་ཤེལ་བདུད་རྩི་མ་ཁ་ཚར་ཕྱེ་མ་ཁེ་༢  དགོང་མོ། མན་བསིལ་སྦྱོར་དང་གུར་གུམ་མཆོག་བདུན། སེ་འབྲུ་ཀུན་བདེ་སོགས་ནད་བབས་དང་བསྟུན་ནས་གཏོང་རྒྱུ། ཐོ་རེངས། རིན་ཆེན་གྲང་སྦྱོར་རིལ་བུ་གཅིག་བཅས་ཟླ་བ་གཅིག་ཙམ་བསྟེན་པས་གོང་གསལ་གྱི་ནད་རྟགས་རྣམས་ཞི་བ་མ་ཟད་ལུས་ཁམས་བདེ་རུ་སོང་བ་དང་CTབསྐྱར་དཔྱད་ནང་肝实质回升不均匀,肝颗粒增粗,肝被膜不光滑。甲胎蛋白:20.20.བཅས་ཀྱི་འགྱུར་ལྡོག་བྱུང་ཡོད་པས་གསོ་བྱའི་ནད་གཞི་ལ་ཕན་སྐྱེད་ཡོད་པར་དམིགས་ནས་སྨན་ཁང་ནས་ཕྱིར་སློག་བྱས་རྗེས་མུ་མཐུད་དུ་ཟླ་ཤེལ་བདུད་རྩི་མ་ཁ་ཚར་ཅན་ཟླ་བ་དྲུག་གི་རིང་ལ་བསྟེན་པས་ཕན་སྐྱེད་མངོན་བསལ་བྱུང་ཡོད་པས་འཚོ་བྱེད་ལྷན་རྒྱས་ནས་ཞིབ་འཇུག་ཡོད་པ་མཁྱེན། །མཇུག་བསྡུ་བ། དེང་དུས་ཚན་རིག་ལག་རྩལ་འཕེལ་རྒྱས་ཡར་ངོའི་ཟླ་བཞིན་འགྲོ་བའི་དུས་འདིར་ཚོང་རྭའི་ནང་རྫས་འགྱུར་གྱི་ཟས་རིགས་དང་འདོད་ཆགས་ཞེ་སྡང་འཕེལ་བའི་རྐྱེན་གྱིས་མཆིན་འབྲས་ནད་འདི་ཕོག་མཁན་མང་ཞིང་བཅོས་དཀའ་བས་བོད་ཀྱི་གསོ་བ་རིག་པ་ལས་ཟླ་ཤེལ་བདུད་རྩི་མ་ཁ་ཚར་ཅན་གྱིས་གོང་ནད་འདིར་གསོ་བཅོས་བྱས་པས་ནད་ཐོག་ལག་ལེན་དངོས་ནང་ཕན་འབྲས་མངོན་གསལ་འདོད་པོ་ལྡན་ཡོད་པས་རྒྱ་ཆེའི་འཚོ་བྱེད་སྨན་པ་རྣམས་ནས་ནད་ཐོག་ལག་ལེན་དངོས་སུ་བེད་སྤྱོད་ཉམས་ཞིབ་ཡོད་པ་མཁྱེན་མཁྱེན་ཞུ་རྒྱུ་དང་རང་རེའི་བོད་ལུགས་གསོ་རིག་རྒྱུན་འཛིན་པ་རྣམ་པས་རང་རང་གི་ཤེས་བྱའི་ཡོན་ཚད་ལ་དཔགས་ནས་དཔལ་ལྡན་རྒྱུད་བཞིའི་ནང་དོན་རྣམས་ནད་ཐོག་ལག་ལེན་དངོས་སུ་འཁྱོལ་ཐུབ་པ་བྱས་ཏེ་ལག་ལེན་གྱིས་རིག་པའི་གཞུང་ལུགས་ལ་བདེན་དཔང་དང་ར་སྤྲོད་བྱེད་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།སྨན་སྦྱོར་ཟླ་བདུད་ཁ་ཚར་གྱིས། །མཆིན་འབྲས་བཅོས་པའི་མྱོང་བ་འདི། །ནད་ཀྱིས་མནར་བའི་འགྲོ་བ་ཡི། །ཕན་བདེའི་རྒྱུ་རུ་གྱུར་ཅིག་ཨང་། དཔྱད་གཞིའི་ཡིག་ཆ། ༡གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད་པའི་དཔལ་ལྡན་རྒྱུད་བཞི། །༢   གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་གསོ་རིག་རྒྱུད་དོན་ལག་ལེན་པོད་དམར་ཞེས་བྱ་བ་བཞུགས་སོ། །༣འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་མན་ངག་རིན་ཆེན་འབྱུང་གནས།  །༤སྨན་དཔྱད་ཟླ་བའི་རྒྱལ་པོ།


达瓦诺琼平台
欢迎大家来到我的平台
 最新文章