དྷཱི༔
༄༅། །འཇམ་དཔལ་བསྟོད་གསོལ་ཤེས་རབ་རབ་
འཕེལ་བཞུགས་སོ།།
༸ ཀུན་མཁྱེན་མི་ཕམ་རྒྱ་མཚོ།
དྷཱི༔ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི།།
སྐུ་ཡི་མཆོག་སྟེ་གསུང་གི་དབང་ཕྱུག་ཆེ།།
ཡེ་ཤེས་སེམས་དཔའ་རྗེ་བཙུན་འཇམ་དཔའི་དབྱངས།།
བདག་གི་སྙིང་དབུས་པདྨོར་རྟག་ཏུ་མཆོད།།
ཁྱོད་ནི་བདེ་བར་གཤེགས་པ་ཀུན་ཀྱི་ཡབ།།
མ་ལུས་འཕགས་ཚོགས་ཀུན་སྐྱེད་ཆོས་དབྱིངས་ཡུམ།།
དུས་གསུམ་རྒྱལ་བའི་སྲས་ཀྱི་ཚུལ་སྟོན་པ།།
མཚུངས་མེད་ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད།།
ཆོས་དབྱིངས་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་གར།།
ནམ་མཁའ་ཇི་སྲིད་འགྲོ་ཀུན་ཕན་བདེའི་མཛོད།།
ཐམས་ཅད་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ།།
འཇམ་དཔལ་གཞོན་ནུ་ཁྱོད་ལ་ཕྱག་འཚལ་བསྟོད།།
དམར་སེར་ཉི་མ་འཆར་ཀའི་ལང་ཚོ་ཅན།།
སྙིང་ལ་མཚུངས་མེད་བདེ་སྟེར་གཞོན་ནུའི་གཟུགས།།
ལྷ་རྫས་དར་དང་རིན་ཆེན་མེ་ཏོག་གིས།།
རབ་མཛེས་ཟུར་ཕུད་ལྔ་ལྡན་སྐྱིལ་ཀྲུང་བཞུགས།།
ཤེས་རབ་འོད་འབར་ཡེ་ཤེས་རལ་གྲི་ཡིས།།
བདུད་བཅོམ་མུན་པའི་འཐིབ་པོ་རྣམ་པར་འདྲལ།།
ཡིད་འོང་ཨུཏྤལ་གཞོན་ནུའི་ཕྱག་མཚན་གྱིས།།
ཡིད་ལ་གང་འདོད་དམ་པ་མཆོག་སྦྱིན་མཛད།།
རྗེ་བཙུན་ཁྱེད་སྐུ་དྲན་པའི་མོད་ཉིད་ལ།།
འཁྲུལ་སྣང་འཁོར་བའི་མུན་པ་མཐར་བྱེད་ཅིང་།།
ཡང་དག་ལམ་བཟང་མཐོང་བའི་སྣང་བ་སྦྱིན།།
ཡིད་ལ་ཉིན་མོར་བྱེད་པའི་དཔལ་སྩོལ་བ།།
ཤེས་རབ་ཡེ་ཤེས་སྐུ་ཅན་འཇམ་པའི་དཔལ།།
བདག་སྙིང་ཆུ་སྐྱེས་བཞད་པའི་གེ་སར་ལ།།
གུས་པས་བསྟི་ཞིང་རིག་སྔགས་རྒྱལ་པོ་ཡིས།།
མགོན་པོ་ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་ན།།
ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་མཐུ།།
མཆོག་ཏུ་རྣོ་མྱུར་རྒྱ་ཆེ་རབ་ཟབ་པ།།
ཀུན་གསལ་ཉི་ཟླའི་དཀྱིལ་འཁོར་དང་མཚུངས་པའི།།
ཤེས་རབ་མེ་ཆེན་སྙིང་ལ་མྱུར་དུ་སྦོར།།
ཞུམ་པ་དང་བྲལ་གང་གིས་མི་བརྫི་ཞིང་།།
ཐོགས་མེད་རྒྱུན་ཆགས་འཛད་པ་ཡོངས་སྤང་བ།།
འཇིགས་པ་མེད་པ་རྡོ་རྗེ་ལྟ་བུ་ཡི།།
སྤོབས་པའི་མཆོག་དེ་བདག་ལ་བསྒྲུབ་པར་མཛོད།།
ཚིག་དང་དོན་གྱི་རྣམ་པ་མ་ལུས་རྣམས།།
ནམ་ཡང་བརྗེད་པའི་ནོངས་པ་མ་མཆིས་པ།།
ནམ་མཁའ་ལྟ་བུར་གོ་སྐབས་ཡངས་པ་ཡི།།
མི་ཟད་གཟུངས་ཀྱི་གཏེར་ཆེན་བདག་ལ་སྩོལ།།
མགྲིན་པའི་འོ་མཚོར་དབྱངས་ཅན་དགྱེས་རོལ་བས།།
མཁས་རྣམས་ཤིན་ཏུ་ཡིད་འཕྲོག་ཚིག་གི་ཉམས།།
བདུད་རྩིའི་རོ་ལྡན་ཡིད་རབ་སིམ་བྱེད་པའི།།
ངག་གི་དབང་ཕྱུག་གྲུབ་པར་མཛད་དུ་གསོལ།།
རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་ཚོགས་དང་།།
ལྷ་ཀླུ་མི་དང་གནོད་སྦྱིན་དྲང་སྲོང་སོགས།།
འཇིག་རྟེན་ཀུན་ན་གང་མཆིས་བློ་གྲོས་ཀྱི།།
དཔལ་རྣམས་ཡིད་ལ་རབ་ཏུ་འགུགས་པར་མཛོད།།
ཐོས་བསམ་སྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས།།
འཆད་རྩོད་རྩོམ་པའི་འོད་ཟེར་རབ་ཏུ་གསལ།།
སྙེམས་མེད་ཞི་བ་གཞན་ཕན་སྙིང་བརྩེ་དང་།།
དད་སོགས་ཡོན་ཏན་རྒྱ་མཚོས་མཛེས་གྱུར་ཅིག།
དེ་ཡི་མཐུ་ལས་རྒྱལ་བའི་བསྟན་པ་ལ།།
བྱ་བ་རྒྱ་ཆེ་མཆོག་ཏུ་རབ་བགྱིད་ཅིང་།།
འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་ནས།།
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག།
ཅེས་ཤེས་རབ་འཕེལ་བྱེད་ཀྱི་བསྟོད་སྨོན་ཚིགས་སུ་བཅད་པ་བརྟན་གཡོའི་དྭངས་མ་བཅུ་བཞིའི་གྲངས་ལྡན་འདི་ནི་མེ་རྟ་དབྱུག་ཟླའི་ཚེས་དྲུག་བཟང་པོའི་གྲངས་ལ་མི་ཕམ་འཇམ་དཔལ་དགྱེས་པས་སྤེལ་བ་དགེའོ་མངྒ་ལཾ།།
༄༅། །དབྱངས་ཅན་མའི་བསྟོད་གསོལ་དགའ་བའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
༸ འཇམ་མགོན་མི་ཕམ་རིན་པོ་ཆེ།
ཨོཾ། དུས་གསུམ་སྲས་བཅས་རྒྱལ་བའི་ཡུམ་ཆེན་མོ།།
ཤེས་རབ་ཕ་རོལ་ཕྱིན་མ་ཆོས་ཀྱི་དབྱིངས།།
ཀུན་གསལ་ནམ་མཁའི་མེ་ལོང་ཀུན་གྱི་གནས།།
མཉམ་ཉིད་ཀུན་ཏུ་བཟང་མོ་ཁྱོད་ལ་འདུད།།
རྡུལ་བྲལ་སྟོང་པའི་དབྱིངས་ལས་འོད་གསལ་སྐུ།།
ཡེ་གདངས་ཁ་དོག་འོད་ལྔའི་རང་མདངས་ཅན།།
མཁའ་མཉམ་བཀོད་པ་ཆེན་པོའི་གཞིར་གྱུར་པ།།
རིགས་ཀྱི་ཡུམ་ལྔར་སྟོན་པ་ཁྱོད་ལ་འདུད།།
སྐྱེ་རྒུའི་ལས་སྣང་སྒྱུ་མའི་སྣང་བ་དང་།།
མཐུན་འཇུག་ཐབས་མཁས་ཡེ་ཤེས་སྒྱུ་མའི་གར།།
སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མཐའ་ཡས་པ།།
ཀུན་ནས་སྟོན་པར་མཛད་པ་ཁྱོད་ལ་འདུད།།
འཇིག་རྟེན་འདིར་ནི་བློ་དང་ངག་གི་དཔལ།།
སྩོལ་སླད་ཚངས་པའི་ཞལ་དང་ཡིད་ཀྱི་མཚོར།།
བརྟེན་བྱས་སྲིད་ཞིའི་དྭངས་བཅུད་སྙིང་པོའི་གཟུགས།།
སྒྲ་དབྱངས་རྒྱ་མཚོའི་ལྷ་མོ་ཁྱོད་ལ་འདུད།།
རབ་དཀར་ཡིད་འོང་ཟླ་བ་རྒྱས་པའི་མདངས།།
ལྷ་རྫས་དར་དང་རིན་ཆེན་མེ་ཏོག་བརྒྱན།།
ཙོག་པུའི་ཚུལ་བཞུགས་བཻཌཱུར་པི་ཝཾ་སྒྲས།།
སྤོབས་པའི་གཏེར་བརྒྱད་གྲོལ་མཛད་ཁྱོད་ལ་འདུད།།
ལ་ལར་རབ་དམར་བྱེ་རུའི་མདངས་ལྡན་མ།།
ཡིད་འཕྲོག་པདྨ་བཞད་པའི་ཞལ་བཟང་ཅན།།
རིན་ཆེན་དབང་གི་རྒྱལ་པོ་མེ་ལོང་བསྣམས།།
དྲན་པས་ངག་གི་དཔལ་སྩོལ་ཁྱོད་ལ་འདུད།།
དེ་བཞིན་གསེར་དང་མཐོན་མཐིང་མ་རྒད་སོགས།།
ཁ་དོག་དབྱིབས་དང་རྣམ་འགྱུར་སྣ་ཚོགས་པས།།
ཡིད་མཐུན་ལས་ཀྱི་དངོས་གྲུབ་སྣ་ཚོགས་པ།།
འགྲོ་ལ་སྩོལ་བར་མཛད་པ་ཁྱོད་ལ་འདུད།།
དམར་སེར་ཡིད་འོང་གཞོན་ནུའི་སྐུ་ཅན་ལ།།
ཁྱོད་ནི་བདེ་ཆགས་མཛེས་པའི་ཉམས་ཀྱིས་འཁྱུད།།
འཇིགས་རུང་གཤིན་རྗེའི་དགྲ་ལ་འབར་བའི་སྐུས།།
རྟག་ཏུ་དགྱེས་པ་སྐྱེད་མཛད་ཁྱོད་ལ་འདུད།།
རྒྱལ་ཀུན་ཡུམ་སྟེ་རྒྱལ་སྲས་རྣམས་ཀྱི་གྲོགས།།
འཇིག་རྟེན་འགྲོ་ལ་མཐུན་འཇུག་ཐབས་ཀྱི་གཉེན།།
སྣ་ཚོགས་སྒྱུ་མའི་རྣམ་རོལ་ཀུན་སྟོན་ཀྱང་།།
རྣམ་དག་ཡེ་ཤེས་སྐུ་མངའ་ཁྱོད་ལ་འདུད།།
སྤྲུལ་པ་རྒྱ་མཚོ་ཕྱོགས་དུས་ཀུན་ན་སྣང་།།
སྒྲ་དབྱངས་རྒྱ་མཚོས་མཐའ་ཡས་དོན་རྣམས་སྟོན།།
ཡེ་ཤེས་རྒྱ་མཚོའི་རྣམ་རོལ་འཛད་པ་མེད།།
དཔལ་ཡོན་རྒྱ་མཚོའི་བདག་ཉིད་ཁྱོད་ལ་འདུད།།
སྲས་བཅས་རྒྱལ་ཀུན་མཆོད་པས་དགྱེས་བསྐྱེད་ཅིང་།།
དམ་ཆོས་རྒྱ་མཚོའི་སྒྲ་དབྱངས་ཕྱོགས་ཀུན་སྒྲོགས།།
འགྲོ་ཁམས་རྒྱ་མཚོ་སྨིན་ཅིང་གྲོལ་མཛད་མ།།
ཕན་བདེའི་གཏེར་ཆེན་དཔལ་མོ་ཁྱོད་ལ་འདུད།།
རྒྱལ་ཀུན་ཤེས་རབ་རང་གཟུགས་ལྷ་མོ་ཁྱོད།།
ཕྱག་རྒྱའི་མཆོག་སྟེ་སྟོང་ཉིད་དབྱིངས་ཀྱི་གཟུགས།།
འཕོ་མེད་བདེ་བ་ཆེན་པོའི་གཏེར་གྱུར་མ།།
དཔལ་མོ་ཁྱོད་ལ་གུས་པས་བདག་འདུད་ན།།
ཁྱེད་སྐུ་ཡིད་འོང་ཟླ་བ་རྒྱས་པའི་ཞལ།།
དགྱེས་འཛུམ་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན།།
བདག་གི་སྙིང་དབུས་ཀུནྡའི་དགའ་ཚལ་འདིར།།
ཅི་དགར་འགྱེད་པའི་སྐལ་བཟང་ མྱུར་དུ་སྩོལ།།
ངང་པའི་བུ་མོ་སྒྲ་དབྱངས་རྒྱ་མཚོའི་བདག།
དགའ་བའི་སྒྲ་བཅས་རྩེད་འཇོའི་སྒྱུ་རྩལ་གྱིས།།
བདག་མགྲིན་འོ་མའི་རྒྱ་མཚོ་འདི་རོལ་ལ།།
རྨད་བྱུང་ཚིག་གི་སྤོབས་པ་ཉེ་བར་སྒྲུབ།།
མཐོང་བས་བདེ་ཆེན་འདྲེན་པ་ཁྱོད་ཀྱི་སྐུ།།
མཛེས་སྡུག་ཡིད་འོང་གཞོན་ནུའི་རོལ་རྩེད་ཀྱིས།།
བདག་གི་ཡིད་ལ་བདེ་དགའ་རབ་བསྐྱེད་ནས།།
སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པར་མཛོད།།
དེ་ཚེ་རང་རིག་གདོད་མའི་འཇམ་དཔལ་དང་།།
དབྱེར་མེད་དབྱིངས་ཀྱི་ལྷ་མོ་ཁྱོད་ཀྱི་ཞལ།།
མཐོང་བས་འོད་གསལ་གཉུག་མ་བདེ་ཆེན་ངང་།།
བདག་དང་ཁྱོད་ཉིད་འདུ་འབྲལ་མེད་ཐོབ་ཤོག།
མི་འཕྲོག་བློ་གྲོས་སྩོལ་ཅིག་དབྱངས་ཅན་མ།།
མི་བརྗེད་གཟུངས་གཏེར་སྩོལ་ཅིག་དབྱངས་ཅན་མ།།
མི་འཇིགས་སྤོབས་པ་སྩོལ་ཅིག་དབྱངས་ཅན་མ།།
ངག་གི་དབང་ཕྱུག་སྩོལ་ཅིག་དབྱངས་ཅན་མ།།
མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར།།
འབྲལ་མེད་ཐུགས་རྗེས་རྗེས་སུ་བཟུང་ནས་ཀྱང་།།
ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང་།།
བླ་མེད་མཆོག་གི་གྲུབ་པ་སྩལ་དུ་གསོལ།།
ཞེས་ཚིགས་སུ་བཅད་པ་མ་འདྲེས་པ་བཅོ་བརྒྱད་ཀྱི་གྲངས་ལྡན་འདི་ནི་རབ་ཚེས་ས་བྱ་ཟླ་བ་དགུ་པའི་ཚེས་ཉེར་གསུམ་ལ་གོ་ཐི་རི་ཁྲོད་བཀྲ་ཤིས་དཔལ་འབར་གླིང་དུ་མི་ཕམ་པ་མཚོ་བྱུང་བཞད་པའི་གེ་སར་གྱིས་ཤར་མར་བྲིས་པ་དགེ་ལེགས་འཕེལ།། མངྒ་ལཾ།།