མ་ཐུག་ཐུག་ཚེར་མཛེས་མ་ཞིག
རྩོམ་པ་པོ། ལྡོང་རོང་བསོད་ཐར།
ཨ་མཚར་ཁོག་ནག་བྱིས་པའི་མཚར་སྡུག་རི་མོ་ཡིན།།
ཁྱིམ་མཚེས་ཡིན་དུས་འདྲ་མིན་ལས་ལས་ཨེ་དྲན་ཁུ།།
དྲན་རུང་རྩེད་མོ་ཙམ་གྱི་རིན་ལས་མེད་ན་ཡང་།།
ཁོ་བོར་མཚོན་ན་དོན་དག་ཁ་ཤས་བརྗེད་འདོད་མེད།།
འུ་གཉིས་འབྲལ་ནས་དེ་རིང་འདི་ནས་ཐུག་པའི་དབར།།
ཉིན་ཞག་བགྲང་ན་ཉིས་སྟོང་ལྔ་བརྒྱ་ཉི་ཤུ་རེད།།
སོ་སོའི་ལམ་ནས་རང་དོན་འབའ་ཞིག་བྲེལ་བ་ནས།།
འུ་ཚོ་སུ་ཡང་ཕྱི་དྲན་ཁོམ་པའི་དུས་ཤིག་མེད།།
འཕྲལ་དུ་མཇལ་བ་དེ་རིང་མིག་གི་ལོངས་སྤྱོད་དེ།།
རེ་ཞིག་ཧད་པ་ཁྱེད་ཀྱི་ད་ལྟའི་མཛེས་སྡུག་སྟེ།།
སྙན་ངག་སྦྱོང་ནས་ཕལ་ཆེར་ལོ་ནི་ལྔ་དྲུག་སོང་།།
དེ་རིང་དཔེ་དང་འགྲན་བྱེད་མ་རྙེད་ངོ་རེ་ཚ།།
དེ་ལྟ་ན་ཡང་ཡིད་ཀྱི་འཁྲི་ཤིང་རལ་བའི་རྩེ།།
སྤུ་འཇམ་གོས་ཀྱིས་མཛེས་པར་སྤྲས་པའི་བྱེའུ་གང་།།
ལྷོད་ཀྱིས་བབས་ན་གུས་པའི་ཚུལ་གྱི་ཡལ་ག་དག །
ཅུང་ཙམ་སྒུལ་བའི་དྲན་པའི་གཏམ་ཞིག་འདི་རུ་བསྙིལ།།(ཁ་གསབ་བྱས་པ།)
ཡུལ་འདིར་སྐྱེས་པའི་བུད་མེད་སྐོར་ཞིག་མིག་ལ་ཡོད།།
ལོ་ངོ་བདུན་ཙམ་ས་མཐིལ་འདི་ནས་ནར་ཡང་སོན།།
གཞན་གྱིས་བསྙད་ན་ས་འདི་སྒེག་ལྡན་མཛེས་མའི་ཡུལ།།
ཨ་ཁ་ཁོ་བོའི་ཆུ་བུར་མིག་འདིས་མ་མཐོང་ཟིག །
ཞལ་དཀྱིལ་མཛེས་པ་དྲི་མ་ཞིག་གི་རྡུལ་ཙམ་མེད།།
གཡོ་བའི་མིག་ཀྱང་རྒུམ་འབྲུ་སྔོ་ནག་རྡོག་པོ་ཞིག །
མཆུ་ཡི་མཚར་སྡུག་ཁོ་བོས་ཇི་ལྟར་བརྗོད་ལགས་སམ།།
དྲན་པའི་ཚེ་ན་རང་ཁར་མཆིལ་མའི་རྒྱ་མཚོ་འཁྱིལ།།
ཁང་སྟེང་མར་ནས་ཁྱེད་ཀྱི་བྲང་གཞུང་སྙམ་མེད་མཐོང་།།
ལྷེན་སྣའི་ཡན་ཙམ་དངོས་སུ་མཐོང་བ་དགོངས་དག་ཞུ།།
ཧ་ཅང་གསལ་བའི་རི་མོ་འབུར་སོགས་མ་མཐོང་ཡང་།།
མ་མཐོང་ཚོད་ཀྱི་དགའ་བ་དེ་དག་སུ་ཡིས་ཤེས།།
རྒས་ཤ་མ་རེད་གཞོན་ཤ་ཡིན་པས་མཉེན་ལྕུག་གདའ།།
རྒྱ་ཡི་འཕགས་མའི་ཆུ་ཤེལ་སྐུ་ཞིག་འདྲ་ལེ་འདུག །
བསམ་བཞིན་བསམ་ལ་ཤ་འཇམ་ངང་ལག་ཤུན་པ་ཞིག །
ཡང་ཡང་རེག་པའི་ཚོར་བ་དེ་ཉིད་ཡོད་སྣང་འཆར།།
ལོ་ན་གཞོན་པས་མྱོས་བུམ་ཆེ་ཞིག་མེད་ན་ཡང་།།
སྨིན་པའི་དབྱིབས་དང་འབུར་བའི་ཚུགས་ཙམ་གསལ་བ་དེས།།
གུང་ཟས་ཟ་སྐབས་ཞིམ་པའི་ཚོར་སྣང་དག་དག་འཆར།།
ཅི་ཙམ་ཟོས་ཀྱང་སྐྱུག་མྱོང་མེད་པའི་བྱིན་རླབས་འཕོས།།
དཀུ་སྨད་སོགས་ཀྱང་ལྟ་བའི་དུས་ཚོད་མ་རེག་པ།།
མི་ཚོགས་མང་བས་འཕྱ་དམོད་གཏམ་ལ་དོགས་པ་འདྲ།།
འོན་ཀྱང་རྒྱང་དང་ལྐོག་ནས་ཐེངས་མ་འགའ་རེར་བལྟས།།
གླང་ཆེན་འགྲོས་ཀྱིས་ས་གཞི་མནན་པའི་ཟིལ་ཤུགས་མཐོང་།།
སྐེད་པ་ཕྲ་བ་སྣང་བའི་ཁམས་ཀྱི་ཆ་ཤས་རེད།།
གོམ་པོ་དག་ཀྱང་བླ་རྒན་ཚུལ་འཆོས་ཅན་ཞིག་འདྲ།།
རྒྱབ་ན་ལངས་པའི་གསར་བུ་ཕལ་ཆེར་ཤིང་སྐུ་རེད།།
འགྲམ་ན་ཡོད་པའི་བུད་མེད་དག་ཀྱང་རྒས་སྣང་ཤར།།
སྐྲ་ནི་མི་ཕྱང་ལྟག་ཀའི་མཚམས་སུ་མདུད་པ་ཡང་།།
གཞན་དང་མི་མཚུངས་དེ་ལས་མཛེས་པའི་སྣང་བ་འདུག།
སྐྲ་སོགས་ཕྱང་ནས་གྱོན་ཆས་ལ་སོགས་རྒྱས་སྤྲོས་ཚེ།།
བླ་འདི་འཁྱམ་ནས་གཅིན་པ་མི་ཤོར་ཡོད་རེད་སྐན།།
མདོ་སྨད་ས་ཕྱོགས་སྟོད་སྨད་ལྡོང་སྨྱོན་འཁྱམ་མྱོང་ཡོད།།
ཡུལ་དང་མཛེས་ལྗོངས་བུད་མེད་དག་ཀྱང་རིག་མྱོང་ཡོད།།
ཁྱེད་འདྲ་མཛེས་ཤིང་རྒྱུད་འཇམ་བུ་མོ་ད་རེས་ཙམ།།
གཅིག་ཡོད་རྒྱ་ནག་བུ་མོ་ལིན་མིང་ཙམ་དུ་ཟད།།(刘亦菲)
ཆུང་ནས་མཛེས་པ་འདི་བཞིན་ཁོ་བོས་ཤེས་གྱུར་ན།།
ཁྱེད་ཚང་ཁྱིམ་གྱི་སྒོ་རུ་ཡོང་ནས་ཕ་མ་གཉིས།།
སློང་བ་ཉིད་ནི་ཐེ་ཚོམ་སྤུ་ཙམ་མི་སྐྱེ་མོད།།
འོན་ཀྱང་འདི་དག་འཁྲུལ་བའི་ནང་ནས་འཁྲུལ་བ་རེད།།
ད་ནི་མི་བཤད་བུ་མོ་ཚེ་དགའ་བདེ་མོ་གྱིས།།
བདག་ནི་ཐག་རིང་དར་མདོའི་ཕྱོགས་སུ་འགྲོ་དགོས་ཏེ།།
འདི་དག་ཁུར་ནས་མར་མར་སོང་ན་དཀའ་ལས་རེད།།
དེ་བས་ལས་ཤིག་ཡོད་ན་རྗེས་དང་རྗེས་སུ་ཐུག །
2019ལོར་བྲིས་ཤིང་ཁ་གསབ་ཙམ་བྱས་པ།་