ཡི་གེའི་འཇུག་པའི་སྐོར་གྱི་དྲིས་ལན་བདུན།  བསོད་ནམས་རྒྱལ་མཚན།

文摘   2025-01-30 08:12   四川  

ཡི་གེའི་འཇུག་པའི་སྐོར་གྱི་དྲིས་ལན་བདུན། 


 ཉག་རོང་།  བསོད་ནམས་རྒྱལ་མཚན།


༡༽  དྲི་བ། ཅི་འདྲ་ཞིག་ལ་ཡི་གེའི་འཇུག་པ་ཟེར་རམ།
ལན།    ཡི་གེ་འབྱུང་བའི་སྡེ་ཚན་ས་ཆུ་མེ་རླུང་གི་ཁམས་ཀྱི་དབྱེ་བ་དང་འཇུག་ཚུལ་རྒྱས་པར་སྟོན་པའི་གཞུང་དེ་ལ་ཡི་གེའི་འཇུག་པ་ཅེས་ཟེར་རོ། །
༢༽ དྲི་བ། ཡི་གེའི་འཇུག་པའི་གཞུང་ལ་སྤྱི་སྡོམ་གྱི་ས་བཅད་དུ་ཡོད་དམ། སྐབས་འདིའི་ཁམས་ཞེས་པའི་དོན་གང་ཡིན།
ལན།    ༡ མིང་གཞིའི་ཡི་གེ་སྤྱིའི་ཁམས་ཀྱི་དབྱེ་བ་བཤད་པ་དང་། སྔོན་འཇུག་གི་ཁམས་ཀྱི་དབྱེ་བ་དང་འཇུག་པ་བཤད་པ། རྗེས་འཇུག་གི་ཁམས་ཀྱི་དབྱེ་བ་དང་འཇུག་པ་བཤད་པ་དང་གསུམ་མོ། ། ༢ སྤྱིར་མི་ལ་ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་འབྱེད་དུ་ཡོད་པ་བཞིན་ཡི་གེ་ལའང་འབྱུང་བའི་སྡེ་ཚན་ས་ཡིག་ཡིན་པའི་རྟགས་དང་། ཆུ་ཡི་ཡི་གེ་ཡིན་པའི་ཁམས་སོགས་ཡོད་པས། སྐྱེ་གནས་ཀྱི་སྒྲ་གདངས་སམ། ཡང་ན་བྱེད་རྩོལ་གྱི་ཆ་ནས་དེ་ཙམ་བཏགས་པ་ཡིན།
༣༽ དྲི་བ། རྩ་བ་འབྱུང་ཆུང་སྡེ་ཚན་ལྔ་བྱས་པའི། །རླུང་སྡེ་བརྒྱད་དང་བྷི་མྷིང་གཉིས། །བོར་བའི་ལྷག་མ་སུམ་ཅུ་པོ། །ཞེས་པའི་འབྱུང་ཆུང་སྡེ་ཚན་ལྔར་བྱས་པའི་སྡེ་ཚན་དང་པོ་རླུང་སྡེ་བརྒྱད་པོ་དང་བཞི་པ་དང་ལྔ་པའི་མཐའ་མ་བྷི་མྷིང་གཉིས་བཅས་ཡི་གེ་དེ་རྣམས་ལ་ཡན་ལག་གི་ཡི་གེ་ཡིན་པའི་དོན་གང་ཡིན།
ལན།     སྤྱིར་ཡི་གེ་དེ་ལ་ལུས་དང་སྲོག་གི་ཡི་གེ་དང་རྩ་བའི་ཡི་གེ་དང་ཡན་ལག་གི་ཡི་གེ་དུ་མ་འདུས་པ་བཤད་ཀྱང་། སྐབས་འདིར་དཔའ་བོ་འབྲུ་ལྔ་ལས་འཕྲོས་པའི་འབྱུང་ཆུང་སྡེ་ལྔའི་ནང་ཚན། རླུང་སྡེ་ཡི་གེ་བརྒྱད་དང་སྡེ་ཚན་བཞི་པའི་མཐའ་བྷི་དང་སྡེ་ཚན་ལྔ་བའི་མཐའ་མྷིང་གཉིས་བཅས་ཡི་གེ་བཅུ་ཐམ་པ་དེ་ལ་ཡན་ལག་གི་ཡི་གེ་ཡིན་པའི་དོན་འཇུག་པ་ལ་གཉིས་ཏེ།   ༡  དང་པོ་སྤྱིར་ཡན་ལག་གི་ཡི་གེ་དེ་ལ་དབྱངས་དང་གསལ་བཤད་གཉིས་སུ་ཡོད་པ་དང་སྐབས་འདིར་ཡན་ལག་གི་ཡི་གེ་ནི་རང་ཉིད་ཡི་གེ་ལུས་སམ་གཟུགས་བྱེད་མི་ཐུབ་པའི་ཡི་གེ་དེ་ལ་གོ ༢  གཉིས་པ་གོང་དུ་ཡན་ལག་གི་ཡི་གེ་བཅུ་དེ་ལ་རང་ཉིད་ཡི་གེའི་ལུས་བྱེད་མི་ཐུབ་པས་གསལ་བྱེད་ཡི་གེ་དེའི་ཡན་ལག་གམ་ཆ་ཤས་ཙམ་གྱི་བཏགས་པ་ཡིན་ནོ། །
༤༽ དྲི་བ། རྩ་བ་སྡེ་ཚན་ལྔ་རུ་བསྡུ་དགོས་ཏེ་ཞེས་པའི་འཕྲུལ་ཡིག་བཞི་བཅུ་ཐམ་པ་ལས་བོར་བའི་ལྷག་མ་སུམ་ཅུ་པོ་དེ་སྡེ་ཚན་ལྔ་པོ་འབྱེད་བྱེད་གང་ཡིན་ནམ།
ལན།     ཡི་གེ་དེ་དག་ཀློག་པའི་ཚེ་སྒྲ་གདངས་ཀྱི་སྒོ་ནས་འབྱེད་པ་ཡིན་ཏེ། ཀློག་པའི་ཚེ་ན་སྒྲ་རྩོལ་དྲག་པ་དང་། བར་མ། ཞན་པ། ཤིན་ཏུ་ཞན་པ། ཆེས་ཤིན་ཏུ་ཞན་པའི་དབང་གིས་ཕྱེ་བ་ཡིན་ནོ། །
༥༽ དྲི་བ། རྩ་བ་ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས་ཞེས་པའི་གསལ་བྱེད་ཀུན་ཀྱི་སྲོག་ཏུ་ཨ་ཡོད་དམ་མེད།
ལན།     གསལ་བྱེད་ཀུན་ཀྱི་སྲོག་ཏུ་ཨ་ཡོད་མོད་ཀྱང་། འོ་ན་ཨ་དེ་དབྱངས་ལ་ཁས་ལེན་དགོས་པར་ཐལ། གསལ་བྱེད་ཀུན་ཀྱི་སྲོག་ཏུ་ཞུགས་པས་ཕྱིར་ཞེ་ན། དབྱངས་ཡིན་པར་འདོད་ཀྱང་། དབྱངས་དང་གསལ་བཤད་གཉིས་སུ་ཕྱེ་བས་དབྱངས་ཡིན་པར་མ་གྲུབ་སྟེ། དབྱངས་དང་གསལ་བྱེད་གཉིས་སུ་ཕྱེ་བའི་དབྱངས་དེ་ཡན་ལག་གི་ཡི་གེའམ་རང་ཉིད་ཡི་གེ་ལུས་བྱེད་མི་ཐུབ་པ་ལ་འདོད་པས་སོ། །
༦༽ དྲི་བ།  རྩ་བ་ཆུ་ཡིག་གཉིས་ཀ་ད་ལྟའི་ཆེད། །ས་ནི་འདས་པ་སྟོན་ཕྱིར་རོ། །ནམ་མཁའ་དུས་གསུམ་མཉམ་པའི་ཕྱིར། །མེ་ནི་མ་འོངས་བསྒྲུབ་ཕྱིར་རོ། ། ཞེས་པའི་སྔོན་འཇུག་ལྔ་ཡི་རང་རང་འཇུག་ཡུལ་གྱི་མིང་གཞི་རྣམས་ལ་དུས་ཀྱི་སྒོ་ནས་དེ་དག་ལ་འཇུག་དགོས་པའི་དོན་གང་ཡིན།
ལན།     སྔོན་འཇུག་ལྔ་ཡི་རང་རང་གི་འཇུག་ཡུལ་གྱི་མིང་གཞི་དེ་དག་ལ་དུས་ཀྱི་སྒོ་ནས་འཇུག་ཚུལ་ནི། བྱ་ཚིག་དེ་དག་ལ་དུས་ཀྱི་སྒོ་ནས་མང་སོང་བས་བཏགས་པར་མ་ཡིན་པ་དུས་ཀྱི་སྒོ་ནས་སྒྲ་སྦྱོར་དེ་དག་ལ་དུས་གསུམ་གཟུགས་མི་འགྱུར་བ་གཙོ་ཆེ་བ་དང་ཡང་ན་བྱ་ཚིག་དེ་དག་ལ་བྱེད་པ་པོ་དང་བྱེད་ལས་གསལ་བྱེད་ཀྱི་སྒྲ་གཉིས་སམ་བདག་གི་དངོས་པོ་དང་བྱེད་པའི་དངོས་པོ་གཉིས་དུས་ཀྱི་སྒོ་ནས་འཇུག་པ་གཙོ་ཆེར་ཡིན་པར་བསྟན་ནོ། །
༧༽ དྲི་བ།    ཡི་གེ་འཇུག་པའི་སྐབས་ཀྱི་བྱ་བྱེད་ཐ་དད་པའི་བྱ་བའི་དབྱེ་བ་ཡོད་མེད་དང་རྣམ་དབྱེ་ཕྲད་ཀྱི་སྐབས་སུ་རྣམ་དབྱེ་གཉིས་པ་འཇུག་ཡུལ་གྱི་བྱ་ཡུལ་དང་ཡི་གེ་འཇུག་པའི་སྐབས་ཀྱི་ལས་སམ་བྱ་ཡུལ་གཉིས་འདྲའམ།
ལན།   དང་པོ་ནི། ༡ ཡོད་དེ། བྱེད་པ་པོ་དང་ལས་ཀྱི་དངོས་པོ་གཉིས་དོན་ཐ་དད་པའི་བྱ་བྱེད་ཐ་དད་པའི་བྱ་བ་དང་།  ༢ བྱེད་པ་ཙམ་དང་ལས་ཀྱི་དངོས་པོ་གཉིས་དོན་ཐ་དད་པའི་བྱ་བ་དང་གཉིས་ཡོད།  དང་པོ་ནི། དཔེར་ན། སློབ་མ་ཡིས་སུམ་རྟགས་བརྩམས་ལྟ་བུའི་བརྩམས་པའི་བྱ་བ་དང་། གཉིས་པ་ནི། དཔེར་ན། གད་སྙིགས་ཆུ་ཡིས་ཁུར་ལྟ་བུའི་ཁུར་བའི་བྱ་བ་དེ་ཡིན་ནོ། །  གོང་དུ་དྲི་བ་གཉིས་པའི་ལན་ནི། མི་འདྲ་སྟེ། དང་པོ་ནི། རྣམ་དབྱེ་གཉིས་པ་ལ་དོན་སྦྱོར་སའི་ཡུལ་ལམ་སྐབས་དེའི་བྱ་བ་བྱེད་སའི་ཡུལ་ཙམ་ལ་གོ་བ་ཡིན། དཔེར་ན། རྩྭ་ཐང་དུ་ནོར་ལུག་འཚོ་ལྟ་བུའི་རྩྭ་ཐང་དེ་མཚམས་སྦྱོར་ཕྲད་ཀྱི་སྐབས་ཀྱི་རྣམ་དབྱེ་གཉིས་པ་འཇུག་ཡུལ་གྱི་བྱ་བའི་ཡུལ་དེ་ཡིན་པ་ལྟ་བུ་དང་།
གཉིས་པ་ནི། བྱ་བ་གང་ཞིག་ཡིན་ཡང་དེས་བསྒྲུབ་པར་བྱ་རྒྱུའི་ལས་ཀྱི་དངོས་པོའམ་ཡང་ན་བྱ་བྱེད་ལས་གསུམ་སྐབས་སུ་འཆད་པའི་དངོས་པོ་བདག་གཞན་གཉིས་སུ་ཕྱེ་བས་དངོས་པོ་གཞན་ལ་གོ་བ་ཡིན། དཔེར་ན། རྩྭ་ཐང་དུ་ནོར་ལུག་འཚོ་ལྟ་བུའི་འཚོ་བར་བྱ་རྒྱུའི་ནོར་ལུག་དེ་སྐབས་དེའི་ལས་སམ་བྱ་ཡུལ་ཡིན་ནོ། ། དེ་ནི་རང་ལུགས་གཤེན་གྱི་ 《བརྡ་སྤྲོད་ཉི་ཤུ་བདུན་པའི》་དགོངས་པ་ལ་ཕུགས་བཅོལ་ཏེ་བདག་བློས་ལྕོགས་ཚོད་ཙམ་གྱིས་བྲིས་སོ། །
 
སླར་སྨྲས་པ།
           མ་རིག་མ་མཐོང་བདག་གིས་ལས་འདི་ཉིད། །
           ཡེ་ཤེས་འཕེལ་བའི་རྒྱུ་ཡང་མ་ཡིན་མོད། །
           མཚན་ལྡན་བཤེས་གཉེན་རྣམས་ཀྱི་མདུན་དྲུང་དུ། །
           རྩེ་གཅིག་སྒོ་གསུམ་གུས་པས་བཤགས་པར་གསོལ། །
                                 
                               བརྡ་སྤྲོད་སྐོར་གྱི་དྲིས་ལན་བདུན་བྲིས་པ་འདི་ནི་བོད་ཁ་བ་གངས་ལྗོངས་ཤེས་རིག་གཏེར་གྱི་བང་མཛོད་བརྡ་དག་རིག་པའི་སྐོར་ལ་མཁས་པའི་སྐྱེས་བུ་དམ་པའི་ཞལ་ཕྱེས་རྣམས་དང་ཡང་ན་རང་ལུགས་གཤེན་གྱི་《བརྡ་སྤྲོད་ཉི་ཤུ་བདུན་པའི》 སྐོར་གྱིས་དོགས་སློང་དང་དེ་ལ་འཇུག་པའི་སྒོ་ནས་སྤྱི་ལོ་༢༠༢༥ལོའི་ཟླ་བ་༡ཚེས༢༥ཉིན་ཉག་བསོད་ནམས་ནས་མདོ་སྨད་རྔ་ཡུལ་བོན་གྱི་གདན་ས་ཆེན་མོའི་སྣང་ཞིག་དགོན་ཆེན་ནས་བྲིས་པར་དགེའོ། ། ཞལ་དྲོ།
   

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章