ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེའི་བརྟན་བཞུགས་གསོལ་འདེབས་སྒྲོན་དྲུག་སྣང་བའི་མུ་ཁྱུད་བཞུགས་སོ། །
ཡེ་ནས་འཇིགས་༵བྲལ་མི་མངའ་གདོད་མའི་གཤིས།།
རིག་སྣང་འགག་མེད་༵འོད་གསལ་གཉུག་མ་ཉིད།།
རྣལ་འབྱོར་དབང་༵ཕྱུག་༵རིག་པ་རང་ཤར་དང་།།
དབྱེར་མེད་བདག་ཉིད་དྲིན་ཅན་བླ་མར་འདུད།།
སྐུ་མཆོག་མི་འགྱུར་ཨ་ཛི་ལུང་ལས་བཞད།།
གསུང་མཆོག་མི་འགག་ཐེག་དགུའི་བང་རིམ་བརྩེགས།།
ཐུགས་མཆོག་མི་གཡོ་གཉུག་མའི་དྲོད་ཚད་རྫོགས།།
རྒྱལ་ཚབ་འཇིགས་མེད་དབང་ཕྱུག་གསོལ་བ་འདེབས།།
ལྟ་བ་ལ་ཆེན་ཝེར་སྙིང་མི་འགྱུར་བཟླས།།
སྒོམ་པ་སྒྲོན་དྲུག་འཇའ་འོད་ལན་བདུན་འཁྱུད།།
སྤྱོད་པ་དྲང་སྲོང་ཁྱུང་༷ལུང་༷རྟོགས་ལྡན་མཆེད།།
འགྲོ་དོན་ཕྱོགས་མེད་དངུལ་༷མཁར་༷གཉིས་པར་གྲགས།།
ཕྱི་ལྟར་དྲི་མེད་སྙིང་པོའི་མཛད་རྗེས་ངོམ།།
ནང་དུ་འཇིགས་༵མེད་༵དབང་༵པོའི་རྣམ་ཐར་ཕྱུག།༵
གསང་བ་རིག་པ་རང་ཤར་ཐུགས་དམ་འཆང་།།
ཤར་རྫའི་རྒྱལ་ཚབ་ངེས་དོན་མཚན་སྙན་འབར།།
གང་གི་གསང་གསུམ་མི་ཤིགས་གཡུང་དྲུང་ཁམས།།
བགྲང་ཡས་བསྐལ་པའི་བར་དུ་བཞུགས་གསོལ་འདེབས།།
རྣམ་བཞིའི་མཛད་བཟང་ཕྱོགས་ལས་རྣམ་པར་རྒྱལ།།
ཆེད་བྱ་དོན་གཉེར་ཡིད་བཞིན་འགྲུབ་པར་ཤོག།
ཅེས་ངེས་པ་དོན་གྱི་བྱ་བྲལ་བ་ཆེན་པོ་དཔལ་ཤར་རྫའི་རྒྱལ་ཚབ་དམ་པ་འཇིགས་མེད་རིག་པའི་དབང་ཕྱུག་རིན་པོ་ཆེ་མཆོག་གི་སྐུ་འཚོ་དཔལ་དུ་དགེ་ཞིང་འགྲོ་དོན་མུ་མཐའ་བྲལ་ཏེ། རྟག་ཏུ་འཁོར་ལོ་གསུམ་གྱིས་དུས་འདའ་བ་དང་། ད་ལན་ཡང་ཁོང་ཉིད་ལ་དབྲ་སྤྲུལ་རིན་པོ་ཆེ་མཆོག་ནས་ཆེད་ཞུས་ལྟར་ཤར་རྫ་རིན་པོ་ཆེའི་ཨ་ཁྲིད་ཀྱི་རྗེས་བྱ་རིམ་པའི་སྐོར་འཆད་ཁྲིད་མཛད་བཞིན་བཞུགས་པ་ལ་ཁེལ་བར་བྱུང་ཏེ། འོ་ཅག་ཟུར་ཞུགས་པ་རྣམས་ཀྱིས་ཀྱང་དེ་དང་བསྟུན་ནས། རྫོགས་པ་ཆེན་པོ་ཡང་གསང་གནས་ལུགས་ཕུག་ཆོད་ཀྱི་སྐོར་རྣམས་སྔ་ཕྱི་རིམ་པས་ཞུ་བའི་གོ་སྐབས་འཕྲད་ཅིང་། དེས་ན་ཁོ་བོ་ཡང་མཁན་སྤྲུལ་རྣམ་པའི་གཙོས་གཡུང་དྲུང་སྤུན་གྲོགས་རྣམས་དང་སྐལ་བ་མཉམ་ཞིང་ཁ་ཕྱོགས་གཅིག་མཐུན་སྒོ་ནས། གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་འགྲོ་དོན་མཐའ་རུ་ཕྱིན་པའི་གསོལ་བ་ཡང་ཡང་འདེབས་བཞིན་བོད་ཤིང་འབྲུག་ལོའི་ཟླ་བ་༦ པ་ཕྱི་ཚེས་༡༧ ཉིན་ལ་གནས་མཆོག་ཤར་རྫ་ཝེར་སྙིང་གི་དབེན་ཁྲོད་དགེ་ཐང་པདྨ་རྒྱས་པའི་གཡོན་ཟུར་དུ་ཁྲོམ་རྒྱང་ཤེལ་ནས་གུས་འདུད་དང་བཅས་པས་སྦྱར་བ་དགེའོ།།
སྤྱི་ལོ༢༠༢༤-༨-༢༡ ལའོ།། བཀྲ་ཤིས་སོ། །