ཀ་རྩོམཀ་རྩོམ་དུག་གི་ཚེར་མ།
བདེན་དུངས།
ཀ་རྩོམ་འབྲི་བའི་ཆུ་ཚད་མ་ལྡན་ཡང་།།
ཁ་པར་ལ་སོགས་འཁྱུགས་དབྱིངས་ཐད་གཏོང་ནང་།།
ག་དུས་ཡིན་ཡང་གང་དྲན་བྱེད་མཁན་འགའ།།
ང་ཡིས་མཐོང་ཐོས་དྲན་རེག་ཡི་གེར་བཀོད།།
ཅ་ཅོའི་ལབ་གླེང་དར་བའི་དྲྭ་ལམ་རྒྱུད།།
ཆ་རྒྱུས་མེད་པའི་དྲྭ་འབྲེལ་ཚོང་དཔོན་དང་།།
ཇ་ཆང་མཚར་གླུ་ལེན་མཁན་དྲྭ་གྲགས་འགའ།།
ཉ་མོ་ཆུ་དང་འཕྲད་འདྲ་དྲྭ་ཐོག་གནས།།
ཏ་ལེར་འབྲལ་མེད་དེ་ཚོ་ལྟ་མཁན་རྣམས།།
ཐ་ན་དུས་ཚོད་དཔལ་འབྱོར་ཤོར་བ་དང་།།
ད་དུང་མཐོང་བྱེད་དབང་པོ་ཉམས་པ་སོགས།།
ན་ཚོད་རྒན་དར་གཞོན་གསུམ་རེ་གཉིས་མིན།།
པ་ཊུ་ཡིན་མདོག་བྱེད་མཁན་ཁྲམ་པ་དང་།།
ཕ་སྐད་མ་ཡིག་མི་སྤྱོད་གཞོན་པ་སྟེ།།
བ་ཉལ་མཛོ་གྲོད་ཁ་མཁས་ཁོག་སྟོང་ཚོ།།
མ་ཡིན་ཡིན་མདོག་ཅན་ལ་རྒྱབ་སྐྱོར་མཚར།།
ཙ་གེ་ཙིག་གེ་བྱུག་རྫས་འཚོ་བཅུད་སོགས།།
ཚ་ཚོད་མེད་པའི་ཕན་ནུས་ཡོད་མེད་དེ།།
ཛ་དྲག་གནས་ཚུལ་ཡིན་པས་མ་དཔྱད་ན།།
ཝ་མོའི་གཡོ་འོག་ཚུད་མཁན་ང་ཁྱོད་མིན།།
ཞ་བོ་འོང་པ་ལྐུགས་པ་ལོང་བ་འཁྲབ།།
ཟ་ཉལ་འགྲོ་འདུག་དཀའ་ཁག་ཆེ་མདོག་དང་།།
འ་ཆད་འུ་ཐུག་མིན་ཡང་ཡིན་ཁུལ་བྱེད།།
ཡ་རབས་སྤྱོད་བཟང་མི་རྣམས་མགོ་སྐོར་གཏོང་།།
ར་ལུག་ཇི་བཞིན་རྐང་ཤུབས་ཁ་ཁུར་བྱེད།།
ལྭ་བ་ཡོད་ལ་མེད་པའི་ཤ་མཚན་ངོམ།།
ཤ་ཉེ་མིང་སྲིང་བར་ལ་ངོ་ཚ་བོར།།
ས་ཡ་དྲུག་གི་རྐང་འདྲེན་མིན་ན་ཅི།།
ཧ་ལམ་ཡོད་ཚད་ཤོག་སྒོར་ཁོ་ནའི་ཆེད།།
ཨ་ཙི་ཨ་ཙི་དེ་འདྲའི་སྤྱོན་ངན་ལ།།
ཧ་ཅང་དགེ་མཚན་ལྡན་པའི་ལས་དབུལ་ཡང་།།
ཨ་ཁ་དེ་འདྲའི་ཞབས་འདྲེན་མ་ཞུ་རོགས།།