སྐུ་གསུང་ཐུགས་ཀྱི་རྟེན་གསུམ{གང}བཞེངས་ཀྱང་། ཆགས་ཚད་ལྡན་ཅིང་ཡོད་འོང་བྱིན་དང་ལྡན། ནང་རྫོང་རྒྱབ་ཡིག་མ་ནོར་ཚང་པ་དང་། དུས་བཟང་རབ་གནས་ཆོ་ག་མ་འཁྲུག་ན། སྐྱབས་ཡུལ་ཕྱག་མཆོད་བཀུར་བསྟི་ཅི་བྱས་ཀྱང་། བདག་གཞན་འདི་ཕྱིའི་དགོས་འདོད་ཀུན་འབྱུང་འགྱུར། ཞེས་དང་། གཞིའི་རྟེན་གཟུངས། མངའ་དབུལ་རྫོགས་ནས་རིག་བཅས་འགྱུར། གཞི་མེད་ལྡེར་ལྡེར་པོ་ནི་བེམ་པོ་ཡིན། ཞེས་སངས་པོ་འབུམ་ཁྲིས་གསུངས་སོ། །ཞེས་གསུངས་སོ། །
རྟེན་གྱི་གཟུངས་གཞུགས་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་ལས།
དེ་ནས་རིང་པོ་མ་འགྱོང་བར་འཕེལ་ཕྱོགས་གཟའ་སྐར་ཚེས་གྲངས་དུས་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དུས་དབུ་འཛུག་སྟེ། རབ་ཏུ་གནས་པའི་རིམ་པ་ཁྲོ་ཀློང་རྣམ་གསུམ་རྣམ་པར་རྒྱལ་བ་དང་བཞི་སྦྲག་སྟེ་རྒྱས་པར་བྱའོ། །སླར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་ཀྱང་། སྔོན་གྱི་རིག་འཛིན་གོང་མ་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་རབ་ཏུ་གནས་པ་ཡིན་ན་མ་གཏོགས། དེ་མིན་བཞེངས་བཀོད་བྱས་པའི་རྟེན་ཐ་དག་དང་། ལྷག་པར་དུས་རྒྱུན་དུ་བསྙེན་སྒྲུབ་གསོལ་མཆོད་སོགས་མེད་པའི་ལྷ་ཁང་དང་། སྐུ་ལྡེར་གཟུགས་བརྙན་འདྲ་མིན་ཡོད་པ་སོགས་ལ། རྒྱལ་བསེན་འབྱུང་པོའི་རློམ་ཤིང་ཞུགས་པ་མང་བས། རབ་གནས་ལོ་རེ་བཞིན་སྤོག་པ་རྒྱུད་ལུང་ཐ་དག་ནས་གསུང་པས། གལ་གནད་ཤིན་ཏུ་ཆེ་བར་འདུག་གཤིས་ཀྱིས་ཟབ་རྒྱ་དུ་མཛད་པར་ཞུ། ཞེས་གསུངས་སོ། །
སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་མཆོད་རྟེན་ལ་གཟུངས་གཞུག་འབུལ་ཚུལ་གཡའ་བྲལ་ཤེལ་གྱི་མེ་ལོང་ལས།
གཟུངས་རྣམས་འབུལ་ཚར་བ་དང་། སྐུ་གཟུགས་མཆོད་རྟེན་གན་འཇི་ར་རྒྱལ་མཚན་གང་ཡིན་ཀྱང་རབ་གནས་སྐོར་གསུམ་གྱི་ཕྱག་ལེན་ལྟར་མངའ་དབུལ་ཞལ་བསྲོ་རྒྱས་པར་བྱ། ལོ་རེ་བཞིན་དུ་བླ་མ་ཁྱད་པར་ཅན་གྱི་རབ་གནས་ཡང་ཡང་བསྐྱར། དེ་མིན་ན་ལས་དུ་{དུས}རྐྱེན་དབང་གིས་རྟེན་{གྱི}བྱིན་རླབས་ཉམས་འགྲོ་བར་བཤད་པས་སོ། །
དབྲ་དཀར་དགེ་བཤེས་ཟིན་ཤོག