དིང་རི་བ་ང་ཚོ་མཉམ་དུ་ཡོད། ཁམས࿐སྙུག་ལྕེ།

文摘   2025-01-11 19:03   四川  

དིང་རི་བ་ང་ཚོ་མཉམ་དུ་ཡོད།


                                      ཁམས࿐སྙུག་ལྕེ།


སྐྱེ་ནས་འཆི་བ་དང་འཆི་ནས་སྐྱེ་བ་ཐམས་ཅད་འཇིག་རྟེན་གྱི་ཆོས་ཉིད་ཡིན་མོད།
འོན་ཀྱང་།
དཀོན་མཆོག་ལ་དད་ཅིང་།
ལས་འབྲས་ལ་མོས་པའི་དིང་རི་བ།
ཁྱོད་ཚོའི་མཛེས་སྡུག་གི་ཁོར་ཡུག་དེ་ཉིད་གློ་བུར་དུ།
མྱ་ངམ་གྱི་བྱེ་ཐང་ཞིག་ཏུ་གྱུར་དུས།
དྭངས་གཙང་གི་སེམས་ཁམས་ལ་སྡུག་བསྔལ་གྱི་རྒྱ་མཚོ་འཁྱིལ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།
དྲང་བདེན་གྱི་ལམ་ནས་དྲང་བདེན་གྱི་འཚོ་བ་རོལ་གྱིན་པའི་དིང་རི་བ།
སྡུག་རྩུབ་ཀྱི་རླུང་བུའི་སྒུལ་ཤུགས་དེ་སུས་ཀྱང་འགོགས་མ་ཐུབ་པས།
ས་ཆེན་གྱི་ཁོག་པ་འདར་དུ་བཅུག་དུས།
གྲང་ཤུར་ཤུར་གྱི་རི་གྲོང་དེ་ནས་བཞུད་ཟིན་པའི་ཁྱོད་ཅག་གི་རྣམ་ཤེས་ལ་རྗེས་ཤུལ་མེད་ལ།
ཤུལ་དུ་ལུས་པའི་ཡུལ་མི་ཚོའི་འཚོ་བའི་དཀའ་སྡུག་ནི་དེ་བས་ཀྱང་བརྗོད་ཐབ་བྲལ།
ཆུང་ནས་ནང་སེམས་སུ་བྱམས་བརྩེས་ཁྱབ་ཅིང་།
ཞི་སེམས་ཀྱི་སྤྱོད་པ་ནམ་ཡང་དོར་མ་མྱངས་བའི་ཁ་བའི་མི་རིགས།
ཁྱོད་ཚོའི་བླ་ཡིད་སེམས་གསུམ་བོད་ལ་འཁོར་ཞིང་།
ཚེ་ལུས་སྲོག་གསུམ་གངས་ལ་བཞག་ཡོད་པ་ང་ཚོས་ལོས་ཤེས།
རེད་དེ།
སྐད་ཅིག་སྐད་ཅིག་འདི་ལྟར་སྐྱོ་འོས་པའི་སྡུག་བསྔལ་ཞིག་ཁྱོད་ཅག་ལ་ཅིའི་ཕྱིར་བྱུང་བ་ཡིན་ནམ།
མཐོ་སྒང་གི་ཞིང་འབྲོག་སྐྱོང་བའི་འདུ་ཤེས་ཟབ་ཅིང་།
གངས་ཀྱི་རི་ཆུ་ལ་གཅེས་སྲུང་གི་དུང་ཞེན་ཆེ་བའི་མི་རིགས་ཤིག་ལ།
བསམ་ཡུལ་ལས་འདས་པའི་གོད་ཆགས་ཆེན་པོ་འདི་ལས་དབང་ཅི་ཞིག་གི་བཀོད་སྒྲིག་ཡིན་ནམ།
ས་ཆེན་ཤིག་ཤིག་ཏུ་འདར་བའི་དགོང་མོ་དེར།
ཆེས་དྭངས་བའི་ནམ་མཁའ་ལ་ཐལ་རྡུལ་གྱི་གང་ཞིང་།
ས་གཞི་ལ་འབག་གཙོག་གིས་སྒྲིབ་དུས།
ཉི་ཟླ་དང་བར་ཐག་རིང་བའི་དིང་རི་བ།
གདོང་པར་སྐྱོ་ཉམ་གྱི་ཁེངས་པའི་གངས་ཅན་པ།
ཁྱོད་ཚོ་ད་ལྟ་དཀར་ངོགས་མེད་པའི་འཇིག་རྟེན་ཞིག་ན།
སེམས་པ་གྲང་འཁྱག་གི་བརླན་ནས་བསྡད་ཡོད་པ་ངས་ཤེས་ཀྱི་ཡོད་མོད།
འོན་ཀྱང་།
ང་ལ་འཇོན་ནུས་ཅི་ཡང་མེད་པས་ན།
ཁྱོད་ཅག་ལ་རྒྱུ་དང་དཔལ་འབྱོར་གྱི་རོགས་རམ་མ་ནུས་པས།
ང་ཡང་སྐྱོ་བཞིན་ཡོད་ལ་སྡུག་གིན་ཡོད།
རེད་དེ་ངའི་སེམས་པ་ཁྱོད་ཅག་གི་ཕྱོགས་སུ་ཡོད་པས།
ངས་ལེ་བར་ཁྲི་ཕྲག་གི་ལམ་ནས།
དིང་རི་བའི་འདས་པོ་རྣམས་ལ་བསྔོ་སྨོན་དང་།
ད་ལྟ་གསོན་ཡོད་པ་རྣམས་ལ་སེམས་གསོའི་ཚུལ་དུ་འདི་ལྟར་བྲིས་པ་ཡིན།
ངའི་དིང་རི་བ་ང་ཚོ་མཉམ་དུ་ཡོད།
གདུང་སེམས་མཉམ་དུ་སྐྱེད།


扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章