སྔོན་གླེང་།
སྲིད་པ་ཆགས་པའི་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་ཤིང་
ནང་བཅུད་སྐྱེ་འགྲོ་སེམས་ཅན་གྱི་ལས་ནི་སྐལ་པ་དང་ལྡན་ཏེ།
ལུང་རྟོགས་ཉི་ཟླ་ཟུང་གི་བསྟན་པ་སངས་རྒྱས་གཡུང་དྲུང་བོན་ནི་
དར་ཞིང་རྒྱས་པར་བཞུགས་ཤིང་། དེ་དག་འཛིན་སྐྱོང་སྤེལ་གསུམ་
གྱི་འཕྲིན་ལས་རབ་ཏུ་བསྐྱངས་པའི་སྔོན་བྱོན་མཁས་གྲུབ་དག་
ཐུགས་དགོངས་རྒྱ་ཆེ་ལ་གསུང་ཟབ་མཚོ་མོ་ལས་གཏིང་རིང་བ།
སྐུ་ཚེ་ཉི་ཟླ་བཞིན་གླིང་བཞི་ཀུན་ལ་ཁྱབ་བོ།། དེ་ལས་བསྟན་པའི་
ཕྱི་མོ་གཡུང་དྲུང་གི་བོན་རིན་པོ་ཆེའི་དགོངས་དོན་བདེ་ལེགས་
སུ་རྟོགས་ཕྱིར་གཞུང་ལུགས་རྒྱ་མཚོ་བསྐྱིལ་བའི་མཁས་པ་རྣམས་
སྤང་ལ་ཤ་མོང་རྡོལ་བ་བཞིན་འཁྲུངས་པའི་སྐྱེས་མཆོག་རྣམས་
ནི། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་
མིང་ཡང་མེད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། བླ་མ་
དག་ལ་བརྟེན་ནས་བྱུང་།། ཞེས་གསུངས་པ་ལྟར་དུས་གསུམ་གྱི་
སངས་རྒྱས་རྣམས་ཀྱང་བླ་མའམ་སློབ་དཔོན་གྱི་དགོངས་རྟོགས་
ཡོན་ཏན་ལས་བྱུང་བ་ཡིན་པས་མཐར་ཐུག་གི་བདེ་བའི་མཆོག་
ཐོབ་པ་ལ་ལུང་རྟོགས་བསྟན་པའི་དགོངས་དོན་རྙེད་དགོས་ལ། དེ་
རྙེད་པ་ལའང་བླ་མ་སློབ་དཔོན་བསྟེན་དགོས་སླད། དེ་དག་གིས་
གསུངས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་དག་སྐྱེ་དགུ་
འགྲོ་བའི་མིག་གི་དཔྱིད་དུ་དར་རྒྱས་སུ་བྱུང་ན་དེ་ལས་ཀྱང་དགེ་
ལས་ཤིག་རྙེད་དུ་མེད་དོ།། རྒྱུ་མཚན་དེ་དག་གིས་ཕྱིར། ད་ལན་
རྨེའུ་མཁས་པ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི《གཞི་
ལམ་འབྲས་གསུམ་གྱི་དོན་གསལ་བར་བཤད་པའི་རྣམ་བཤད་
ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།》ཞེས་པ་འདི་ཤེས་
འདོད་སློབ་བུའི་ཚོགས་ལ་གཟིགས་བདེ་བའི་ཆེད་དུ་དཔར་སྐྲུན་
བྱས་པ་ལགས། ཞལ་རྩོམ་འདི་ནི་གཞན་སྡེའི་རྩོམ་ལུས་ཉི་ལེ་བའི་
ཤན་མ་ཞུགས་པར་བོན་རང་གི་རྩོམ་སྟངས་ཁྱད་ཆོས་འབུར་དུ་
ཐོན་པའི་རྩལ་བཏོན་ཡོད་ཅིང་ནང་དོན་ཟབ་ལ་བླ་མ་གོང་མའི་
གདམས་དོན་ཇི་བཞིན་མར་གཏན་ལ་ཕབས་པ་ཞིག་ཡིན་པར་
གདའ། འགྲེལ་འདི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་ས་མཐའི་
དབེན་པའི་གནས་སུ་མཛད་པའི་ལེའུ་གསུམ་གྱི་བདག་ཉིད་ཅན
《གཞི་ལམ་འབྲས་བུའི་དོན་གསལ་རྣམ་འབྱེད་རྒྱན་ཞེས་བྱ་བ་
བཞུགས་པ་ལགས་སོ།།》ཞེས་པ་དེའི་འགྲེལ་བ་ཡིན་ཞིང་མཛད་པ་
པོ་རྨེའུ་མཁས་པ་རྒྱལ་མཚན་མཆོག་ལེགས་ཡིན། བོན་གྱི་ཐུན་མོང་
མ་ཡིན་པའི་གཞི་ལམ་འབྲས་གསུམ་འགྲེལ་སྟངས་ཁྱད་པར་བ་
ཞིག་གནང་ཡོད་ཅིང་རྩོད་སྤོང་དགག་བཞག་གི་རིག་པའི་རལ་གྲི་
རྣོན་པོ་སོམ་ཉིའི་དྲ་བ་ན་རྨོངས་ཤིང་འཐིབས་པའི་མ་རིག་འཆིང་
ཐག་དབྲལ་བྱེད་དང་བློ་སྒོ་ལྡེ་མིག་འབྱེད་པའི་བབ་སྟེགས་ཤིག་
ཏུ་གྲུབ་ཡོད་པ་ནི་མཛོ་བདག་ལ་མཛོ་ཡི་ལོ་རྒྱུས་བཤད་མི་དགོས་
པའི་དཔེ་རུ་ལགས་སོ།།
འདིར་དཔར་སྐྲུན་ལས་བགྱིས་ཐད་ནས་ཀྱང་མ་ཡིག་གཙོ་
བོ་དེ་སྡེ་དགེ་འཇམ་དབྱངས་མགོན་པོ་ལགས་ནས་མཁོ་སྤྲོད་
གནང་བའི་རིན་སྤུངས་དགོན་པའི་ཤིང་དཔར་མ་གཞིར་བྱས་ཏེ་
བསྒྲིགས་ཤིང་དེར་གསལ་ཆ་དོད་མིན་སོགས་ཀྱང་གཞན་པའི་མ་
ཡིག་གཉིས་ཙམ་གྱིས་ཐག་གཅོད་བྱས་ཡོད། ཞུ་དག་ཀྱང་ང་ཚོས་
ནུས་པ་གང་ཡོད་བཏོན་ཏེ་གཞན་ལ་འདྲི་གཅོད་དང་རང་གིས་མ་
ཡིག་ཁུངས་འདེད་རིག་པ་བེད་སྤྱད་གཙོ་བོར་ཕུལ་ཡོད། འདིའི་
ནང་གཙོ་བོ་མ་ཡིག་རང་སོར་བཞག་གནང་ཡོད་ཅིང་གོ་དོན་མི་
འཁྲོལ་བ་དང་མ་ཡིག་ནང་མངོན་གསལ་དོད་པོ་ཡིན་ཀྱང་དོན་
དུ་ཡིག་ནོར་ཡིན་སྙམ་པའི་དོགས་གཞི་ཁག་གུག་རྟགས་ནང་དུ་
བཙུད་ཡོད། ཆེད་དུ་དགོངས་སེལ་ཞུ་རྒྱུ་ཞིག་ལ། རིག་སློབ་དཔྱོད་
ལྡན་དག་གི་གཟིགས་བདེ་བབ་སྟངས་ལ་དམིགས་ནས་རྩ་བའི་
ཚིག་གི་འབྲུ་མ་རྣམས་མ་ཡིག་ལས་འགོ་མཇུག་མ་གཏོགས་གཞན་
པ་རྣམས་བསྐུངས་ཡོད་ནའང་དཀའ་ངལ་ལ་མ་འཛེམ་པར་ཚང་
མ་ཁ་སྐོང་བྱས་ཡོད་པས་ནོར་འཛོལ་གྱི་ཆ་མཆིས་ཚེ་མཛད་པ་
པོ་དང་ཀློག་པ་པོར་ཐུགས་དག་ཞུ་རྒྱུ་ཡིན། སླར་བཀའ་སློབ་ལམ་
སྟོན་དང་ཞུ་དག་ལས་རོགས། མ་ཡིག་མཁོ་འདོན་སོགས་མདོར་
ན་དེབ་འདིར་རོགས་རམ་རྒྱ་མ་ཆུང་བའི་དགེ་རྒན་དང་གྲོགས་པོ་
ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དགེ་བའི་མཐུ་
དང་དཔལ་གང་མཆིས་པ་དེས་རིག་ལྡན་སློབ་གྲོགས་རྣམས་ཀྱི་
མུན་པ་ཡོངས་སུ་སེལ་བའི་སྒྲོན་མེ་རྐང་གཅིག་ལྟ་བུ་འགྱུར་ཐུབ་
པའི་བཀྲ་ཤིས་སྨོན་འདུན་དང་བཅས། ཞུ་ཚང་ལུང་རྟོགས་རྒྱ་མཚོ་
རུ་འབོད་པས་སྣང་བ་དབྱིངས་སུ་ཞིག་པའི་འདུས་སྡེ་ཆེན་མོ་ནས་
གུས་པ་དང་བཅས་བཏེགས།