གཉིས་ནས་སྐུ་ཚེགས་ཆེན་པོ་བརྒྱུད་དེ་དེ་སྔར་ཡང་བོན་སྒོ་གང་མང་ཞིག་སྒྲ་ཕབ་གནང་སྟེ་དགེ་སེམས་ཅན་ཉན་པ་པོ་ཡོངས་ལ་བོན་སྦྱིན་བསྩལ་ཡོད་པ་གཞིར་བཅས། ད་ལན་ཡང་ཕྱོགས་ཡོངས་ཀྱི་དད་ལྡན་སེར་སྐྱ་མང་པོ་ཞིག་གིས་སྔ་ཕྱི་ལན་གྲངས་སུ་བསྐུལ་བར་བརྟེན། ཁོང་རྣམ་གཉིས་ནས་གནས་སྐབས་ཀྱི་གཞན་པའི་མཛད་པ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་མཛད་ཅིང་སྐུ་ངལ་འོ་བརྒྱལ་ལ་མ་འཛེམས་པར་ཤི་གསོན་ཡོངས་ལ་ཆེས་དགོས་གལ་ཆེ་བའི་བོན་མཆོག་རིན་པོ་ཆེ་སྟེ་བླ་མ་ཚེ་དབང་རིག་འཛིན་གྱིས་ཤར་པ་རྣལ་འབྱོར་ལ་སྙན་དུ་བརྒྱུད་པའི་ 《 སྙན་བརྒྱུད་ཐོས་གྲོལ་ཆེན་པོ་ཞི་ཁྲོ་བག་ཆགས་རང་གྲོལ་》ཞེས་བྱ་བ་དང་། རྗེ་གུར་ཞོག་ཆེན་པོས་མཛད་པའི་ 《 ཞི་ཁྲོའི་སྨོན་ལམ་རིན་ཆེན་ཕྲེང་བ་ 》དང་། དབྲ་སྟོན་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་《བར་དོའི་ངོ་སྤྲོད་དང་གསོལ་འདེབས་བསླུ་བ་མེད་པ་》ཞེས་པའི་བོན་མཆོག་གསུམ་པོ་འདི་མགུར་དབྱངས་ཀྱི་ཚུལ་དུ་སྒྲ་དག་སྒྲོས་གཙང་གི་ལམ་ནས་གྱེར་འདོན་མཛད་པ་ལ། དད་འདུན་མོས་གུས་ཆེ་ཞིང་དགེ་སེམས་རྣམ་པར་དག་པའི་རྡུང་ལེན་པ་ཤང་ཐང་དཔལ་དགའ་ལགས་ནས་རྒྱུད་དྲུག་པི་ཝང་གིས་རམ་འདེགས་བྱས་པའི་བདག་རྐྱེན་ལ་བརྟེན་ནས་མགུར་དབྱངས་ཀྱི་བོན་སྒྲ་འདི་ཕབ་ལེན་ཡོངས་སུ་གྲུབ་ཐུབ་པར་བྱུང་བ་ལགས། བོན་འདི་ནི་ཉན་འདོད་ཅན་དང་ཐོས་འདོད་ཅན་གྱི་རིགས་ལ་དགེ་བའི་ས་བོན་རེ་དང་། ངག་ཏུ་སྐྱོར་ནས་དབྱངས་སུ་གྱེར་བའི་བསྐུལ་མ་རེ་དང་། བོན་གྱི་སྦྱིན་པ་རེ་ཨེ་ཡོང་བསམ་པ་ལས་གཞན་གྱི་དམིགས་འདུན་གང་ཡང་མེད་ཕྱིར། སྒྲ་ཕབ་འདི་ཀུན་ལ་ཕན་ཐོགས་ཀྱི་བསམ་པས་གཞན་ལ་བརྒྱུད་བསྐུར་བྱེད་པ་ལས་ཚོང་ལས་ཀྱི་རྣམ་པར་བསྒྱུར་ཏེ་སུས་ཀྱང་སྤེལ་མི་རུང་ཞེས་ནན་གྱིས་ཞུ་བ་ལགས། ཁྱད་པར་སྒྲ་འདི་ཉན་པ་པོ་ཡོངས་ཀྱིས་ཀུན་སློང་གཙང་མས་བརྒྱུད་བསྐུར་གང་མང་གནང་བ་ནི་བསྟན་འགྲོའི་གསོས་སུ་འགྱུར་བའི་དགེ་བསྐུལ་ཡང་དག་ཅིག་ཡིན་པ་སྨོས་མ་དགོས་པས་ན་ཀུན་གྱི་ཐུགས་ལ་འཇགས་འཚལ།