གདུང་སེམས་མཉམ་བསྐྱེད།
དེ་ཡང་ལུང་ལས།
ཁམས་གསུམ་སེམས་ཅན་སྙིང་རྗེའི་ལྕགས་ཀྱུ་ཡིས།།
སྐད་ཅིག་མི་གཏོང་མི་གཡེལ་ཐུགས་དམ་ཅན།།
སྙིང་རྗེའི་ལྷ་མཆོག་གཤེན་ལྷ་འོད་དཀར་པོ།།
སྙིང་དབུས་དད་པའི་ཟེའུ་འབྲུའི་དབུས་སུ་རོལ།།
སྙིགས་མའི་གདུལ་དཀའ་འདུལ་བའི་སྙིང་སྟོབས་ཅན།།
བོད་ཁམས་དམུ་རྒོད་འགྲོ་ཕྱིར་ཉིན་བཞིན་དུ།།
ཉི་ཟེར་རྟ་ཞོན་ཉིན་མཚན་དུས་དྲུག་ཏུ།།
ཐུགས་རྗེའི་སྐྱོབ་མཛད་འཆི་མེད་ཡབ་སྲས་རྒྱལ།།
ཞེས་གསུངས་པ་བཞིན་སྙིང་རྗེའི་ལྷ་མཆོག་གཤེན་ལྷ་དཀར་པོ་དང་སྙིགས་མའི་འགྲོ་འདྲེན་འཆི་མེད་ཡབ་སྲས་ལ་མཆོད་པ་བརྗོད་པའི་མདུན་ལེགས་པར་བསུས་ཏེ། སྟོན་པའི་ཞལ་ནས། སེམས་ཅན་རང་རང་མོས་པ་བཞིན། །གང་འདུལ་ཐབས་ལ་བསྟན་པའི་ཆོག །ཞེས་གསུངས་པ་ལྟར། བོན་ཐམས་ཅད་འདུན་པའི་རྩེ་ལ་གནས་པ་རྒྱལ་བའི་ལུང་གི་གྲུབ་པ་གཞིར་བྱས་ད་ལན་གཞི་ཀ་རྩེའི་དིང་རི་རྫོང་གཙོས་དེའི་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམ་གྱིས་འཇིག་རྐྱེན་ངན་པ་བྱུང་སྟེ་མི་སྣ་ཤི་རྨས་དང་། ཡུལ་དེའི་འགྲོ་བ་སྤྱི་ལ་སྡུག་བསྔལ་གྱིས་མནར་བཞིན་པའི་སྐབས་སུ་དེ་རིང་སྟེ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ཚེ་འདས་རྣམས་ཞག་གསུམ་གྱི་དུས་དང་བསྟུན་ནས་ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་ཡུལ་དགོན་གཉིས་ཀ་མཉམ་གཅིག་ཏུ་འཛོམས་ཏེ་འདས་པོ་རྣམས་ལ་འདོད་ཡོན་གྱི་གསུར་དང་གནས་འདྲེན། བདེ་སྨོན་རྣམ་གསུམ། མར་མེ་མཆོད་པ་རྒྱ་ཆེ་བཅས་དང་། གསོན་པོ་རྨས་མ་ཡོངས་ལ་རིམ་གྲོ་སྐྱབས་འཇུག་གནད་སྨིན། གོད་ཆགས་འདི་ཡི་ཁྲོད་དུ་ཕྱོགས་ཐམས་ཅད་ནས་གྱོང་གུད་ཚབ་ཆེན་ཕོག་པའི་རྗེས་ལུས་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དགེ་འདུན་པ་བླ་མ་གྲྭ་ཚང་ཡོངས་ནས་སོ་སོའི་འབྱོར་ཚད་ཀྱིས་ཕན་སེམས་གཙང་མའི་ཞབས་འདེབས་ཕུལ་བ་བཅས་ཀྱི་མཚམས་སུ་སྨོན་ལམ་རྣམ་པར་དག་པའི་མཇུག་བསྡུས་པའོ།།
སྐྱབས་གནས་ཡུལ་མཆོག་གནས་བཞིའི་བྱིན་རླབས་དང་།།
བོན་ཉིད་བདེན་པ་ཆེན་པོའི་མཐུ་སྟོབས་དང་།།
བདག་གི་བསམ་སྦྱོར་དགེ་བའི་ནུས་མཐུ་ཡིས།།
སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག །
༢༠༢༥.༡.༡༡ ཉིན་རྫ་སྟེང་ཆེན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་ནས།