རྫ་སྟེང་ཆེན་དགོན་གྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་བརྡ་སྦྱོར།
ཇི་སྐད་དུ་ལུང་ལས།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ།།
མཁས་ཚུལ་གསུམ་གྱི་འཕྲིན་ལས་ལ་ལྟོས་ཀྱང་།།
ལེགས་བཤད་གཞུང་གིས་ཕྱི་རབས་གདུལ་བྱ་ལ།།
བསྟན་པ་རྗེས་བཞག་རྒྱལ་བའི་མཛད་པ་ཡིན།།
ཞེས་གསུངས་པ་ལྟར་འགྲོ་བའི་འཕྲལ་ཕུག་གི་ཕན་བདེ་ཐམས་ཅད་ཀྱི་རྩ་བ་མ་ལུས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་རགས་ལས་གཤིས་སྔོན་བྱོན་རྒྱལ་འཕགས་དུ་མའི་བཀའ་དང་བཀའ་བརྟེན་ཇི་སྙེད་ཅིག་སྐལ་ལྡན་ཡོངས་ཀྱི་སྤྱོད་ཡུལ་དུ་བཞུགས་པ་དག་ལས་ད་ལན་སྙིགས་དུས་ཟབ་གསང་བསྟན་པའི་བདག་ཉིད་ཆེན་པོ་དཔལ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གང་གི་གསུང་མཛོད་ཆེན་རྣམ་ལྔ་སོགས་མཐའ་ཡས་པ་བཞུགས་པ་ལས{ཞིང་སྨོན་གཉིས}ཀྱི་རྩ་འགྲེལ་འཆད་ཁྲིད་དང་སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་འདུས་པ་རིན་པོ་ཆེའི་རྒྱུད་ལེའུ་སོ་ལྔ་པ{ལེགས་སྤྱོད་སྨོན་ལམ་རྣམ་པ་དག་པའི་ཆོ་གའི}མཆོད་ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་ལ་དུས་རིམ་སྔོན་མའི་དུས་ནས་སེར་སྐྱ་རིས་མེད་ལྷན་ཅིག་ཏུ་འཚོགས་པའི་སྲོལ་བཟང་ཡོད་མོད་ཀྱང་།
སྐབས་སུ་བོད་ཁུལ་ཡོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་འགལ་རྐྱེན་ཐེབས་ཚེ་ཅུང་ཟད་ཉམས་དམས་སུ་སོང་ཡང་རྒྱལ་བསྟན་སྲིད་པའི་སྒྲོན་མེ་ཤར་རིའི་རྩེ་ནས་སླར་ཡང་འཛུམ་པ་དང་བསྟུན་ཡུལ་འདིའི་སྐྱབས་མཆོག་བླ་ན་མེད་པ་མདོ་སྨད་དབྲ་ཁྱུང་དཀར་པོའི་གདན་འཛིན་ཉེར་གཉིས་པ་ཆེན་པོ་དབྲ་སྟོན་དམ་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གིས་སྤྱི་ལོ 2010 སྟེ་བོད་རབ་བྱུང་བཅུ་བདུན་པའི་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོར་འཚོགས་ཆེན་འདིའི་བསྟན་པའི་དབུགས་རྒྱུན་སླར་ཡང་གསོས་ཏེ་ལོ་ལྟར་ཉིན་བརྒྱད་ཀྱི་རིང་དུ་བསྐངས་འཚོགས་མཛད་པའི་གྲུབ་འབྲས་བླ་ན་མེད་པ་ཐོན་ཏེ་དད་འབངས་མཐའ་དག་གི་རྒྱུད་ཡོངས་སུ་སྨིན་ཏེ་མ་རུང་སྤྱོད་ངན་ཐམས་ཅད་རིང་དུ་སྤངས་ཤིང་སྒོ་གསུམ་སྤྱོད་ཚུལ་མཐའ་དག་དགེ་བཅུ་ལས་མ་འདས་པ་གནས་ནས་ཡིག་རྨོངས་ལས་ཐར་ཏེ་ཞིང་སྨོན་གཉིས་ཀྱི་རྩ་བ་བློ་ཐོག་ནས་འདོན་པ་དང་། སྐུ་གསུམ་སྙིང་པོ་དུང་ཕྱུར་དུ་མའི་དགེ་བསྐུལ་བཅས་གྲུབ་འབྲས་བརྗོད་པའི་མཐའ་ལས་འདས།
དེ་བསྟུན་ད་ལོ་སྟེ་སྤྱི་ལོ 2024 བོད་རབ་བྱུང་བཅུ་བདུན་པའི་ཤིང་འབྲུག་ལོ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་བཅུ་ལྔ་པ་དབྲ་སྟོན་རིན་པོ་ཆེའི་ཐུགས་བཀོད་འོག་བདག་གཉེར་འགན་འཛིན་ཁང་དང་ལས་སྣེ་ཡོངས་ནས་གཙོ་སྒྲུབ་གནང་སྟེ་དབྲ་སྤྲུལ་མཆོག་དབུས་པའི་བླ་གྲྭ་རྒྱས་འཛོམས་ཐོག་འཚོགས་འཆར་ཡོད།
སྤྱི་ལོ 2024 ལོའི་ཟླ 9 ཚེས 24 དང་ 25 སྟེ་བོད་ཟླ ༧ ཚེས ༢༢ དང་ ༢༣ ཉིན་གཉིས་བཅའ་གཞི་དང་སྟ་གོན་ཚགས་སུ་ཚུད་པར་མཛད་ནས་སྤྱི་ཚེས 26 བོད་ཚེས ༢༤ཉིན་དངོས་སུ་འཚོགས་འཆར་ཡོད་པའི་རིས་སུ་མ་ཆད་པའི་དད་ལྡན་ཉེ་མ་རིང་གསུམ་ཀུན་ན་གནས་པ་དག་ཕེབས་ཐུབ་པའི་རེ་བསྐུལ་དང་བཅས་རྫ་སྟེང་ཆེན་དགོན་བདག་གཉེར་འགན་འཛིན་ཁང་ནས་སྤྱི་ལོ 2024 ལོའི་ཟླ 9 ཚེས 21 ཉིན་ཕུལ།
འབྲེལ་གཏུག་བྱ་ཡུལ།
ཁ་པར་ཨང་གྲངས། 136 1813 8771