འཐུང་མ་ཤེས་ན་ཆང་དང་ཁོ་ཧྥེ་མཁལ་མར་གནོད།

时事   2024-10-28 19:50   青海  

འཐུང་མ་ཤེས་ན་ཆང་དང་ཁོ་ཧྥེ་མཁལ་མར་གནོད།

འཚོ་བའི་ཁུར་ཚེགས་བསང་ཆེད། གཞོན་སྐྱེས་མང་པོས་ཞོགས་པར་ཁོ་ཧྥེ་འཐུང་ནས་རྣམ་རིག་གྲུང་པོ་ཡོང་ཐབས་བྱེད་ལ། དགོང་ཁར་ཆང་འཐུང་ནས་གཉིད་སྐྱིད་པོ་འགུག་ཐབས་བྱེད། ཡིན་ནའང་། འཐུང་མ་ཤེས་ན་ཁོ་ཧྥེ་དང་ཆང་བཅུད་ལྡན་པའི་བཏུང་བས་མཁལ་མ་ལ་གནོད་ཀྱང་སྲིད།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཁོ་ཧྥེ་ལ་མཁལ་མར་སྲུང་སྐྱོབ་བྱེད་པ་དང་མཁལ་འགྲམས་ལ་ཕན་པ། མཁལ་སྐྲན་འགོག་པ་བཅས་ཀྱི་བྱེད་ནུས་ལྡན། རེད་དེ། དེ་ནི་ཁོ་ཧྥེ་འཕྲོད་པའི་མི་དང་འཐུང་ཚད་ཤེས་པའི་མི་ལ་བལྟས་ནས་བཤད་པ་རེད། གལ་ཏེ་ཁོ་ཧྥེ་འཐུང་ཚད་མང་དྲགས་ན་གཅིན་ལ་ཀལ་གྱེས་རྡུལ་ཟགས་ཚད་ཇེ་མང་དུ་སོང་སྟེ། མཁལ་རྡོ་འབྱུང་ཚད་ཇེ་མཐོར་འགྲོ་བ་ཡིན། སྙིང་ལ་ངར་ཤུགས་བསྐྱེད་པ་དང་ཁྲག་ཤེད་ཇེ་མཐོར་སོང་ནའང་སྙིང་དང་མཁལ་མའི་ཁུར་ཚེགས་ཇེ་ལྕིར་འགྲོ་བ་ཡིན། དེ་བས། རབ་ཡིན་ན་ཁོ་ཧྥེ་བསྟེན་པ་རྣམས་ཀྱིས་མང་མཐར་ཡང་ཉིན་རེར་ཕོར་བ་དོ་ལས་མ་འཐུང་ན་བཟང་ལ། མཁལ་ནད་ཅན་རྣམས་ཀྱིས་ཁོ་ཧྥེ་འཐུང་ཚད་ལྷག་པར་ཚོད་བཟུང་ན་ལེགས། དཔེར་ན་ཁོ་ཧྥེ་ཡིས་ཐུམ་མང་མཁལ་ནད་ཅན་གྱི་མཁལ་མའི་སྐྲངས་ཐུམ་ཇེ་ཆེར་འགྲོ་བར་བྱེད་པས། ནད་པ་དེ་རིགས་ཀྱིས་ཁོ་ཧྥེ་འཐུང་མི་རིགས། ཁོ་ཧྥེའི་བྲོ་བ་བསྐྱེད་བྱེད་ཀྱི་རྫས་ལ་སྐྱེ་མེད་ལིན་མང་པོ་འདུ་བས། མཁལ་མའི་ཁྲག་ལིན་མཐོ་བའི་ནད་པས་ཁོ་ཧྥེ་བསྟེན་མི་རིགས། མཁལ་ནད་ཅན་ལ་ཁྲག་ཅཱ་མཐོན་པོ་བྱུང་ཚེ་ནད་པས་ཁོ་ཧྥེ་ལ་ལྷག་པར་མཉམ་འཇོག་དགོས།

ཆང་འཐུང་ན་མཁལ་མར་གནོད་པ་ཀུན་ལ་གསལ་ཡང་། ཆང་འཐུང་ནས་མཁལ་འགྲམས་བྱུང་བའི་སྣང་ཚུལ་དེར་ཀུན་གྱིས་དོ་སྣང་མི་བྱེད། མིའི་ལུས་ཕུང་གི་ཆང་བཅུད10%ཙམ་ནི་མཁལ་མ་དང་གློ་བས་འདོར་བ་ཡིན་ལ། ཆང་བཅུད་ཀྱིས་སྤྲི་དཀར་རྫས་ཀྱི་དྭངས་སྙིགས་ཕྱེ་བའི་ཐོན་དངོས་ཇེ་མང་དུ་གཏོང་བས། མཁལ་མའི་ཁུར་ཚེགས་ཇེ་ལྕིར་གཏོང་བ་ཡིན། དེ་མིན་ཆང་བཅུད་ཀྱི་དྭངས་སྙིགས་འབྱེད་པ་ལ་ཆུ་དགོས་ཤིང་། ཆང་འཐུང་རྗེས་ལུས་པོར་ཆུ་ཡིས་མ་འདང་ན། ཁྲག་རྒྱུན་གྱི་འཁོར་རྒྱུག་ལ་ཚོར་བ་སྐྱེན་པའི་མཁལ་མ་ལ་འཁོར་རྒྱུག་གིས་མི་འདང་བའི་སྣང་ཚུལ་འབྱུང་། གཞན་དུ་ཝུ་ཆང་དང་ཆང་སེར་ལྟ་བུ་ལ་ཕིའོ་ལིན་འདུས་ཚད་ཤིན་ཏུ་མཐོ་བས། གཅིན་སྐྱུར་མཐོ་བའི་ཁྲག་ནད་བསྐྱེད་དེ། དྲེག་ནད་དང་གཅིན་སྐྱུར་རྡེའུ་འབྱུང་བར་མ་ཟད། ད་དུང་མཁལ་མར་འགྲམས་རྨའང་འབྱུང་། རིམ་དང་རིམ་གྱིས་མཁལ་ནུས་ཉམས་པའི་ནད་དུ་འགྱུར་བ་ཡིན།

དེ་བས། མ་གཞི་ནས་མཁལ་མའི་ནད་ཡོད་པ་དང་། སྒོས་སུ་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། གཅིན་སྐྱུར་མཐོ་བའི་ཁྲག་ནད་སོགས་ཀྱི་བླ་གཉན་ཡང་བསྡོངས་པ་ཡིན་ན། ཆང་འཐུང་མི་རིགས་སོ། །
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章