ནད་པ་མྱུར་སྐྱོབ་བྱེད་སྐབས་རྨས་ཕོག་ན་གྱོང་གསབ་འགན་འཁྲི་འཁུར་དགོས་སམ།
གཟའ་ཉི་མ་ཞིག་ལ། སྨན་ཁང་ག་གེ་མོའི་སྨན་པ་སྐལ་བཟང་གིས་སྒོ་རྩིས་ཚོང་རའི་ནང་དུ་དངོས་པོ་ཉོ་སྐབས། ལོ80ལ་བུད་ཡོད་པའི་ཨ་ནེ་ལྷ་མོ་གློ་བུར་ཐང་ལ་འགྱེལ་ཏེ་བརྒྱལ་བ་མཐོང་ལ། གནས་ཚུལ་ཧ་ཅང་བྲེལ་བ་ཆེ་བས་སྨན་པ་སྐལ་བཟང་གིས་དེ་མ་ཐག་ཨ་ནེ་ལྷ་མོར་གློ་སྙིང་སླར་གསོ་བྱས། ཨ་ནེ་ལྷ་མོ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་མཐར་སངས་དྲག་བྱུང་། ཡིན་ནའང་སྨན་པ་སྐལ་བཟང་གི་བློ་ཡུལ་ལས་འདས་པ་ཞིག་ལ། ཁོས་མོར་གློ་སྙིང་སླར་གསོ་བྱེད་སྐབས་ཨ་ནེ་ལྷ་མོའི་རྩིབ་རུས་གཉིས་བཅག་པས། ཨ་ནེ་ལྷ་མོ་སྨན་ཁང་ནས་བུད་རྗེས་ཁོ་རང་ཁྲིམས་ཁང་དུ་གཏུག་ཅིང་། སྨན་པ་སྐལ་བཟང་གིས་མོར་སྒོར་ཁྲི3གྱི་སྨན་བཅོས་གྲོན་དངུལ་འཇལ་དགོས་པའི་རེ་བ་བཏོན། སྨན་པ་སྐལ་བཟང་གིས་གྱོང་གསབ་འགན་འཁྲི་འཁུར་དགོས་སམ།
གྱོད་དོན་འདི་ནི་རང་མོས་ངང་མྱུར་སྐྱོབ་བྱས་ནས་མི་གཞན་ལ་གནོད་སྐྱོན་བཟོས་པར་འགན་འཁྲི་འཁུར་དགོས་མིན་གྱི་གནད་དོན་དང་འབྲེལ་ཡོད་དེ། གྱོད་དོན་འདིའི་ནང་དུ། ཨ་ནེ་ལྷ་མོ་ཐང་ལ་འགྱེལ་ནས་ཚེ་སྲོག་བདེ་འཇགས་ཀྱི་ཉེན་ཁར་ཐུག་དུས། ཨ་ནེ་ལྷ་མོའི་ཚེ་སྲོག་བདེ་འཇགས་ཀྱི་དོན་དུ། སྨན་པ་སྐལ་བཟང་གིས་ཁྲིམས་བཀོད་དང་ཁ་ཆད་ཀྱི་འོས་འགན་གང་ཡང་མེད་པའི་གནས་ཚུལ་འོག་ཨ་ནེ་ལྷ་མོར་གློ་སྙིང་སླར་གསོ་བྱས་པས། ཁོའི་བྱ་སྤྱོད་ནི“རང་མོས་མྱུར་སྐྱོབ་ཀྱི་བྱ་སྤྱོད”དུ་གཏོགས་པ་རེད། སྨན་པ་སྐལ་བཟང་གིས་གློ་སྙིང་སླར་གསོ་བྱེད་སྐབས་ཨ་ནེ་ལྷ་མོའི་རྩིབ་རུས་གཉིས་བཅག་པ་ཡིན་མོད། འོན་ཀྱང་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། རང་མོས་ངང་མྱུར་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱིས་སྐྱོབ་ཡུལ་ལ་གནོད་སྐྱོན་བཟོས་ན། སྐྱོབ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས་པ་རེད། དེ་བས། སྨན་པ་སྐལ་བཟང་གིས་གྱོང་གསབ་འགན་འཁྲི་འཁུར་མི་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན184པ། རང་མོས་ངང་མྱུར་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱིས་སྐྱོབ་ཡུལ་ལ་གནོད་སྐྱོན་བཟོས་པ་ཡིན་ན། སྐྱོབ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས།
ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་རང་མོས་ངང་མྱུར་སྐྱོབ་བྱས་པས་མི་གཞན་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་མེད་པར་གཏོང་བའི་སྐོར་གྱི་གཏན་འབེབས་རེད།
རང་མོས་ངང་མྱུར་སྐྱོབ་བྱས་ཏེ་མི་གཞན་ལ་གནོད་སྐྱོན་བཟོས་པར་འགན་འཁྲི་མེད་ཅེས་པ་ནི་སྐྱོབ་མཁན་ལ་ཁྲིམས་བཀོད་དང་ཁ་ཆད་ཀྱི་འོས་འགན་གང་ཡང་མེད་པར། སྐྱོབ་ཡུལ་ལ་གནོད་སྐྱོན་ཐེབས་སུ་མི་འཇུག་པའི་ཆེད་དུ་བྲེལ་མྱུར་ངང་ལག་བསྟར་བྱས་པའི་རོགས་སྐྱོབ་ཀྱི་བྱ་སྤྱོད་ཅིག་ཡིན། སྐྱོབ་ཡུལ་ལ་གནོད་སྐྱོན་ཐེབས་རུང་སྐྱོབ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས། ཁྲིམས་ཚན་འདིས་རང་མོས་ངང་མྱུར་སྐྱོབ་བྱེད་པའི་བྱ་སྤྱོད་དེ་འགན་འཁྲི་མེད་པར་གཏོང་བའི་རྒྱུ་རྐྱེན་བྱེད་ཆོག་པ་གསལ་པོ་བྱས་ཡོད་ལ། བདེན་ལུགས་ཀྱི་རྒྱབ་ཏུ་ལངས་པ་དང་བྱ་བ་བཟང་པོ་བསྒྲུབ་པར་སྐུལ་ལྕག་གནང་ཡོད་པས། འདིར་ཀྲུང་གོའི་པར་གཞིའི“མི་བཟང་བཅའ་ཁྲིམས”སུ་འབོད།
ཁྲིམས་ཚན་འདི་སྤྱོད་པར་གཤམ་གྱི་ཆ་རྐྱེན་གསུམ་འཛོམས་དགོས་ཏེ།
(1)སྐྱོབ་མཁན་གྱིས་ངེས་པར་དུ་བྲེལ་མྱུར་གྱི་གནས་ཚུལ་འོག་རོགས་སྐྱོབ་བྱ་སྤྱོད་ལག་བསྟར་བྱེད་པ་ཡིན་དགོས། ཇི་འདྲ་ཞིག་ལ་བྲེལ་མྱུར་གནས་ཚུལ་ཟེར་རམ། དེའི་བརྡར་གཅོད་ཚད་གཞི་གཅིག་གཅོད་བྱ་མི་རུང་སྟེ། གནས་ཚུལ་ཁ་ཤས་འོག་ཏུ། བྱ་སྤྱོད་སྤེལ་མཁན་གྱི་ངོས་འཛིན་ནུས་པ་དང་བརྡར་གཅོད་ནུས་པ་ཚད་གཞིར་འཛིན་དགོས།
(2)སྐྱོབ་མཁན་གྱིས་ངེས་པར་དུ་རང་མོས་ངང་རོགས་སྐྱོབ་བྱ་སྤྱོད་སྤེལ་བ་ཡིན་དགོས། “རང་མོས”ཞེས་པ་ནི་སྐྱོབ་མཁན་ལ་ཁྲིམས་བཀོད་ཀྱི་འོས་འགན་མེད་པ་དང་། ཁ་ཆད་བྱས་པའི་འོས་འགན་མེད་པ་ལ་གོ།
(3)སྐྱོབ་མཁན་གྱིས་རོགས་སྐྱོབ་བྱ་སྤྱོད་ལག་བསྟར་བྱེད་པའི་དམིགས་འབེན་ནི་ངེས་པར་དུ་སྐྱོབ་ཡུལ་ལ་གནོད་སྐྱོན་ཐེབས་སུ་མི་འཇུག་པའི་ཆེད་དུ་ཡིན་དགོས།
སྐྱོབ་མཁན་གྱིས་རང་མོས་ངང་མྱུར་སྐྱོབ་བྱས་ཏེ་སྐྱོབ་ཡུལ་ལ་གནོད་སྐྱོན་བཟོས་པ་ཡིན་ན། སྐྱོབ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས་མོད། འོན་ཀྱང་འདིས་སྐྱོབ་མཁན་གྱིས་རོགས་སྐྱོབ་བྱེད་པའི་གོ་རིམ་ཁྲོད་སྐྱོབ་ཡུལ་ལ་བཟོས་པའི་གནོད་སྐྱོན་ཡོད་ཚད་ལ་དམངས་དོན་འགན་འཁྲི་འཁུར་མི་དགོས་པ་མཚོན་མེད། གལ་ཏེ་སྐྱོབ་མཁན་གྱིས་རོགས་སྐྱོབ་བྱེད་པའི་གོ་རིམ་ཁྲོད་བསམ་གཟས་ནས་སྐྱོབ་ཡུལ་ལ་གནོད་སྐྱོན་བཟོས་པ་ཡིན་ན། དབང་གནོད་འགན་འཁྲི་འཁུར་དགོས་པ་རེད། །
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།