ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་སྔོན་འགོག་བཟང་བོ་བྱས།

时事   2024-11-01 21:54   青海  
ཡངས་ཤིང་རྒྱ་ཆེ་བའི་ཐར་ཤུལ་རྩྭ་ཐང་སྟེང་། ནོར་ཁྱུ་དང་ལུག་ཁྱུ་གང་སར་བཀྲམས་ཤིང་། རྫི་གླུ་སྙན་མོའི་དབྱངས་རྟ་གང་སར་ཐོས་ཐུབ། འོན་ཀྱང་སྟོན་ཁ་སླེབས་པ་དང་མཉམ་དུ་མཛེས་སྡུག་ལྡན་པའི་རྩྭ་ཐང་འདིར་མེ་སྐྱོན་གྱི་འགྲན་སློང་དྲག་པོར་འཕྲད་ནས་རྩྭ་ཐང་མེ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད།    

ཉེ་ཆར། གསར་འགོད་པ་ཐར་ཤུལ་ཞང་ཐར་ཤུལ་སྡེ་བར་བསྐྱོད་སྐབས། འབྲོག་དམངས་ཚོས་ལྕགས་ཁེམ་དང་སྡུད་མ་སོགས་བཟུང་སྟེ། ཁང་པའི་མདུན་རྒྱབ་དང་རྩྭ་རའི་ཉེ་འཁོར་གྱི་མེ་སྐྱོན་འབྱུང་སླ་བའི་རྩྭ་དང་དངོས་རྫས་དག་གཙང་འཕྱག་བྱེད་བཞིན་ཡོད་པ་མཐོང་བྱུང་།དེ་དང་ཆབས་ཅིག་ཁོ་ཚོས་ད་དུང་གཟན་རྩྭ་སོགས་ལུགས་མཐུན་ངང་བསྒྲིགས་ནས་མེ་སྐྱོན་གྱི་ཉེན་ཁར་སྔོན་འགོག་བྱེད་ཀྱིན་ཡོད།  

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་སྡེ་མི་གནམ་བྱམས་ཀྱིས་བཤད་རྒྱུར། རང་ཉིད་སྡེ་བའི་རྒན་པ་ཞིག་ཡིན་པའི་ཆ་ནས་ངས་སྡེ་མི་ཚོར་མེ་སྐྱོན་ཐད་དོ་སྣང་བྱེད་དགོས་པའི་རེ་བ་ཡང་ཡང་བཏོན་པ་ཡིན། མདོར་ན་ང་ཚོ་ཚང་མའི་ཐུན་མོང་ཐོག་འབད་བརྩོན་བྱས་ན་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།   

རྒྱུས་ལོན་པ་ལྟར་ན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བདེ་འཇགས་ཇེ་བརྟན་དུ་གཏོང་ཆེད། འབྲེལ་ཡོད་འགན་འཁྲི་ཚན་པས་རྒྱུན་གཏན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད་པར་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་མེ་འགོག་ཤེས་བྱའི་འཆད་ཁྲིད་དང་གསོ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱས་པས་ནགས་སྲུང་བ་དང་འབྲོག་དམངས་ཚོས་མེ་སྐྱོན་གྱི་གནོད་འཚེ་དང་སྔོན་འགོག་བྱ་ཐབས་ཤེས་རྟོགས་བྱུང་སྟེ། ཁོ་ཚོའི་མེ་འགོག་འདུ་ཤེས་དང་ཁ་གཏད་གཅོག་པའི་ནུས་པ་ཇེ་ཆེར་ཕྱིན་ཡོད།

 ཀོས་ནན་མེ་འགོག་རོགས་སྐྱོབ་རུ་ཆེན་གྱི་འཕྲིན་གཏོང་བ་ཀྲུའུ་ཡུས་ཐའོ་ཡིས་བཤད་རྒྱུར། དུས་རྒྱུན་གྱི་དྲིལ་བསྒྲགས་ཁྲོད་ང་ཚོས་རྩྭ་ཐང་སྟེང་གང་བྱུང་དུ་མེ་སྤྱོད་མི་རུང་བ་དང་དཔེར་ན་དུ་བ་འཐེན་པ་དང་མེ་འབུད་པ་སོགས་གང་བྱས་ཀྱང་དེ་ལ་སྣང་ཆུང་མི་བྱེད་པར་མཉམ་འཇོག་བཟང་བོ་བྱེད་དགོས་པའི་སྐོར་གནད་དུ་བཟུང་སྟེ་བསྒྲགས་པ་ཡིན།  རེ་བར་འབྲོག་དམངས་དག་གིས་མེ་འགོག་སྐོར་གྱི་ཤེས་བྱ་འདི་དག་རང་གི་ཉེ་འཁོར་དང་ཁྱིམ་མཚེས་གཡས་གཡོན་ཀུན་ལ་བསྒྲགས་ཏེ་ཚང་མས་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད། གལ་ཏེ་མེ་སྐྱོན་གྱི་གནས་ཚུལ་ཡོད་ཚེ་དུས་ལྟར་ང་ཚོར་འབྲེལ་བ་བྱེད་རོགས་ཟེར།   

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章