ཐུན་མོང་ངོས་ཟིན་རྒྱ་ཆེར་གོང་བུར་བསྒྲིལ་ཏེ་བཅོས་སྒྱུར་བདེ་བླག་ངང་སྐུལ་སྤེལ་བྱེད་པ།
— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་པའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
“ཐུན་མོང་ངོས་ཟིན་རྒྱ་ཆེར་གོང་བུར་བསྒྲིལ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱེད་རྒྱུ་དེ། བཅོས་བསྒྱུར་བདེ་བླག་ངང་སྐུལ་སྤེལ་བྱེད་པར་གལ་འགངས་ཤིན་ཏུ་ཆེ།”ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་པའི་འགོ་རྩོམ་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་གྱི་རྣམ་པ་བཟང་པོ་སྔར་བས་བསྐྲུན་པར་བླང་བྱ་གསལ་པོར་བཏོན་ཞིང་། “གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་བཅོས་བསྒྱུར་བྱ་བ་དངོས་གནས་ལེགས་པོར་བསྒྲུབ་སྟེ། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། དབྱངས་རྟ་གཙོ་བོ་གྱེར་ནས་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤེལ་བྱེད་དགོས”པ་ནན་གྱིས་བསྟན།
ཐུན་མོང་ངོས་ཟིན་ནི་འབད་བརྩོན་གྱི་སྒུལ་ཤུགས་ཡིན་པས། ཐུན་མོང་ངོས་ཟིན་ཡོད་ན་མཐུན་སྒྲིལ་ཡོད་ལ། ཐུན་མོང་ངོས་ཟིན་ཡོད་ན་སྟོབས་ཤུགས་ཡོད། དུས་རབས་གསར་པའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་གྱི་ངང་ཚུལ་ནི་འཇའ་ཚོན་བཞིན་དུ་མཚར་སྡུག་རྣམ་པར་བཀྲ། བཅོས་བསྒྱུར་མངོན་དུ་འགྱུར་བར་བྱེ་བྲག་གི་འཚོལ་ཞིབ་དང་འགག་གནད་སྒྲོལ་བ་ནས་མ་ལག་གཅིག་བསྡུས་དང་ཕྱོགས་ཡོངས་གཏིང་སྤེལ་དུ་འགྱུར་བར་བྱེད་དགོས། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་སྟེང་གྲུབ་པ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་འཛུགས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་མངོན་དུ་གྱུར་ནས། གནད་ཆེའི་ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས། གཞུང་ལུགས་ཀྱི་གྲུབ་འབྲས་བཅས་ཐོབ་ཡོད་ལ། ཆེས་གལ་ཆེ་བ་ཞིག་ནི་ཐུན་མོང་ངོས་ཟིན་རྒྱ་ཆེར་གོང་བུར་བསྒྲིལ་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གྲོས་ཆོད》ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗོད་དོན་གཙོ་བོ་འདི་ལ་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་སྔར་བས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཕྱོགས་བཏོན་པ་ནི། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་དེ་ཡངས་ས་དང་ཟབ་སར་བསྐྱོད་པར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན། ང་ཚོས་སློབ་སྦྱོང་དཔྱིས་ཕྱིན་བྱེད་པ་དང་གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པའི་ཐད་ཤུགས་བསྣན་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད》ཀྱིས་བཏོན་པའི་གནད་ཆེའི་གཞུང་ལུགས་དང་ལྟ་ཚུལ་གྱི་ཞིབ་འཇུག་དང་འགྲེལ་བར་ཤུགས་སྣོན་པ་དང་། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི་དྲིལ་སྒྲོག་དང་འགྲེལ་བཤད་ལ་ཤུགས་སྣོན་དགོས།ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བསམ་གཞིག་ལ་རྒྱུས་ལོན་ཡང་དག་པར་བྱེད་པ་དང་། བཅོས་བསྒྱུར་གྱི་བྱེད་ཐབས་སོ་སོའི་དངོས་ཡོད་ཀྱི་དོན་སྙིང་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བཅོས་བསྒྱུར་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་བཟོ་དགོས།
ཀྲུང་གོ་ལྟ་བུའི་མི་གྲངས་དུང་ཕྱུར14ཡོད་པའི་མི་གྲངས་མང་བའི་རྒྱལ་ཁབ་ཏུ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་ནི་ལས་སླ་མོ་ཞིག་གཞར་ཡང་མིན། བཅོས་བསྒྱུར་ནི་གསར་བརྗེ་ཐེངས་ཤིག་ཡིན་ཏེ། བཅོས་པ་ནི་སྒྲིག་སྲོལ་ནང་རྐྱེན་ཡིན་ལ། སྒུལ་བ་ནི་ཐོབ་ཟིན་པའི་ཁེ་ཕན་ཡིན། དངོས་ཡོད་ལ་བལྟས་ཚེ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིར་སྔར་མེད་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། ལས་ཁུངས་དང་འགན་ནུས། མི་སྣ་སོགས་ལ་བླང་བྱ་ལྟར་དུས་ཐོག་ཏུ་ལེགས་སྒྲིག་གནད་ཁེལ་བྱེད་པའམ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་སྒོས་བསྐྲུན་ཏེ། རྣམ་པ་སྣ་ཚོགས་པའི་ས་གནས་སྲུང་སྐྱོབ་རིང་ལུགས་སེལ་བ་དང་ཁྲོམ་རའི་བཙན་རྫོང་མེད་པར་བཟོ་བ་གང་ཡིན་ཡང་། ཆབ་སྲིད་གཙིགས་སུ་འཛིན་ཞིང་སྤྱི་ཡོངས་ལ་དམིགས་པ་དང་། སྒྲིག་སྲོལ་བསྲུངས་ནས། རང་རྟོགས་སྒོས་སྤྱི་ཡོངས་ལ་བསམ་གཞིག་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་འོག་ནས་འགུལ་སྐྱོད་སྤེལ་ན། ད་གཟོད་བཅོས་བསྒྱུར་གྱི་བྱེད་ཐབས་ཚང་མ་ལག་བསྟར་དངོས་བསྟར་ཞིབ་བསྟར་ཡོང་བར་སྐུལ་འདེད་གཏོང་ནུས་པ་ཡིན། བཅོས་བསྒྱུར་ནི་ཁེ་ཕན་གྱི་ཆགས་སྟངས་སྙོམས་སྒྲིག་བྱེད་པའི་བརྒྱུད་རིམ་ཡིན་པས། དུས་གཅིག་ཏུ་མི་ཚང་མའི་ཁེ་ཕན་གྱི་འདོད་འདུན་སྐོང་མི་ཐུབ་པ་དང་། བཅོས་བསྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་བ་དང་བསྟུན་ནས། ཁེ་ཕན་གྱི་འབྲེལ་བར་འཕྲད་ཚད་གཏིང་ཇེ་ཟབ་ནས་ཇེ་ཟབ་ཡིན་ངེས། ང་ཚོས་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བཅོས་བསྒྱུར་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བའི་སྙོམས་སྒྲིག་དང་མི་སྒེར་གྱི་ཁེ་ཕན་དང་ཐོབ་ཤོར་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་ཡིན། བཅོས་བསྒྱུར་ནི་རིམ་སྤེལ་གྱི་བརྒྱུད་རིམ་ཞིག་ཡིན་པས་དེ་མ་ཉིད་དུ་འགྲུབ་པ་ཞིག་ཀྱང་ཡིན་མི་སྲིད། མྱུར་འགྲུབ་ཡོང་བར་རེ་བ་དང་རེ་བཞག་ཆེན་པོ་བསྐྱེད་མི་རུང་ཞིང་། གདངས་མཐོ་ས་ནས་འགྱོགས་པ་དང་སྲེད་པ་ཆེ་རུ་བསྐྱེད་མི་རུང་བར་དངོས་ཐོག་བདེན་འཚོལ་བྱེད་དགོས་ལ། དངོས་ཡོད་ནས་འགོ་བརྩམས་ཏེ་ཏན་ཏན་ཏིག་ཏིག་གིས་རྒྱལ་ཁ་ཆུང་ངུ་བསགས་ནས་རྒྱལ་ཁ་ཆེན་པོ་བརྩོན་དགོས།
མི་དམངས་ཀྱི་ཆེད་དུ་བཅོས་བསྒྱུར་བྱས་ན། ད་གཟོད་བཅོས་བསྒྱུར་ལ་དོན་སྙིང་ལྡན་ཞིང་། མི་དམངས་ལ་བརྟེན་ནས་བཅོས་བསྒྱུར་བྱས་ན། ད་གཟོད་བཅོས་བསྒྱུར་ལ་སྒུལ་ཤུགས་ཡོད། བཅོས་བསྒྱུར་སྒོ་འབྱེད་ནི་མི་དམངས་དུང་ཕྱུར་མང་པོའི་རང་གི་ལས་དོན་ཡིན་པས། མི་དམངས་ཡོངས་ཟབ་ཞུགས་བྱས་ཏེ། མཐུན་སྒྲིལ་གཅིག་མཐུན་སྒོས་འགག་སྒྲོལ་དཀའ་སེལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་ཞིང་། གྲུབ་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་བརྟེན་ནས་བཅོས་བསྒྱུར་ལ་ཞིབ་དཔྱད་བྱས་ཏེ། བཅོས་བསྒྱུར་ཁྲོད་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དངོས་གནས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་ན། མི་སེམས་གོང་བུར་བསྒྲིལ་ཞིང་སྟོབས་ཤུགས་གཅིག་ཏུ་བསྡུ་ཐུབ་པ་ཡིན། གླེང་ཕྱོགས་ལེགས་པོ་ནི་བཅོས་བསྒྱུར་འཕེལ་རྒྱས་ཀྱི“སྐུལ་ཆས”སུ་འགྱུར་ཆོག་པ་ཡིན། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ། མཐུན་སྒྲིལ་བརྟན་བརླིང་ངར་སྐུལ་དང་དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། མང་ཚོགས་ཉེ་འཁོར་གྱི་གཏམ་རྒྱུན་ཆུང་ཆུང་གིས་བཅོས་བསྒྱུར་གྱི་གནས་ལུགས་ཆེན་པོ་བརྗོད་པ་དང་། དུས་ཐོག་ཏུ་དོགས་སེལ་དོགས་འགྲོལ་བྱས་ཏེ། སྤྱི་ཚོགས་ཀྱིས་དོ་སྣང་བྱེེད་པར་ཨ་ལན་སློག་དགོས།དྲ་བའི་ཕྱི་ནང་གི་བློ་སེམས་གཅིག་མཐུན་ཡོང་བར་བྱེད་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཤེས་རབ་དང་སྟོབས་ཤུགས་བཅོས་བསྒྱུར་གྱི་སྟེང་དུ་གོང་བུར་བསྒྲིལ་ནས། བཅོས་བསྒྱུར་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ་དང་བཅོས་བསྒྱུར་གྱི་ཁྲོད་དུ་ལུས་སེམས་བསྟིམས་པའི་རྣམ་པ་བཟང་པོ་གྲུབ་པར་སྐུལ་འདེད་གཏོང་དགོས།
དེ་རིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རབ་མཛེས་ཀྱི་ཤོག་དྲིལ་རི་མོ་བཞེངས་ཤིང་སྔར་མེད་ཀྱི་གཟི་འོད་འཕྲོ་བའི་མདུན་ལྗོངས་བསྐྲུན་ཡོད། དུས་མཚུངས་སུ། མདུན་སྐྱོད་བགྲོད་ལམ་ནི་བདེ་ལ་སྙོམས་པ་ཞིག་ཡིན་མི་སྲིད་པར། དཀའ་ངལ་དང་ཉེན་ཁ་ངེས་པར་ཡོད་སྲིད་པས། རླུང་དམར་དང་རྦ་རླབས་ལ་འཕྲད་སྲིད་ཅིང་ཐ་ན་འཇིགས་རུང་གི་རྦ་རླབས་དྲག་པོའི་ཉམས་སད་ལའང་འཕྲད་སྲིད་པ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐུན་མོང་ངོས་ཟིན་རྒྱ་ཆེར་གོང་བུར་བསྒྲིལ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱས་ཏེ། སེམས་ཁ་གཅིག་ལ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བཀོལ་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འབྱེད་པར་ཧུར་ཐག་བྱས་ན། ང་ཚོའི་ལས་དོན་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་ཡོད་མི་སྲིད། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།