བཙན་སྐུལ་གྱིས་བཟོ་བཅོས་བྱས་པའི་ཁ་ཆེམས་ཡི་གེ་ལ་ནུས་པ་ཐོན་ནམ།

时事   2024-11-06 19:43   青海  





བཙན་སྐུལ་གྱིས་བཟོ་བཅོས་བྱས་པའི་ཁ་ཆེམས་ཡི་གེ་ལ་ནུས་པ་ཐོན་ནམ།

གྱོད་དཔེ།

ཨ་ནེ་དབང་མོ་དར་མ་ཡིན་དུས་ཁྱོ་ག་ཚེ་ལས་འདས་ཟིན་ལ། མོར་བུ་གཉིས་ཡོད་པའི་མིང་ལ་སོ་སོར་བསོད་ནམས་དང་ཀུན་སྐྱབས་ཟེར། ཨ་ནེ་དབང་མོར་ཀླད་ཁྲག་འགག་པའི་ནད་ཕོག་སྟེ་འགུལ་སྐྱོད་བྱེད་རྒྱུ་སྟབས་མི་བདེ་བས། དུས་རྒྱུན་མོའི་བུ་བསོད་ནམས་ཀྱིས་བདག་སྐྱོང་བྱེད་བཞིན་ཡོད། ཨ་མར་ནད་ཕོག་རྗེས་ཀུན་སྐྱབས་ཀྱིས་བདག་སྐྱོང་ཡེ་ནས་བྱས་མ་མྱོང་། ཉིན་ཞིག་ཨ་ནེ་དབང་མོས་ཁ་ཆེམས་ཡི་གེ་བྲིས་ཏེ་རྒྱུ་ནོར་ཡོད་ཚད་བུ་བསོད་ནམས་ལ་འཇོག་རྒྱུ་ཐག་བཅད། ཀུན་སྐྱབས་ཀྱིས་ཨ་མའི་ཁ་ཆེམས་ཡི་གེའི་ནང་དུ་རང་ལ་རྒྱུ་ནོར་གང་ཡང་བཞག་མེད་པ་ཤེས་རྗེས། ཐེངས་འགར་ཨ་མར“གལ་ཏེ་ང་རང་གསོན་མ་ཐུབ་ན། ཁྱོད་ཚོ་སུ་ཞིག་ཀྱང་སྐྱིད་པོར་གསོན་ཐབས་མེད། ངས་བསོད་ནམས་ལ་ཁྱོད་ཀྱི་རྒྱུ་ནོར་ཤུལ་འཛིན་བྱེད་རྒྱུའི་ལས་ཡོད་མེད་ལ་གཅིག་བལྟ”ཞེས་འཇིགས་སྐུལ་བྱས་མྱོང་། དེ་ལྟར་ཐེངས་འགའ་བྱས་རྗེས། ཨ་ནེ་དབང་མོར་སྐྲག་སྣང་སྐྱེས་ཏེ་ཁ་ཆེམས་ཡི་གེ་བཟོ་བཅོས་བྱས་པ་དང་། ཁང་པ་གཉིས་ཡོད་པ་བསོད་ནམས་ལ་འཇོག་རྒྱུ་དང་། གསོག་དངུལ་དང་རླངས་འཁོར་ཀུན་སྐྱབས་ལ་འཇོག་རྒྱུ་ཐག་བཅད། ཉིན་འགའི་རྗེས་སུ། ཨ་ནེ་དབང་མོའི་ནད་གཞི་ཇེ་ལྕིར་སོང་སྟེ་ཚེ་ལས་འདས། དེ་ལྟར་ན་ཀུན་སྐྱབས་ཀྱིས་བཟོ་བཅོས་བྱས་ཟིན་པའི་ཁ་ཆེམས་ཡི་གེ་ནང་བཞིན་ཨ་ནེ་དབང་མོའི་ཤུལ་ནོར་རྒྱུན་འཛིན་བྱ་ཆོག་གམ།


གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་གཙོ་བོ་ཁ་ཆེམས་ནུས་མེད་ཀྱི་གནས་ཚུལ་དང་འབྲེལ་ཡོད་དེ། གྱོད་དོན་འདིའི་ནང་དུ། ཤུལ་འཛིན་བྱ་ཡུལ་ཨ་ནེ་དབང་མོས་ཚེ་ཐོག་ཏུ་ཁ་ཆེམས་བཞག་ཡོད་པས། ཤུལ་ནོར་ཁ་ཆེམས་ནང་བཞིན་ཤུལ་འཛིན་བྱ་དགོས། ཨ་ནེ་དབང་མོས་རྗེས་སུ་ཁ་ཆེམས་བཟོ་བཅོས་བྱས་ཟིན་ཡང་ཁ་ཆེམས་གཉིས་པ་དེ་ནི་ཨ་ནེ་དབང་མོར་ཀུན་སྐྱབས་ཀྱི་བཙན་སྐུལ་ཐེབས་པའི་འོག་འུ་ཐུག་ཐབས་ཟད་དེ་བཟོ་བཅོས་བྱས་པ་ཡིན་པས། མོའི་འདོད་བློ་ངོ་མ་དང་འགལ་ཡོད་པ་རེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཁ་ཆེམས་འཇོག་མཁན་ལ་མགོ་བསྐོར་དང་བཙན་སྐུལ་ཐེབས་པའི་གནས་ཚུལ་འོག་ཁ་ཆེམས་བཞག་པ་ནི་ཁ་ཆེམས་ནུས་མེད་ཡིན། དེ་བས་ན། ཁ་ཆེམས་གཉིས་པ་དེས་ཁ་ཆེམས་དང་པོར་བསྒྱུར་བཅོས་བཏང་བ་ནི་ནུས་མེད་ཡིན། དེ་དང་ཆབས་ཅིག ཨ་ནེ་དབང་མོས་བཞག་པའི་ཁ་ཆེམས་དང་པོར་ནུས་མེད་ཡིན་པའི་སྣང་ཚུལ་མེད་པའི་རྐྱེན་གྱིས། ཨ་ནེ་དབང་མོའི་ཤུལ་ནོར་དེ་ཁ་ཆེམས་དང་པོ་གཞིར་བཟུང་སྟེ་བུ་བསོད་ནམས་ཀྱིས་ཤུལ་འཛིན་བྱས་ཆོག

གྱོད་དོན་དབྱེ་ཞིབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1143པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་བཞག་པའི་ཁ་ཆེམས་ནུས་མེད་ཡིན།

ཁ་ཆེམས་ཀྱིས་ངེས་པར་དུ་ཁ་ཆེམས་འཇོག་མཁན་གྱི་འདོད་བློ་ངོ་མ་སྟོན་དགོས་ཏེ། མགོ་བསྐོར་དང་བཙན་སྐུལ་འོག་བཞག་པའི་ཁ་ཆེམས་ནི་ནུས་མེད་ཡིན།

རྫུན་བཟོ་བྱས་པའི་ཁ་ཆེམས་ནུས་མེད་ཡིན།

ཁ་ཆེམས་ལྐོག་བཅོས་བྱས་ན། ལྐོག་བཅོས་བྱས་པའི་ནང་དོན་ལ་ནུས་པ་མེད།


ཁྲིམས་ཚན་ཞིབ་འགྲེལ།

ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་ཁ་ཆེམས་ནུས་མེད་སྐོར་གྱི་གཏན་འབེབས་རེད།

ཁ་ཆེམས་ནུས་མེད་ཅེས་པ་ནི་ཁ་ཆེམས་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་མཐུན་པའི་དབང་གིས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་མི་ཐུབ་པར་གོ། ཁ་ཆེམས་ནུས་མེད་ཀྱི་མཇུག་འབྲས་ནི་ཁ་ཆེམས་ནུས་མེད་ལྟར་ཤུལ་ནོར་ཐག་གཅོད་བྱེད་མི་ཐུབ་པ་ཡིན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འབེབས་ལྟར་ན། གཤམ་གྱི་སྣང་ཚུལ་གྲས་ཀྱི་གཅིག་ཡོད་ཚེ། ཁ་ཆེམས་ནུས་མེད་ཡིན་པ་དང་ཡང་ན་ཆ་ཤས་ནུས་མེད་ཡིན། (1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་བཞག་པའི་ཁ་ཆེམས། (2)མགོ་བསྐོར་དང་བཙན་སྐུལ་ཐེབས་པའི་གནས་ཚུལ་འོག་བཞག་པའི་ཁ་ཆེམས། (3)རྫུན་བཟོ་བྱས་པའི་ཁ་ཆེམས། (4)ཁ་ཆེམས་ལྐོག་བཅོས་བྱས་ན། ལྐོག་བཅོས་བྱས་པའི་ནང་དོན་ནུས་མེད་ཡིན་མོད། འོན་ཀྱང་ལྐོག་བཅོས་མ་བྱས་པའི་ཆ་ཤས་ཀྱི་བཅའ་ཁྲིམས་ནུས་པར་ཤུགས་རྐྱེན་མི་ཐེབས་པ་ཡིན། (5)ཁ་ཆེམས་ཀྱི་ནང་དུ་ཁ་ཆེམས་འཇོག་མཁན་རང་ཉིད་ལ་མི་དབང་བའི་རྒྱུ་ནོར་ཐག་གཅོད་བྱས་པའི་ཆ་ཤས་དེར་ནུས་པ་མི་ཐོན། ཡིན་ནའང་ཁ་ཆེམས་འཇོག་མཁན་ཚེ་ཐོག་ཏུ་ཡོད་སྐབས་རྒྱུ་ནོར་དེ་གའི་ཁེ་དབང་ལོན་པ་ཡིན་ན་ནུས་ལྡན་དུ་བརྩི་བ་ཡིན། (6)གཞན་གྱི་ཚབ་ཏུ་བཞག་པའི་ཁ་ཆེམས། (7)ཁ་ཆེམས་ནང་དུ་ངལ་རྩོལ་ནུས་པ་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པའི་ཤུལ་འཛིན་པར་འཇོག་དགོས་པའི་སྐལ་དེ་ཁྲིམས་འགལ་གྱིས་ཐག་གིས་བཅད་ཡོད་ཚེ། ཁ་ཆེམས་ཀྱི་ནང་དོན་དེ་ནུས་མེད་ཡིན། །



ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། 

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章