ཞོགས་པ་རེ་རེར རྨི་ལམ་རེ་རེ་ཅམ་གྱིས་བཞག་སྟེ
བློ་ལ་ཉར་བའི་རྟག་བརྟན་གྱི་བདེན་ལུགས་དེ་འཚོལ་ཕྱིར
ཁྱེད་ནི འཚོ་བའི་ཟ་ཟུར་ཐམས་ཅད་རུམ་ལ་འཇུག་མཁན་ཡིན
ལག་པའི་ནང་གི་སྨྱུ་གུ་ཕྲ་མོ་དེ
གར་མཁན་ཞིག་གི་རལ་གྲི་དང་འདྲ་བར
གཡུགས་པ་ཙམ་གྱིས་ཀྱང་འཇིག་རྟེན་གྱི་དགའ་སྐྱོ་ཐམས་ཅད
ལྟད་མོ་པ་དག་གི་སྤྱན་ལམ་དུ་སྒེག་ཉམས་ཀྱིས་དབུལ་བར་ནུས
ཡུལ་གྲུ་ཆེ་ཆུང་ཀུན་གྱི དོན་དག་ཆེ་ཆུང་ཀུན་གྱི་འཕེལ་འགྱུར་སྣ་ཚོགས
ཁྱེད་ཀྱི་སྨྱུ་གུའི་འོག་ཏུ་རེ་རེ་བཞིན་ཅི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང
རྡོག་ལམ་ཕྲ་མོ་འཁྲི་ཤིང་བཞིན་རྫོགས་མཐའ་མེད
སྟོད་ཕྱོགས་འབྲོག་གི་རུ་སྡེ སྨད་ཕྱོགས་རོང་གི་རྣང་ཞིང་
ད་དུང་བར་ཕྱོགས་གྲོང་གི་སྲང་ལམ་ཆེ་ཆུང་ཀུན་ཏུ་འཐེན་ཡོད་པས
ཁྱེད་ལ་འཇིགས་བྲལ་སྟག་གི་དཔའ་སྙིང་ཐོགས་པས
ཆར་དང་ཁ་བས་བགྲོད་ལམ་ཇི་ལྟར་བཀག་ཀྱང
མདུན་དུ་བསྐྱོད་པའི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་ཨང
དེ་ནི་འཚོལ་སྙེག་ཅིག་སྟེ
རི་མོར་ཕབ་རིན་ལྡན་པའི་སྐད་ཅིག་ཙམ་གྱི་ཆེད་དུ
དེ་ནི་གོམ་པས་ས་ཆེན་འཇལ་སྟངས་ཤིག་སྟེ
ཞབས་རྗེས་རེ་རེ་ན་གཏམ་རྒྱུད་རེ་རེ་ཡི་མྱུ་གུ་འབུས་བཞིན་ཡོད
བསམ་གཞིག་གི་ཡུར་ཀླུང་ན
དྲན་པ་སྣ་ཚོགས་ཀྱི་སྐར་མའི་འཇིག་རྟེན་ཤར
བདེན་རྫུན་འཁྲུལ་བའི་ཆ་འཕྲིན་གྱི་ཀློང་རིམ་ནས
ཁྱེད་ཀྱིས ཤེས་རབ་ཀྱི་མིག་ཟུང་གིས་ཕུར་ཚུགས་སུ་གཟིགས་པས
མྱུར་མགྱོགས་རྟ་ཡི་བང་ཁ་ལྟ་བུའི གསར་པ་ནངས་བཞེས་འོ་མ་ལྟ་བུའི
འཛམ་གླིང་གི་དར་རྒུད་ལེགས་ཉེས་མཐའ་དག་རེ་རེ་བཞིན་བཀྲལ་འོང་དུས
ཁྱེད་ནི་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན བསླུ་མེད་དྲང་སྲོང་གི་གཏམ ཞུམ་མེད་བསྙེངས་བྲལ་གྱི་ལུས
དཀའ་སྡུག་གི་རྔུལ་ཆུ་ཐོད་པར་འཛུམ
ལོ་རྒྱུས་ཀྱི་ས་བོན་རེ་རེ་ཐ་སྙད་རེ་རེའི་རྟེན་དུ་འཇུག་དུས
ཁྱེད་ནི ལོ་ཟླའི་དྲན་པ་ཡོད་ཚད་རུམ་ལ་འཇུག་མཁན་གྱི་སྔོན་སྐྱོད་པ་དེ
ཕུགས་བསམ་གྱི་འོད་སྣང་མིག་ཟུང་ན་མཆེད
འཚོ་བའི་ཟ་ཟུར་རེ་རེ་བརྙན་མིག་རེ་རེའི་འོད་ལ་འདྲེན་དུས
ཁྱེད་ནི འཇིག་རྟེན་གྱི་དར་རྒུད་སྣ་ཚོགས་འོད་ལ་བསྲེས་མཁན་གྱི་གསར་འགོད་པ་དེའོ
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།