ཁུལ་དམག་འཁྱུར་ལས་དོན་ཅུའུ་ཡིས་དམག་འཁྱུར་དམག་མིར་རོགས་སྐྱོར་བྱས།

时事   2024-11-03 17:33   青海  

རང་ཁུལ་དམག་འཁྱུར་ལས་དོན་ཅུའུ་ཡིས་དཀའ་ངལ་ཡོད་པའི་དམག་འཁྱུར་དམག་མིར་རོགས་སྐྱོར་བྱས་པ།


    ཁུལ་དམག་འཁྱུར་ལས་དོན་ཅུའུ་ཡིས་དཀའ་ངལ་ཡོད་པའི་དམག་འཁྱུར་དམག་མིར་རོགས་སྐྱོར་བྱེད་པའི་བྱ་བ་གཙོ་བོར་འཛིན་པ་དང་། རོགས་སྐྱོར་བྱེད་ཐབས་ཇེ་ལེགས་དང་རོགས་སྐྱོར་ཐབས་ལམ་ཇེ་བཟང་དུ་བཏང་སྟེ། དམག་འཁྱུར་དམག་མི་དང་རོགས་སྐྱོར་བྱ་ཡུལ་གཞན་དག་དཀའ་སྡུག་ལས་དགྲོལ་བའི་གནད་དོན་ཐག་གཅོད་བྱས་ནས་དམག་འཁྱུར་དམག་མིའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཁྱོན་ཡོངས་ནས་ཇེ་མཐོར་བཏང་།

    ཉེ་ཆར། ཁུལ་དམག་འཁྱུར་དམག་མིའི་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་དང་གུང་ཧོ་རྫོང་པའོ་ཡུས་ཆུ་གློག་སྒྲིག་བཟོ་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་དུ་སོང་སྟེ། དོན་རྐྱེན་བྱུང་ནས་དབང་བོ་སྐྱོན་ཅན་དུ་གྱུར་བའི་དབྱང་ཧྲའོ་ཕིང་ལ་འཚམ་འདྲིར་བྱས་པ་དང་། གུང་ཧོ་རྫོང་པའོ་ཡུས་ཆུ་གློག་སྒྲིག་བཟོ་ཚད་ཡོད་ཀུང་ཟིའི་འགན་འཁུར་བས་རོགས་དངུལ་སྤྲད་དེ་ནད་པའི་དཀའ་ཁག་སེལ་བར་རོགས་རམ་བྱས།

    གུང་ཧོ་རྫོང་པའོ་ཡུས་ཆུ་གློག་སྒྲིག་བཟོ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ། པེ་ཏ་ཞའོ་ཡིས་བཤད་རྒྱུར། གནས་ཚུལ་དེར་རྒྱུས་ལོན་བྱུང་རྗེས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས། ང་ཚོ་དམག་མིས་བསྒྲུབ་པའི་ཁེ་ལས་ཤིག་ཡིན་པ་དང་ང་རང་ཉིད་དམག་ཁོངས་ལས་བུད་པའི་དམག་མི་ཞིག་ཡིན་པའི་ཆ་ནས། དཀའ་ངལ་ཡོད་པ་དག་ལ་རོགས་སྐྱོར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཞིག་ཡིན་ཟེར།

    རྒྱུས་ལོན་བྱུང་བ་ལྟར་ན། དབྱང་ཧྲའོ་ཕིང་ནི་དམག་འཁྱུར་དམག་མི་ཞིག་ཡིན་པ་དང་། དོན་རྐྱེན་བྱུང་ནས་དབང་བོ་སྐྱོན་ཅན་དུ་གྱུར་ཡོད། ཁུལ་དམག་འཁྱུར་ལས་དོན་ཅུའུ་ཡིས་གནས་ཚུལ་དེ་ཤེས་རྗེས། དབྱང་ཧྲའོ་ཕིང་བཟའ་མི་གང་བོར་རོགས་རམ་བྱས་ཏེ་དཀའ་ཁག་ལས་ཐར་བར་བྱས།

    ཁུལ་དམག་འཁྱུར་དམག་མིའི་ཞབས་ཕྱི་ལྟེ་གནས་ཀྱི་ལས་བྱེད་པ་ཝང་ཁྲེན་གྱིས་དམངས་སྲིད་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།རྒྱ་གྲམ་དམར་པོ་ཚོགས་པ། པའོ་ཡུས་མེ་ཟོན་བདེ་འཇགས་ཀུང་ཟི་སོགས་ལ་འབྲེལ་བ་དམ་པོར་བཟུང་སྟེ།ཁོའི་ཁྱིམ་ཚང་ལ་དམིགས་བསལ་གྱི་རོགས་སྐྱོར་བྱས་པ་དང་།ལས་མི་བསྡུ་བའི་ལས་ཁུངས་དག་ལ་འབྲེལ་གཏུག་བྱས་ནས་ཁོར་འཚམ་པའི་ལས་གནས་ཞིག་བཙལ་བ་ཡིན་པས། ཁོ་ཚང་གི་མི་གཉིས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་ཟེར།   

    འདི་ནི་ཁུལ་དམག་འཁྱུར་ལས་དོན་ཅུའུ་ཡི་ལས་སྒོའི་ཁྲོད་ཀྱི་རྣམ་པ་ཞིག་ཡིན་ཞིང་། ཁོ་ཚོས་དམག་འཁྱུར་དམག་མིའི་བལྟ་སྐྱོང་དང་ལས་ཞུགས།བཀོད་སྒྲིག་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ཏེ། ཁོ་ཚོས་རོགས་རམ་བྱེད་པའི་བྱ་བ་དངོས་བསྒྲུབ་ནས་དམངས་ལ་བདེ་སྐྱིད་བསྐྲུན་ཞེས་པ་དོན་ཐོག་ཏུ་འཁྱོལ་བར་བྱས།   

    ཁུལ་དམག་འཁྱུར་དམག་མིའི་ཞབས་ཕྱི་ལྟེ་གནས་ཀྱི་ལས་བྱེད་པ་ཝང་ཁྲེན་གྱིས་རྗེས་ཕྱོགས་ང་ཚོ་དམག་འཁྱུར་ལས་དོན་ཅུའུ་ཡིས་འཚམས་འདྲི་བྱེད་ཐབས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཅིག་ནས་དངོས་པོའི་འཚམས་འདྲི་དང་སེམས་ཁམས་ལ་ཐུགས་ཁུར་བྱེད་པ་གཙོར་བཟུང་ནས་རྒྱུན་ལྡན་གྱི་འཚོ་བར་མཁོ་བའི་དངོས་བོ་དང་འཚམས་འདྲིའི་རོགས་དངུལ་སྟེར་རྒྱུ་དང་། གཉིས་ནས་སྡེ་ཁག་གཞན་དག་དང་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ཏེ་དམག་འཁྱུར་དམག་མིའི་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་དཀའ་ཁག་ཐག་གཅོད་བྱ་རྒྱུ་ཡིན་ཟེར།  


 ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章