-----
༄༅། །མངོན་མཐོ་འཐོབ་བྱེད་ཀྱི་ཆོས་ཀྱིས་སྤྱི་ཚོགས་ལ་ཕན་པའི་ནུས་པ་རགས་ཙམ་གླེང་བ།
བྱ་ཉ་བློ་བཟང་ཚུལ་ཁྲིམས།
འདིའི་ནང་དུ་ནང་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་དུ་གསུངས་པ་གཞིར་གཟུང་གིས་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་ཀྱིས་སྤྱི་ཚོགས་ལ་ཕན་པ་ཇི་ལྟར་ཡོད་མེད་གླེང་བར་བྱ་ཞིང་། དེ་ཡང་ཆོས་ལུགས་དར་སྤེལ་བྱེད་པའི་དགོས་མཁོའི་ཆེད་དུ་མིན་པར་ཆོས་ཀྱི་གཞུང་དུ་གསུངས་པའི་ཉམས་ལེན་དང་རྒྱུན་གྱི་སྤྱི་ཚོགས་ནང་གི་མི་ཆོས་བར་གྱི་མཐུན་ལམ་བཙལ་བ་དང་། ཕལ་མོ་ཆེས་ཆོས་ལ་དད་པ་བྱེད་པའི་བོད་མི་དག་ལ་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་མིའི་རིགས་ཀྱི་ཡ་རབས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་བར་སྐུལ་འདེད་བྱ་ཆེད་ཡིན།
གཅིག ཆོས་ཀྱི་གོ་དོན་སྤྱིར་བཤད་པ།
སྤྱིར་ཆོས་ལ་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་དང་ངེས་ལེགས་འཐོབ་བྱེད་ཀྱི་ཆོས་གཉིས་གསུངས་པ་ལས། མི་ནག་དག་གིས་ཕྱི་མ་ངན་འགྲོར་མི་སྐྱེ་ཞིང་བདེ་འགྲོའི་ལུས་རྟེན་ཐོབ་པའི་ཆེད་ཆོས་ལ་དད་པ་དང་ཉམས་ལེན་བྱེད་པ་ལས། ཕལ་མོ་ཆེས་ངེས་ལེགས་ཐོབ་པར་རེ་བ་ཡང་བྱེད་ཀྱི་མེད་ཅིང་། དེ་འཐོབ་བྱེད་ཀྱི་ཆོས་ཏེ་སྟོང་པ་ཉིད་སྒོམ་པ་ལ་གོ་རྟོགས་ཀྱང་ཅི་ཡང་མེད། དེའི་ཕྱིར་འདི་ཡང་མི་ནག་གི་སྤྱི་ཚོགས་ནང་དུ་ཁྱབ་ཆེ་བའི་ཆོས་ཏེ་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་དེ་ཉིད་གཞིར་བཟུང་ནས་གླེང་བར་བྱ། དེ་ཡང་མངོན་མཐོ་ཞེས་པ་ནི། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས། “དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །”[༡]ཅེས་གསུངས་པ་ལྟར་ཟག་བཅས་ཀྱི་ཚོར་བ་བདེ་བ་དང་བཏང་སྙོམས་དག་ལ་བྱ། གོ་བདེ་པོར་བཤད་ན་ནང་པའི་གཞུང་དུ་འགྲོ་བ་རིགས་ལྔ་བཤད་པ་ལས་ལྷ་དང་མིའི་རིས་ནི་སྡུག་བསྔལ་ཆུང་ཤོས་དང་བདེ་བ་ཆེ་ཤོས། རྟེན་བཟང་ཤོས་དེ་ཡིན་པས་དེ་དག་ལ་སྐབས་འདིའི་མངོན་མཐོའི་གོ་འཕང་ཞེས་བརྗོད། དེ་འཐོབ་པར་བྱེད་པའི་ཆོས་ལ་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་ཞེས་བྱ། བོད་སྐད་ཀྱི་ཆོས་ཞེས་པ་དེའི་སྐད་དོད་དུ་གནའ་བོའི་རྒྱ་གར་གྱི་སྐད་དུ་དྷརྨ་ཞེས་ཟེར་ཞིང་དེ་ལ་སྐབས་ཐོབ་ཀྱིས་གོ་དོན་མི་འདྲ་བ་གསུམ་ཡོད་པ་དབུ་མ་ཚིག་གསལ་དུ་གསུངས་པའི་དང་པོ་ནི། རང་གི་ངོ་བོ་འཛིན་པ་ཞེས་པ་དེ་ཡིན་ཞིང་། དེ་ནི་ཤེས་བྱ་ཡོད་དོ་ཅོག་ལ་ཚང་ཡོད་པས་དེའི་དབང་དུ་བྱས་ན་ཤེས་བྱ་ཐམས་ཅད་ལ་ཆོས་ཞེས་བརྗོད་ཆོག །དཔེར་ན་བུམ་པ་ལྟ་བུར་མཚོན་ན་རང་ཉིད་མ་ཡིན་པའི་ཆོས་གཞན་ཀ་བ་སོགས་དང་མ་འདྲེས་ཤིང་དེ་དག་ལ་མེད་པའི་ཐུན་མིན་གྱི་ངོ་བོ་ཞིག་འཛིན་ཡོད་པས་དེའི་དབང་གིས་དེ་བུམ་པ་ཡིན་ཞིང་ཀ་བ་སོགས་ངོ་བོ་དེ་མ་ཚང་བའི་ཆོས་གཞན་མིན་པར་བརྗོད་པ་ལྟ་བུའོ། །གཉིས་པ་ནི། ཚིག་གསལ་དུ།“ དགེ་བ་བཅུ་ལ་སོགས་པའི་ཆོས་རྣམས་ནི། འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་བྱ་བ་དེར་འགྲོ་བ་ངན་པར་འགྲོ་བ་ལས་འཛིན་པའི་དོན་གྱིས་ན་ཆོས་ཞེས་བསྙད་དོ། །”[༢]ཅེས་གསུངས། དོན་ནི། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ལ་ཆོས་ཞེས་བྱ་སྟེ། དེ་བསྲུངས་ན་འགྲོ་བ་ངན་པ་དམྱལ་བ་དང་ཡི་དྭགས་སོགས་སུ་མི་ལྟུང་བར་འཛིན་པས་སོ། །ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཏུ་ཡང་། “བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །[༣]ཞེས་གསུངས་ཏེ། དེས་བསྟན་པའི་ཆོས་ནི་གོང་གི་གོ་དོན་གཉིས་པའི་སྐབས་ཀྱི་ཆོས་དེ་ཡིན། གསུམ་པ་ནི། “ཆོས་ལ་སྐྱབས་སུ་མཆི”ཞེས་པའི་སྐབས་ཀྱི་ཆོས་ཏེ་མྱང་འདས་ལ་ཟེར། དེས་ནི་འཁོར་བའི་སྐྱེ་གནས་སུ་མི་ལྟུང་བར་འཛིན་པས་ན་ཆོས་ཞེས་བརྗོད་དོ། །
གཉིས། སྐབས་དོན་ལ་འཇུག་པ།
འདིར་སྐབས་སུ་བབ་པའི་ཆོས་ནི་གོང་གི་ཆོས་ཀྱི་གོ་དོན་གཉིས་པའི་སྐབས་ཀྱི་ཆོས་དེ་ཡིན་ཞིང་། དེའི་སྐོར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ན་གསལ་པོར་འཁོད་ཡོད། དེ་ཡང་དབུ་མ་རིན་ཆེན་ཕྲེང་བའི[༤]་ནང་དུ་འགྲོ་བ་བཞི་ཡི་སྒོ་ནས་ཆོས་ལས་མི་འདའ་བའི་གང་ཟག་དེ། ནང་པའི་ཆོས་ལ་དད་པ་ཅན་གྱི་གང་ཟག་གི་ཚད་ལ་བཞག་ཅིང་། དེ་ལྟ་བུའི་ཆོས་ལ་ཁོང་གིས་དབུ་མའི་བསྟན་བཅོས་དེའི་ནང་དུ་བཅུ་དྲུག་བཞག་པར་མཛད། བཅུ་དྲུག་ནི་དགེ་བ་བཅུའི་སྟེང་དུ་ཆང་མི་འཐུང་བ་དང་། འཚོ་བ་བཟང་པོ། རྣམ་པར་མི་འཚེ་བ། གུས་སྦྱིན། མཆོད་འོས་མཆོད་པ། བྱམས་པ་སྒོམ་པ་བཅས་བསྣན་པས་བཅུ་དྲུག་ཡིན། ཐོག་མར་དགེ་བ་བཅུ་ལ་མཚོན་ན་དེའི་ནང་གི་ལོག་ལྟ་སྤོང་བ་ཞེས་པ་དེ་ཕྱོགས་གཅིག་ནས་དཀོན་མཆོག་དང་རྒྱུ་འབྲས་སོགས་མེད་པར་ལྟ་བ་སྤོང་བ་ལ་ཟེར་བས་དེ་ནི་ཆོས་ལུགས་དང་འབྲེལ་བའི་སྐད་ཆ་ཞིག་ཡིན་ཞིང་། ཕྱོགས་གཞན་ནས་འཇིག་རྟེན་བྱེད་པ་པོ་དཀོན་མཆོག་ཡོད་པར་ལྟ་བ་ལྟ་བུ་མི་མཐུན་པ་རྒྱུར་འཛིན་པ་ལ་ཡང་ཟེར་བས་དེ་ནི་ཆོས་ལུགས་དང་འབྲེལ་པ་ཅི་ཡང་མེད། དེ་ཕུད་པའི་ལྷག་མ་མི་དགེ་བ་དགུ་ནི་ཆོས་ལ་དད་མོས་ཡོད་མེད་ལ་འབྲེལ་བ་མེད་པར་སྤྱི་ཡོངས་ནས་བཤད་ན་མིའི་རིགས་ཀྱིས་མཐའ་གཅིག་ཏུ་སྤང་བྱར་ལྟ་བའི་བསམ་བློ་དང་ལུས་ངག་གི་བྱ་བ་ངན་པ་དག་ཡིན། གནའ་ནས་ད་བར་ཡུལ་དུས་དམིགས་བསལ་གྱི་དུས་སྐབས་སུ་མ་གཏོགས། སྤྱི་ཡོངས་ཀྱི་ངོས་ནས་སྲོག་འཕྲོག་པ་དང་། རྐུ་བྱེད་པ། ལོག་གཡེམ་བྱེད་པ་སོགས་ལུས་ཀྱི་བྱ་བ་ངན་པ་དང་། རྫུན། ཕྲ་མ། ཚིག་རྩུབ་སོགས་ངག་གི་བྱ་བ་ངན་པ། བརྣབ་སེམས། གནོད་སེམས་སོགས་གཞན་ལ་དངོས་ཤུགས་གང་རུང་ནས་གནོད་པའི་བསམ་བློ་ངན་པ་དག་ལ་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཀྱི་མེད། མ་འོངས་པར་མིའི་སྤྱི་ཚོགས་ནང་དུ་ཇི་ཙམ་གྱིས་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་སོང་ན་དེའི་ཚོད་ཀྱིས་གོང་གི་མི་དགེ་བ་དེ་དག་ལ་སྐྱོན་དུ་འཛིན་མཁན་གྱི་མི་མང་དུ་འགྲོ་བ་དང་། མི་དགེ་བ་དེ་དག་ལ་འཇུག་མཁན་ཉུང་དུ་འགྲོ་ངེས་པ་ལས། མི་དགེ་བའི་ལས་དེ་དག་ལ་ཤེས་དཔལ་ལྡན་པའི་མིའི་སྤྱི་ཚོགས་གང་དུ་ཡང་རྒྱབ་སྐྱོར་ཐོབ་མི་སྲིད། གོང་གི་མི་དགེ་བ་དགུ་པོ་དེ་སངས་རྒྱས་ཤཱཀྱ་མུ་ནེས་རང་ཉིད་ཀྱི་སྐུ་དུས་སུ་གཞི་ནས་སྤང་བྱར་ངོས་བཟུང་བ་ཙམ་མིན་པར། དེ་ནི་མིའི་རིགས་ཀྱིས་སྔ་མོ་ནས་སྤང་བྱ་དང་སྐྱོན་དང་། དེའི་འབྲས་བུ་ནི་རང་གཞན་ལ་གནོད་པ་ཡིན་པ་ཤེས་ཀྱི་ཡོད།
འོན་ཀྱང་ཕྱིས་སུ་སྔར་ནས་ཡོད་པའི་མིའི་རིགས་ཀྱི་བླང་དོར་གྱི་ཚད་གཞི་དེ་གཞིར་བཟུང་ནས་ཆོས་ལུགས་ཀྱི་གཞུང་དུ་དགེ་སྡིག་གི་འགྲེལ་བཤད་བྱས་ཤིང་། ལྷག་ཏུ་ནང་ཆོས་སུ་མི་དགེ་བ་རེ་རེའི་ངོ་བོ་དང་། དེའི་རྒྱུ་དང་། འབྲས་བུ་སོགས་ལ་འགྲེལ་བཤད་རྒྱ་ཆེར་མཛད་དེ་གཞུང་ལུགས་ཀྱི་རང་བཞིན་ཅན་དུ་གྲུབ་པར་མཛད། ནང་ཆོས་སུ་མི་དགེ་བ་བྱས་ན་དེའི་རྣམ་སྨིན་གྱི་འབྲས་བུར་སྡུག་བསྔལ་གྱི་ཁྱད་པར་སྣ་ཚོགས་འབྱུང་བ་དང་། དགེ་བ་བྱས་ན་དེའི་རྣམ་སྨིན་གྱི་འབྲས་བུར་བདེ་བའི་ཁྱད་པར་སྣ་ཚོགས་པ་འབྱུང་བར་གསུངས་ཤིང་། དགེ་སྡིག་གི་རྒྱུ་འབྲས་ཀྱི་སྐོར་ལ་གཏིང་ཟབ་པའི་འགྲེལ་བཤད་མཛད་མོད། དེ་དག་མང་པོ་ཞིག་ནི་ང་ཚོ་ལ་ཤིན་ལྐོག་ཏུ་སོང་བས་མངོན་སུམ་དུ་ར་སྤྲོད་པའམ་ཡང་ན་རིགས་པས་དཔོག་ཐབས་མེད། ང་ཚོའི་མངོན་སུམ་གྱིས་མི་རྟོགས་ཤིང་རིགས་པས་མི་དཔོག་པ་ཙམ་གྱིས་མེད་པར་ཡང་ཐག་མི་ཆོད། གང་ལྟར་ཡང་དེས་མིའི་སེམས་ལ་རང་མོས་ཀྱིས་མི་དགེ་བ་སྤོང་བ་དང་དགེ་བ་དེ་དག་སྒྲུབ་པ་ལ་ཁྱད་འཕགས་ཀྱི་ནུས་པ་ཞིག་ཐོན་བཞིན་ཡོད་ཅིང་། གོང་གི་མི་དགེ་བ་དགུ་པོ་དེས་རང་གཞན་ལ་གནོད་ཅིང་སྤོང་བར་འོས་པའི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་བསམ་ཚུལ་དེའི་དབང་དུ་བྱས་ན་དེ་ནི་དང་བ་སྐྱེ་བ་ཞིག་ཡིན།
འདིར་དཔེ་མཚོན་ལྟ་བུ་འགའ་ཞིག་ཞུ་ན། ས་གོ་ལ་ནི་སྲོག་ཆགས་ཐམས་ཅད་ཀྱི་འཚོ་བའི་རྟེན་ཁུངས་གཅིག་པུ་དེ་ཡིན་པས་འབྱུང་འགྱུར་གྱི་སྲོག་ཆགས་དེ་དག་ཀྱང་གོ་ལ་འདི་ལ་བརྟེན་ནས་འཚོ་དགོས་པ་སྨོས་མ་དགོས།གལ་ཏེ་རང་གི་མི་ཚེ་ཐུང་ཐུང་ནང་གི་མི་སྒེར་གྱི་ཁེ་ཕན་ཙམ་ལ་བསམས་ནས་རང་བྱུང་ཁམས་ལ་ཚབས་ཆེ་བའི་གཏོར་བརླག་བྱས་ན།དེས་མ་འོངས་པའི་སྲོག་ཆགས་གྲངས་མེད་པ་དེ་དག་གི་ཚེ་སྲོག་འཚོ་བའི་གནས་ཙམ་ཡང་མེད་པར་བཟོ་སྲིད།བྱ་བ་དེ་འདྲ་ནི་དངོས་བརྒྱུད་ཅི་རིགས་ཀྱིས་གཞན་གྱི་སྲོག་ལ་འཚེ་བ་དང་འབྲེལ་བ་ཡོད། དེ་བཞིན་བཟའ་བཅའ་ཐོན་སྐྱེད་བྱེད་མཁན་དང་དེ་འཚོང་མཁན་་སུ་ཡིན་ཡང་།ཚད་ལྡན་མིན་ཞིང་མིའི་བདེ་ཐང་ལ་གནོད་པའི་བཟའ་བཅའ་དེ་དག་ཐོན་སྐྱེད་དང་བཙོང་ན།དེ་མ་ཐག་མཛད་སྤྱོད་མཁན་གྱི་སྲོག་ཤོར་མེད་ན་ཡང་།དེས་གཞན་གྱི་ལུས་པོའི་སྟེང་དུ་ནད་ཀྱི་རྒྱུ་ཆ་འདོན་སྤྲོད་བྱས་པས་ནམ་ཞིག་དེས་རྐྱེན་པས་གཞན་གྱི་སྲོག་ཤོར་བ་དང་སྡུག་བསྔལ་ཆེན་པོ་མྱོང་ངེས།སྨན་པ་དག་གིས་ནད་པའི་ནད་ཀྱི་འགྱུར་བ་དངོས་ལ་མི་ལྟ་བར་སྒོར་གྱི་ཁེ་ཕན་ཆེད་སྨན་གང་བྱུང་དུ་བྱིན་ན་དེས་ཕ་རོལ་པོའི་ཚེ་སྲོག་ལ་འཚེ་བ་ཇི་ལྟར་བྱས་པ་ཤེས་སླ།དེ་འདྲ་ཡང་སྲོག་གཅོད་པའི་མི་དགེ་བའི་ལས་དངོས་དང་ཕྱོགས་མཐུན་པ་ཞིག་ཏུ་འགྱུར་བར་བསམས་ནས་འོས་འཚམས་ཀྱིས་སྲོག་གཅོད་པའི་ལས་སྤོང་ན་དེས་སྤྱི་ཚོགས་ལ་ཕན་པའི་ནུས་པ་ཕྱོགས་མང་པོ་ནས་ཐོན་ཐུབ།རྒྱལ་ཁབ་གང་ཞིག་ཡིན་ཡང་སྤྱིར་བཏང་ནས་མི་གསོད་པ་ནི་ཁྲིམས་དང་འགལ་བ་སྨོས་མ་དགོས་ལ།དུད་འགྲོའི་རིགས་འགའ་ཞིག་ཀྱང་བསད་ན་ཁྲིམས་དང་འགལ་གྱི་ཡོད།དུད་འགྲོའི་ཁྱད་པར་ལ་ལ་ཞིག་བསད་ཀྱང་ཁྲིམས་ཀྱི་ངོས་ནས་འགལ་བ་མེད་མོད།གནས་ལུགས་ཀྱི་ངོས་ནས་བསམ་ན་དེའང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་།བདེ་སྡུག་གི་ཚོར་བ་ཡོད་པ་མཚུངས་པས་སྲོག་གཅོད་འོས་པའི་རྒྱུ་མཚན་ཅི་ཡང་མེད།འོན་ཀྱང་ཡུལ་དུས་གང་ཟག་བྱེ་བྲག་གི་གནས་ཚུལ་ལ་མི་བསྟུན་པར་ཚད་ལས་བརྒལ་ནས་ཡུལ་དུས་ཐམས་ཅད་དུ་མི་ཚང་མས་འཚེ་བ་སྤོང་དགོས་པའི་སྐུལ་མ་བྱེད་ཆེ་ན་མཐའ་འཁྱོལ་དཀའ་ཞིང་།སྤྱི་ཚོགས་ཀྱི་ཕྱོགས་འགའ་ནས་གནོད་པའང་ཐོན་སྲིད་པས་ཡུལ་དུས་གང་ཟག་ལ་ལྟོས་ཏེ་འོས་འཚམས་ཀྱིས་འཚེ་བ་སྤོང་པ་གལ་ཆེན་དུ་མཐོང་།
མ་བྱིན་པ་ལེན་པ་ལ་བསམས་ན། མང་ཚོགས་ཀྱིས་ཁས་ལེན་ཞིང་རྒྱལ་ཁབ་ཀྱིས་ཡོངས་གྲགས་སུ་གཏན་ལ་ཕབ་པའི་ཁྲལ་གྱི་རིགས་གཡོ་སྒྱུ་ཅི་རིགས་ཀྱིས་མ་སྤྲད་ན་ཆོས་ཀྱི་གཞུང་དུ་དེ་ནི་མ་བྱིན་ལེན་ཡིན་པར་གསུངས་ཤིང་། གཞུང་གི་ལས་བྱེད་ཅིག་ཡིན་ཚེ་རང་ཉིད་སྒེར་ལ་མི་དབང་ཞིང་མི་དམངས་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་རྫས་རང་ཉིད་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱད་ན་དེ་ཡང་མ་བྱིན་པ་བླངས་པ་ཡིན། ཆོས་ཀྱི་དགོངས་པ་ལྟར་ན་དེའི་འབྲས་བུ་ནི་དམྱལ་བ་སོགས་འགྲོ་བ་ངན་པའི་གནས་སུ་སྐྱེས་ནས་སྡུག་བསྔལ་མྱོང་བ་ལས་མ་འདས། དེ་བཞིན་འགྲིམ་འགྲུལ་སྟབས་བདེ་ཞིང་བརྡ་འཕྲིན་དར་བའི་དེང་གི་དུས་འདིར་ལོག་གཡེམ་བྱས་ནས་ཁྱིམ་ཚང་འགྲིག་མཐུན་མི་ཡོང་བ་དང་། ཨེ་ཛི་སོགས་ཀྱི་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེ། གལ་ཏེ་ལོག་གཡེམ་བྱེད་པ་ནི་མི་དགེ་བ་དང་དེའི་འབྲས་བུ་ལ་དམྱལ་བ་སོགས་ཀྱི་སྡུག་བསྔལ་ཡོང་བའི་རྒྱུ་འབྲས་ལ་ཡིད་ཆེས་ཡོད་ཚེ། མི་རྣམས་ཀྱིས་རང་མོས་ཀྱིས་ལོག་གཡེམ་འགོག་པ་ལ་ཡང་ཕན་ནུས་ལྡན་པའི་ནུས་པ་ཐོན་སྲིད། འདིར་ལོག་གཡེམ་ཞེས་པ་ནི་རང་གི་བཟའ་ཟླ་ཡོད་བཞིན་དུ་གཞན་གྱི་བཟའ་ཟླ་ལ་ལྐོག་ནས་འཁྲིག་སྤྱོད་བྱེད་པ་ལྟ་བུ་འཆལ་སྤྱོད་ལ་གོ་དགོས། དེ་བཞིན་ཆང་འཐུང་དྲགས་ན་དེས་རང་གི་ལུས་སེམས་རང་དབང་དུ་མི་འདུ་བས་བྱ་བ་མི་རིགས་པ་སྣ་ཚོགས་ལ་ཞུགས་ཏེ་རང་གཞན་ལ་ཆག་སྒོ་འདྲེན་པ་རྒྱུན་དུ་མཐོང་། དེའི་ཕྱིར་ཆོས་ལ་དད་མི་དད་སུ་ཡིན་ཡང་ཆང་རྩ་བ་ནས་མི་འཐུང་བའམ་འཐུང་བ་ཉུང་དུ་གཏོང་ཐུབ་ཚེ་དེ་ནི་རང་གཞན་གྱི་མི་ཚེ་དང་ཚེ་སྲོག་ལ་ཕན་པ་ཡོད། དེ་བཞིན་དུ་རྫུན་བཤད་པ་དང་། མི་མཐུན་པ་མཐུན་དུ་མི་འཇུག་ཅིང་མཐུན་པ་དབྱེ་བར་བྱེད་པའི་ཕྲ་མའི་ཚིག་སྨྲ་བ། ཞེ་སྡང་གིས་ཚིག་རྩུབ་སྨྲ་བ། ཉོན་མོངས་པས་དོན་མེད་པའི་ངག་འཁྱལ་སྨྲས་ཏེ་དུས་ཚོད་ཆུད་ཟོས་བྱེད་པ་སོགས་ལ་ཇི་ཙམ་འཇུག་ན་གཞན་ལ་གནོད་པར་མ་ཟད་མཐར་རང་ལ་ཡང་གནོད་པའི་རྒྱུར་འགྱུར་བ་དང་། ཇི་ཙམ་སྤོང་ཐུབ་ན་རང་གཞན་ལ་ཕན་པ་ཡོད་པ་དཔོག་ནུས།
མགོན་པོ་ཀླུ་སྒྲུབ་ཀྱིས་གོང་གི་བཅུ་དྲུག་གི་ནང་དུ་གསུངས་པའི་འཚོ་བ་བཟང་པོ་ཞེས་པ་དེ། བསྡུ་ན་གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་མི་གནོད་པའམ་ཡང་ན་གནོད་པ་ཅུང་ཆུང་བའི་ཆ་རྐྱེན་འོག་ནས་རང་ཉིད་ཀྱི་འཚོ་བ་སྐྱེལ་བའི་མཐུན་རྐྱེན་སྒྲུབ་པ་དེ་ཡིན། རང་ཉིད་ཀྱི་ཁེ་ཕན་ཆེད་དུ་དངོས་བརྒྱུད་གང་རུང་ནས་གཞན་ལ་གནོད་པའི་ལས་སྒྲུབ་མཁན་མི་ཉུང་བའི་ད་ལྟའི་སྤྱི་ཚོགས་ཀྱི་ནང་དུ་དེ་ནི་ཤིན་ཏུ་གལ་ཆེ་བར་སྙམ། མཐོ་དམན་སུ་ཡིན་ཡང་རང་ཉིད་ཀྱིས་གང་ཞིག་ཐོབ་པ་དེ་གཞན་ལ་གནོད་པ་མེད་པའམ་ཡང་ན་གཞན་ལ་གནོད་པ་ཅུང་ཆུང་བའི་ཆ་རྐྱེན་འོག་ནས་ཐོབ་ན་དེ་ནི་འཚོ་བ་སྐྱེལ་སྟངས་ཚད་དང་ལྡན་པ་ཡིན། འོན་ཀྱང་འགའ་ཞིག་གི་གོ་གནས་དང་དཔལ་འབྱོར། འཚོ་ཆས་སོགས་ཀྱི་ཡོང་ཁུངས་མི་གཙང་བ་ཡིན་ཞིང་། ཡོང་ཁུངས་མི་གཙང་བ་ལ་བརྟེན་ནས་ཐོབ་པའི་རང་ཉིད་ཀྱི་ཁེ་སྤོགས་དེ་དག་ཆོས་ཀྱི་གཞུང་ལུགས་ལྟར་ན་མི་དགེ་བ་བྱས་ནས་ཐོབ་པ་ཡིན་པས་དེའི་འབྲས་བུ་ནི་མི་འདོད་པའི་སྡུག་བསྔལ་མྱོང་བ་ལས་མ་འདས།
རྣམ་པར་མི་འཚེ་བ་ཞེས་པ་ནི། སྲོག་ལྡན་གྱི་འགྲོ་བ་མཐོ་དམན་ཡོད་དོ་ཅོག་ཇི་ལྟར་རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་དེ་དག་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་པས་ན་རང་དཔེ་གཞན་སྦྱོར་གྱིས་དེ་དག་ལ་གནོད་པའི་ལུས་ངག་གི་བྱ་བ་མི་རྩོམ་པ་ལ་ཟེར། རང་གི་ཆུང་མ་ལྟ་བུ་ལ་ཚིག་རྩུབ་ཀྱིས་གཤེ་ཞིང་། ཐོབ་འོས་པའི་དབང་ཆ་མི་སྤྲོད་པ། བྲན་དུ་བཀོལ་བ་ལྟ་བུའི་འཚེ་བའི་ལས་བྱེད་བཞིན་དུ་ཆོས་ལ་དད་པ་ཡོད་མདོག་གིས་ཕྲེང་བ་རེ་ཐོགས། མ་ཎི་རེ་བགྲང་། བསྐོར་བ་འདྲ་བྱས་ཀྱང་དོན་ལ་ཆོས་ཀྱི་ཉམས་ལེན་དང་ཐག་རིང་པོ་ཞིག་ཏུ་གྱུར་ཡོད། འཕགས་པ་ལྷས། “ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱིས་ཆོས་ཡིད་དང༌། །མིག་དང་རྣ་བ་ཡིས་འཛིན་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །”[༥]ཞེས་གསུངས་པ་ལྟར། བྲམ་ཟེ་རྣམས་ཀྱིས་རིག་བྱེད་ཀྱི་གཞུང་དང་ཆོ་ག་མང་པོ་འདོན་པར་བྱེད་པས་དེ་ནི་རྣ་བའི་སྤྱོད་ཡུལ་དང་། གོས་མེད་པ་རྣམས་ཀྱིས་ལུས་ཀྱི་དཀའ་ཐུབ་མང་པོ་སྤྱོད་པ་གཙིགས་སུ་འཛིན་པས་དེ་ནི་མིག་གི་སྤྱོད་ཡུལ་དང་། ཤཱཀྱ་ཐུབ་པའི་ཆོས་ནི་ཡིད་ཀྱི་ཉེས་པ་རྣམས་རིམ་གྱིས་སྤངས་ཏེ་སེམས་བཟང་པོའི་ཕྱོགས་སུ་བཅོས་བསྒྱུར་བྱ་བ་དེ་ཡིན་པས་དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཡིན་པ་དང་སྔ་མ་གཉིས་ལས་ཕྲ་བར་གསུངས་ཡོད། འོན་ཀྱང་མང་པོ་ཞིག་གིས་རང་སེམས་འདུལ་སྦྱོང་མི་བྱེད་པར་ངག་ནས་གཟུངས་སྔགས་བགྲང་བ་དང་ལུས་ཀྱིས་བསྐོར་བ་བྱེད་པ། སྐུ་བཞེངས་པ། རྡོ་བརྐོ་བ་སོགས་གལ་ཆེན་དུ་འཛིན། དེའི་ཕྱིར་ཕྱི་ཡི་སྤྱོད་པ་དེ་དག་ལ་ཇི་ཙམ་འབད་པར་བྱས་ཀྱང་ནང་གི་སེམས་ནི་སྔར་བཞིན་ཐ་མལ་དུ་ལུས་པ་འདི་བྱུང་།
གུས་སྦྱིན་ཞེས་པ་ནི། དབང་པོ་སྐྱོན་ཅན་དང་།ནད་པ།རྒས་པ་བདག་མེད།དྭ་ཕྲུག།རང་བྱུང་གི་གནོད་འཚེ་ཕོག་པའི་འགྲོ་བ་སོགས་སྡུག་བསྔལ་བའི་ཡུལ་ལ་སྦྱིན་པ་གཏོང་བ་དེ་ཡིན།སྦྱིན་པ་གཏོང་བ་ལ་ཡང་ཆོས་དང་འཇིག་རྟེན་གྱི་སློབ་གསོ་སྤྲོད་པ་དང་ཤེས་ཡོན་སློབ་པ་དང་།འཇིགས་པ་ལས་སྐྱོབ་པ།དཔལ་འབྱོར་ཐོག་ནས་རོགས་རམ་བྱས་ཏེ།སློབ་ཡོན་སྤྲོད་པ།དབུལ་ཕོངས་ཀྱི་དཀའ་ངལ་ལས་སྒྲོལ་བ་སོགས་འདུས།སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་དུ། “འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་།།སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །”[༦]ཞེས་གསུངས་པ་ལྟར། ཆོས་ཀྱི་གཞུང་དུ་སྡུག་བསྔལ་བའི་ཡུལ་ལ་སྦྱིན་པ་གཏོང་ན་དེའི་ཕན་ཡོན་དེ་གཞན་ལས་ལྷག་པར་གསུངས་ཡོད།སངས་རྒྱས་ཀྱིས་རྫས་ལས་བྱུང་བའི་བསོད་ནམས་བདུན་ཞེས་པ་དེའི་ཕན་ཡོན་མཐའ་ཡས་པར་གསུངས།བདུན་པོ་དེའི་ནང་དུ་ནད་པ་ལ་རོགས་རམ་བྱ་བ་དང་།གློ་བུར་དུ་འོངས་པའི་འགྲོན་པོ་ལ་ཟས་གོས་དང་བསྡད་ས་མཁོ་སྤྲོད་བྱེད་པ།རང་བྱུང་གི་འཇིགས་པ་དང་ནད་ཡམས་སོགས་ཀྱིས་གནོད་འཚེ་ཕོག་པའི་ཡུལ་དུ་རོགས་སྐྱོར་བྱ་བ་སོགས་བགྲངས་ཡོད།འགའ་ཞིག་གིས་སེམས་ཅན་ལ་ཕན་པའི་ལས་སྒྲུབ་པ་ལས་སངས་རྒྱས་ཀྱི་སྐུ་བཞེངས་པ་དང་ཁོང་ལ་གསོལ་བ་འདེབས་ཤིང་མཆོད་པ་འབུལ་བ་སོགས་རྩ་ཆེ་བར་སེམས་ཤིང་དེ་ལྟར་བྱས་ན་སངས་རྒྱས་ཀྱི་ཐུགས་དགྱེས་ཏེ་རང་ཉིད་སྡུག་བསྔལ་ལས་གྲོལ་འཇུག་གི་རེད་སྙམ་གྱི་ཡོད།འོན་ཀྱང་སངས་རྒྱས་ཀྱི་ཕུགས་བསམ་ལྟ་བུ་དེ་ནི་སེམས་ཅན་ལ་གནས་སྐབས་དང་མཐའ་ཐུག་གི་སྡུག་བསྔལ་མེད་པར་བཟོ་བ་དེ་ཡིན་པས་སེམས་ཅན་ལ་ཕན་པའི་ལས་བྱས་ན་དེས་སངས་རྒྱས་ཀྱི་ཐུགས་དགྱེས་ངེས།དེའི་ཕྱིར་རྒྱལ་སྲས་ཞི་བ་ལྷས། “སེམས་ཅན་འགུ་བྱ་མ་གཏོགས་པ།།གཞན་གང་ཞིག་གིས་ལན་ལོན་འགྱུར།།”[༧]ཞེས་སེམས་ཅན་འགུ་བའི་ལས་བྱ་བ་མ་གཏོགས་པར་གཞན་གང་གིས་ཀྱང་སངས་རྒྱས་ཀྱི་དྲིན་འཇལ་བའི་ཐབས་མེད་པར་གསུངས། སེམས་ཅན་ལ་ཕན་འདོགས་ཞེས་པ་དེ་རང་གི་ཆུང་མ་དང་ཁྱོ་ག །ཁྱིམ་འཚེས། གྲོང་གཅིག་པ་སོགས་ནས་རྩོམ་སྟེ་སྒྲུབ་དགོས་པ་ཡིན། གཞན་དུ་ང་ཚོ་ལྟ་བུ་ལ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ནུས་པ་ཡང་མེད་ལ་གནོད་སྐྱེལ་བའི་ནུས་པ་ཡང་མེད། སངས་རྒྱས་ཀྱིས་མདོའི་ནང་དུ་བྱང་སེམས་སོ་སྐྱེ་ཉོན་མོངས་དང་བཅས་པ་ཞིག་གིས་ཤིང་རྟ་འཁོར་ལོ་འདྲུད་ཀྱི་ཡོད་པ་མཐོང་ན་དེ་མ་ཐག་དེའི་འདྲུད་ཐག་ཁོང་གི་དབུ་ལ་གཡོགས་ནས་འདྲེན་པ་དང་།འོན་ཀྱང་ཉན་ཐོས་ཉོན་མོངས་ཐམས་ཅད་སྤངས་པ་ཞིག་གིས་ཤིང་རྟ་འདྲུད་པ་མཐོང་ན་དེ་ལ་དེ་ལྟར་བྱ་བར་མ་གསུངས།དེ་ནི་སུ་ཞིག་གི་རྒྱུད་ལ་གཞན་ལ་ཕན་འདོགས་པའི་བསམ་བློ་དེ་མངའ་ན་དེ་ནི་སངས་རྒྱས་རང་ཉིད་ཀྱིས་ཀྱང་མཆོད་ཅིང་བཀུར་བའི་གནས་ཡིན་པ་དང་།གཞན་ཕན་གྱི་ལས་ལ་མི་འཇུག་པའི་སྒེར་གྱི་ཁེ་བཟང་ཙམ་ནི་དེ་འདྲའི་རླབས་ཆེན་པོ་མིན་པར་དགོངས་པར་མཚོན།
མཆོད་འོས་མཆོད་ཅེས་པ་ནི། དཀོན་མཆོག་གསུམ་དང་། དགེ་རྒན།སློབ་དཔོན།ཕ་མ་སོགས་ཡོན་ཏན་དང་ལྡན་པ་དང་།རང་ལ་དྲིན་ཆེ་བའི་གང་ཟག་དག་ལ་ལུས་ངག་གིས་བསྙེན་བཀུར་བྱེད་པ།བཀའ་བཞིན་སྒྲུབ་པ།རྒྱུ་དངོས་འབུལ་བ་སོགས་ཡིན།ཆོས་ཀྱི་གཞུང་དུ་ཡོན་ཏན་ཅན་གྱི་ཞིང་དང་ཕན་འདོགས་པའི་ཞིང་ལ་ཕན་གནོད་གང་ཞིག་བྱས་ཀྱང་དེའི་འབྲས་བུ་དེ་གཞན་ལ་ཕན་གནོད་བྱས་པ་ལས་ཆེ་བར་གསུངས། རང་གི་ཕ་མ་སོགས་ལ་དྲིན་ལན་བསབ་པ་དང་།དགེ་རྒན་སོགས་ཡོན་ཏན་ཅན་ལ་བརྩི་བཀུར་བྱས་ན་དེ་ནི་ཡ་རབས་ཀྱི་བྱ་སྤྱོད་ཙམ་ལས་བརྒལ་ནས་དགེ་བའི་ལས་ཤིག་ཏུ་གྱུར་ཡོད།དགེ་རྒན་ལ་ཇི་ལྟར་བསྙེན་བཀུར་བྱེད་པ་ནི་བཤེས་གཉེན་བསྟེན་ཚུལ་ཞེས་ཆོས་ཀྱི་གཞུང་དུ་རྒྱ་ཆེར་གསུངས་པ་དག་འདིར་བཤད་པས་མི་ཚར་ལ།ཕ་མའི་སྐོར་ཡང་འདུལ་བའི་གཞུང་དུ་འདི་ལྟར།དགེ་སློང་ཞིག་ལ་རང་གི་ཕས་ངའི་རྒྱབ་མཉེ་དགོས་པའི་སྐད་ཆ་བཤད་སྐབས།དགེ་སློང་དེས་སྟོན་པས་སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་བྱེད་པ་མ་གནང་ཞེས་དང་ལེན་བྱས་མེད། དེའི་རྒྱུ་མཚན་ནི།སྤྱིར་འདུལ་བའི་གཞུང་དུ་སྟོན་པས་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་བ་ལ་ཁྲུས་དང་སྐུ་མཉེ་སོགས་ཀྱིས་བསྙེན་བཀུར་བྱེད་པ་བཀག་ཡོད་པས་ཡིན། འོན་ཀྱང་དགེ་སློང་དེས་རང་གི་ཕ་ལ་བསྙེན་བཀུར་མ་བྱས་པའི་སྐད་ཆ་དེ་སྟོན་པས་གསོན་རྗེས་སྟོན་པས་དགེ་སློང་རྣམས་ལ།“ཕ་དང་མ་གཉིས་ཚངས་པ་སྟེ།།སློབ་དཔོན་སྔ་མའང་དེ་བཞིན་ནོ།།ཇི་ལྟར་མེ་ཡིས་ལྷ་བྲིན་བཞིན།།བུ་ཡི་སྔྱིན་པའི་གནས་ཡིན་ནོ།།དེ་བས་དེ་གཉིས་ཕྱག་བྱ་ཞིང་།།ཕྱི་བར་བྱ་ཞིང་བཀྲུ་བ་དང་།།རྐང་པ་གཉིས་ཀྱང་བཀྲུ་བར་བྱ།།དེ་བཞིན་མཁས་པས་བསྙེན་བཀུར་བྱ།།ཡང་ན་བཟའ་བ་ལྟུང་བ་དང་།།བགོ་བ་མལ་སྟོན་དེ་བཞིན་སྟེ།།དེས་ནི་ཕ་དང་མ་གཉིས་ལ།།མཁས་པས་བསྙེན་བཀུར་བཅས་བྱས་ན།།འདི་ནི་མནར་བར་མི་འགྱུར་ཏེ།།སོང་ནས་མཐོ་རིས་དགའ་བར་འགྱུར།།”[༨]ཞེས་གསུངས། ཁོང་གིས་སྐབས་དེར་ཚུལ་ཁྲིམས་འཆལ་བར་གྱུར་ཀྱང་རྣམ་པ་ལྔ་ལ་བསྙེན་བཀུར་བྱ་དགོས་པར་གསུངས་ཤིང་།ལྔ་པོ་དེ་ནི་ཕ་དང་མ་དང་མཁན་པོ་དང་སློབ་དཔོན་དང་ནད་པ་བཅས་ཡིན།གལ་ཏེ་ང་ཚོས་དེ་དག་ལག་ལེན་ཐུབ་ན་རང་ལ་དྲིན་ཆེ་བའི་ཕ་མ་སོགས་ལ་དྲིན་ལན་འཇལ་བའི་བསམ་སྤྱོད་ཇེ་མཐོར་གཏོང་ཐུབ་ཅིང་།ཡོན་ཏན་ཅན་ལ་བརྩི་མཐོང་དང་གོང་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་འདུ་ཤེས་ཤིག་ཆགས་ཐུབ།ཆོས་ཀྱི་གཞུང་དུ་དཀོན་མཆོག་ལ་མཆོད་པ་དང་བསྙེན་བཀུར་བྱས་པའི་ཕན་ཡོན་མང་པོ་གསུངས་ཡོད་ལ། དེ་བཞིན་སྡུག་བསྔལ་བའི་ཡུལ་ལ་ཕན་འདོགས་པའི་སྐོར་ཡང་མང་པོ་ཞིག་གསུངས་ཡོད། འོན་ཀྱང་མང་པོ་ཞིག་གིས་སྔ་མ་ལ་དོ་སྣང་བྱས་ནས་ལྷ་སྐུ་བཞེངས་པ། སྤྲུལ་སྐུ་དང་གྲྭ་བ་དག་ལ་བསྙེན་བཀུར་བ་སོགས་ལ་འབད་པ་ལས། ཕྱི་མ་ལ་སྣང་ཆུང་བྱས་ཏེ་སྤྱི་ཚོགས་ནང་གི་དངོས་ཡོད་ཀྱི་དཀའ་ངལ་ཅན་ལ་རོགས་བྱེད་པའི་གོམས་གཤིས་ཡག་པོ་ཞིག་ཆགས་མེད་པ་ནི་སྐྱོན་དུ་སྣང་། བྱམས་པ་སྒོམ་པ་ཞེས་པ་ནི།གཞན་སེམས་ཅན་ཡོད་དོ་ཅོག་ལ་བདེ་བ་དང་ལྡན་ན་སྙམ་པའི་བསམ་བློ་གོང་འཕེལ་གཏོང་བ་དེ་ཡིན།སྒེར་སེམས་ཀྱིས་སྐབས་རེ་ཙམ་མི་སྒེར་དང་ཡང་ན་ཚོགས་སྡེའི་བྱེ་བྲག་ཅིག་ལ་ཕན་པ་ཡོང་སྲིད་ཀྱང་སྤྱི་ཚོགས་ཧྲིལ་པོའི་ངོས་ནས་དང་རྒྱུན་རིང་གི་ཁེ་ཕན་ལ་བསམས་ན་དེས་སྐྱེལ་ཡོང་བ་ནི་ཕན་པ་ལས་གནོད་པ་མང་།དེའི་ཕྱིར་རང་ཉིད་ཇི་ལྟར་བདེ་བ་འདོད་པ་ལྟར་གཞན་ལ་ཡང་བདེ་བ་ལྡན་པ་ཞིག་བྱུང་ན་སྙམ་པའི་བསམ་བློ་དེ་མི་རེ་རེའི་རྒྱུད་ན་ཡོད་ཚེ་སྒེར་སེམས་གཅིག་པུས་རང་ཉིད་ཀྱི་ཆེད་གཞན་བེད་སྤྱོད་པའི་བྱ་བ་ངན་པ་མང་པོ་འགོག་ཐུབ་པ་དང་། སྒེར་སེམས་ལས་བྱུང་བའི་མི་དང་མིའི་བར་གྱི་རྙོག་དྲ་མང་པོ་ངང་གིས་ཞི་བ་དང་། ཕན་ཚུན་སྙིང་ཉེ་བའི་ཚོར་བ་ཞིག་ངང་གིས་ཡོང་བར་ཐེ་ཚོམ་མེད།
བཅུ་དྲུག་པོ་དེ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་སུ་ངོས་འཛིན་མཛད་ཅིང་འགྲོ་བ་བཞིའི་སྒོ་ནས་བཅུ་དྲུག་དེ་ལས་མི་འདའ་མཁན་ཞིག་ལ་ཆོས་ལ་དད་པ་ཅན་གྱི་གང་ཟག་ཅེས་བརྗོད་པར་གསུངས། མགོན་པོ་ཀླུ་སྒྲུབ་སོགས་ཀྱི་བཞེད་པ་ལྟར་ན་ང་ཚོས་གོང་གི་དགེ་བའི་ལས་དེ་དག་ལས་འགལ་ཞིང་མི་དགེ་བ་ལ་འཇུག་པ་ནི། འདོད་ཆགས་དང་། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་བཞི་པོ་གང་རུང་གི་སྒོ་ནས་ཡིན། དཔེར་ན། ཤ་ལ་སྲེད་པའི་དབང་གིས་རང་ལ་དྲིན་ཆེ་བའི་སྒོ་ཟོག་གི་སྲོག་འཕྲོག་པ་ལྟ་བུ་དང་། གཞན་གྱི་ཆུང་མ་ལ་ལོག་གཡེམ་བྱེད་པ་ལྟ་བུ་འདོད་ཆགས་ཀྱི་དབང་གིས་དང་། དགྲ་བོའི་སྲོག་ལ་རྒོལ་བ་ལྟ་བུ་ཞེ་སྡང་གིས་དང་། རྒྱལ་པོའི་ཆད་པ་ལ་འཇིགས་ནས་དྲང་བདེན་གྱི་སྐད་ཆ་བཤད་པའི་ནུས་པ་མེད་པར་རྫུན་བཤད་པ་ལྟ་བུ་འཇིགས་པའི་དབང་གིས་དང་། རང་གི་ཆོས་ལུགས་ལ་དད་པ་མེད་པའི་གང་ཟག་བསད་ཀྱང་ཉེས་པ་མེད་པར་སྙམ་ནས་སྲོག་འཕྲོག་པ་ལྟ་བུ་གཏི་མུག་གིས་ཡིན་པ་ལྟ་བུའོ། །
དེ་བཞིན་ཀླུ་སྒྲུབ་ལགས་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་ནང་དུ། “བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །”[༩]ཞེས་བདག་ཉིད་ཀྱི་སྒོ་གསུམ་མི་དགེ་བ་ལས་ལེགས་པར་སྡོམ་པ་དང་། གཞན་ལ་ཕན་འདོགས་པ་དང་། བྱམས་པ་སྒོམ་པ་དེ་ཕྱི་མར་མངོན་མཐོ་འཐོབ་པའི་ཆོས་སུ་ངོས་འཛིན་མཛད། འཕགས་པ་ལྷས་ཀྱང་བཞི་བརྒྱ་པའི་ནང་དུ། “ཆོས་ནི་མདོར་ན་མི་འཚེ་བར། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །”[༡༠]ཞེས་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་ལ་མི་འཚེ་བ་ཞེས་གསུངས་ཤིང་། དེའི་འགྲེལ་བ་སློབ་དཔོན་ཟླ་གྲགས་ཀྱིས་བརྩམས་པའི་ནང་དུ། མི་འཚེ་བས་མཚོན་ནས་གཞན་ལ་ཕན་འདོགས་པ་ཡང་གསུངས་ཡོད། དེས་ན་ཤིང་རྟ་ཆེན་པོ་དག་གི་གཞུང་དང་བསྟུན་ནས་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་ཡིན་མིན་གྱི་ཚད་གཞི་ལ་སྡོམ་ཚིག་ཅིག་བཞག་ན། གཞན་ལ་འཚེ་བ་སྤོང་བ་དང་གཞན་ལ་ཕན་འདོགས་པ་དེ་ཆོས་ཡིན་ཞིང་དེ་ལས་ལྡོག་ན་ཆོས་མ་ཡིན་པའོ་ཞེས་བྱར་རུང་། སྡོམ་ཚིག་དེ་འདྲ་ཀླུ་སྒྲུབ་རང་ཉིད་ཀྱིས་ཀྱང་གསུངས་ཏེ། རིན་ཕྲེང་དུ། “ལུས་གདུང་བྱེད་པ་འབའ་ཞིག་ལ། །ཆོས་མེད་འདི་ལྟར་དེ་ཡིས་ནི། །གཞན་ལ་གནོད་པ་སྤོང་མེད་ཅིང་། གཞན་ལ་ཕན་འདོགས་ཡོད་མ་ཡིན། །”[༡༡]ཞེས་མེ་ལ་ལྕེབ་པ་དང་མདུང་གི་རྩེར་མཆོང་པ་སོགས་ཀྱིས་ལུས་གདུང་བར་བྱེད་པ་ཆོས་མ་ཡིན་པའི་རྒྱུ་མཚན་དུ། དེས་གཞན་ལ་གནོད་པ་སྤོང་མེད་ཅིང་གཞན་ལ་ཕན་འདོགས་པ་མེད་པའི་ཕྱིར་ཞེས་གསུངས་པས་སོ། །
ཀླུ་སྒྲུབ་ཀྱིས་གསུངས་པའི་ཆོས་བཅུ་དྲུག་པོ་རེ་རེ་ནས་བསམ་ན་ཆོས་ལ་དད་པ་ཡོད་པའི་མི་རྣམས་ཀྱི་རྒྱུན་གྱི་འཚོ་བའི་ནང་དེ་དག་འོས་འཚམས་ཀྱིས་ལག་ལེན་ཐུབ་ན། དེས་ཚེ་འདིའི་སྤྱི་ཚོགས་ལ་ཡང་ཕན་པ་ལས་གནོད་པ་ཅི་ཡང་ཡོང་སྲིད་ཀྱི་མ་རེད་སྙམ། འོན་ཀྱང་ཡུལ་དུས་གང་ཟག་ཐམས་ཅད་ལ་རིལ་གྱིས་ཕན་པ་དང་རིལ་གྱིས་གནོད་པ་ཡང་དཀའ་ཞིང་། དེའི་ཕྱིར་ཡུལ་དུས་ཐམས་ཅད་དུ་རིལ་གྱིས་ལེན་པ་དང་རིལ་གྱིས་འདོར་བ་ཡང་བླུན་པོའི་ལས་སུ་གསུངས་པས། བྱ་བ་གང་ཡིན་ཡང་དེ་ཉིད་ཡུལ་དུས་གང་ཟག་གི་གནས་ཚུལ་དངོས་ལ་བསྟུན་པ་གལ་ཆེན་དུ་མཐོང་། དེ་བཞིན་ཆོས་ལུགས་ཀྱི་ལོ་རྒྱུས་ནང་དུ་ཚེ་འདི་བློས་བཏང་ནས་ཕྱི་མའི་དོན་སྒྲུབ་མཁན་ནི་ཉུང་ངུ་ལས་མ་བྱུང་ལ། ལྷག་པར་ཁྱིམ་པ་ཕལ་མོ་ཆེས་ཕྱི་མའི་ཆེད་དུ་ཚེ་འདི་བློས་གཏོང་དཀའ་ལ་དེ་ལྟར་གཏོང་དགོས་པའི་འབོད་སྐུལ་ཡང་བྱ་དོན་མེད། གྲྭ་བ་དང་དགེ་མ་སྤྲུལ་སྐུ་སོགས་ཀྱིས་ཚེ་འདི་བློས་གཏོང་གིས་དབེན་པའི་རི་ལ་འགྲོ་ཐུབ་ན་ཤིན་ཏུ་དད་པ་དང་བསྔགས་པར་འོས་མོད། རང་གིས་ཚེ་འདི་བློས་མི་ཐོངས་པར་མི་ནག་ལ་ཚེ་བློས་གཏོང་གི་ཆོས་ཁོ་ན་བཤད་པ་དེ་བཟང་ངན་ཅི་ཞིག་ཡིན་མིན་བཤད་དཀའ། དེའི་ཕྱིར་ཆོས་དད་ཅན་གྱི་མང་ཚོགས་རྣམས་ནས་ཆོས་སྒྲུབ་སྐབས་ཚེ་འདིའི་རང་གི་འཚོ་བ་དང་སྤྱི་ཚོགས་ལ་ཕན་ཞིང་མ་མཐའ་ཡང་མི་གནོད་པ་དང་། ཕྱི་མ་མངོན་མཐོ་འཐོབ་པའི་ཐབས་སུ་ཡང་འགྲོ་བ་ཞིག་ལ་འབད་ན་དེ་ནི་མཐའ་འཁྱོལ་ཞིང་ཀུན་གྱིས་དང་ལེན་བྱ་བདེ་བ་ཞིག་ཏུ་སྙམ།
ཁ་ཤས་ཀྱིས་རང་ཉིད་ལ་ནུས་པ་ཅི་ཡང་མེད་པར་ངན་འགྲོ་དང་བདེ་འགྲོ་གང་ཞིག་སྐྱེ་བ་དང་། ཚེ་འདིའི་བདེ་སྡུག་ཡོངས་རྫོགས་དཀོན་མཆོག་ལ་རག་ལས་པ་ལྟ་བུར་སེམས་མཁན་ཡོད་ཀྱང་།དེ་ནི་ཆོས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་མིན།ཆོས་ཀྱི་གཞུང་དུ་བདག་ཉིད་བདག་གི་མགོན་ཡིན་པ་དང་།སངས་རྒྱས་ནི་སྐྱབས་སྟོན་པ་པོ་ཙམ་ཡིན་གྱི་སྐྱབས་དངོས་མིན་ཞིང་རང་རྒྱུད་ཀྱི་ཆོས་དཀོན་མཆོག་དེ་རང་ཉིད་ཀྱི་སྐྱབས་དངོས་ཡིན་པ་དང་།བདེ་སྡུག་གི་རྩ་བ་རང་ཉིད་ལ་ཐུག་པའི་སྐོར་རྒྱས་ཤིང་ཡིད་ཚིམས་པར་གསུངས་ཡོད།དེའི་ཕྱིར་སངས་རྒྱས་ནི་བདེ་སྡུག་གི་ལམ་སྟོན་མཁན་ཡིན་པ་ལས་བདེ་སྡུག་གི་བྱེད་པ་པོ་མིན། བདེ་སྡུག་གང་ཞིག་མྱོང་བ་དང་། རྒྱལ་ཕམ་གང་ཞིག་འབྱུང་བ་དེ་རང་ཉིད་ལ་རག་ལས་ཤིང་། དེ་ཡང་ལུས་ངག་གི་བྱ་བ་ནི་སེམས་ཀྱི་རྗེས་སུ་འབྲངས་པས་རང་གི་སེམས་ལ་རག་ལས་པས་རང་གི་སེམས་ཀྱི་ཤེས་རབ་གོང་འཕེལ་གཏོང་སྟེ། རྒྱུ་འབྲས་ཀྱི་གནས་ལུགས་མ་ནོར་བར་ཤེས་པར་བྱས་ནས་བདེ་བའི་རྒྱུ་ལ་འཇུག་ཅིང་། སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་ལྡོག་ན་ད་གཟོད་རང་ཉིད་སྡུག་བསྔལ་ལས་སྐྱོབ་ཐུབ། ཡང་ཁ་ཤས་ཀྱིས་ཡོད་ཚད་ལས་དབང་ལ་རག་ལས་པར་བསམས་ནས་རང་ཉིད་ཀྱི་འབད་རྩོལ་དང་གོ་སྐབས་བརྩོན་ལེན་མི་བྱེད་པ་ཡོད་ཀྱང་དེ་ཡང་ཆོས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་མིན།སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་ཀྱི་ནང་དུ་ཡང་འདོད་ཚུལ་དེ་འདྲ་ཞིག་ལ་ཆེད་དུ་དགག་པ་མཛད་ཡོད།དེ་ཡང་སྐྱེས་རབས་ལས། “ཡང་ལ་ལས་ནི་བདེ་དང་མི་བདེ་བ་འདི་དགཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ཀྱི་འབད་པའི་མཐུས་བྱས་པ་མ་ཡིན་ནོ་ཞེས་དེ་ལ་དེ་ལྟར་འཛིན་དུ་བཅུག་གོ།”[༡༢]ཞེས་ཕྱོགས་སྔའི་འདོད་ཚུལ་བཀོད་པ་དེ་གོང་གི་མི་དེ་དག་གི་འདོད་ཚུལ་དང་མཐུན། འདོད་པ་དེ་འགོག་པའི་ཆེད་དབེན་པའི་ནགས་སུ་དཀའ་ཐུབ་ལ་གཞོལ་བའི་བྱང་ཆུབ་སེམས་དཔའ་ཞིག་གིས་ཆེད་དུ་སྤྲེའུ་ཞིག་བསད་པར་སྤྲུལ་ཏེ་དེའི་པགས་པ་ཁུར་ནས་གོང་གི་འདོད་ཚུལ་འཛིན་པའི་མི་དེའི་དྲུང་དུ་སོང་བ་ན།མི་དེས་སྔར་ནས་ཁོང་ལ་མི་དགའ་བས་རྐྱེན་པས་དཀའ་ཐུབ་པར་གྲགས་པ་ཞིག་གིས་སྤྲེའུ་བསད་པ་དེ་ཤིན་ཏུ་ལོག་པའི་ལས་ཡིན་པའི་སྐྱོན་བརྗོད་བྱེད་སྐབས། དེའི་ལན་དུ་ཁོང་གིས། “གལ་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ན་ནི།དེ་བས་སྤྲེའུ་འདི་བདག་གིས་བསད་པ་ཉེས་པ་མེད།།སྔོན་གྱི་ལས་ཀྱིས་དགོན་པ་མེས་ཚིག་གྱུར་པ་ལས།།གང་ཕྱིར་བདག་ལ་སྨད་པའི་སྡིག་པ་ཅི་ཞིག་ཡོད།།”ཅེས་གལ་ཏེ་བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ཀྱིས་བཟོས་ཤིང་།གསར་དུ་འབད་ཀྱང་བསྒྱུར་བཅོས་བྱ་བ་ཅུང་ཟད་ཀྱང་མེད་ན་སྤྲེའུ་འདི་ཡང་སྔོན་གྱི་ལས་ཀྱིས་ཤི་བ་ལས་ཁོ་བོས་བསད་པ་མིན་ན་དེ་བསད་པའི་ཉེས་པ་བདག་ལ་ཅི་ཡོད།སྤྲེའུ་ཤི་བའི་རྐྱེན་ནགས་ཚལ་མེས་བསྲེགས་པ་དེ་ཡང་སྔོན་གྱི་ལས་ཀྱིས་ཡིན་པ་ལས་དེའི་ཉེས་པ་བདག་ལ་གཡོག་པ་མི་རིགས་ཞེས་སུན་འབྱིན་མཛད།ལ་ལས་གོང་གི་གཏམ་རྒྱུད་དེ་ལྷ་སྒྲུང་ལྟ་བུར་མཐོང་སྲིད་མོད་འོན་ཀྱང་གཏམ་རྒྱུད་དེས་མཚོན་པའི་ལས་ཀྱི་རྣམ་བཞག་ལ་ངོས་འཛིན་ཇི་ལྟར་ནོར་བ་ཤེས་ཐུབ། སངས་རྒྱས་ཀྱིས་གསུངས་ན་ཚེ་འདིའི་བདེ་སྡུག་དེ་ཚེ་རབས་སྔ་མའི་ལས་ལ་འབྲེལ་བ་ཡོད་ཀྱང་དེ་སྔོན་གྱི་ལས་ཁོ་ན་ལ་རག་ལས་པས་ཚེ་འདིའི་རྐྱེན་གྱིས་བསྒྱུར་བཅོས་གཏོང་དུ་མེད་པ་དང་།སྔོན་གྱི་ལས་ཡག་པོ་མ་བསགས་པའི་མི་དག་གིས་ཚེ་འདིར་འབད་ཀྱང་འབྲས་བུ་ཡོང་དུ་མེད་པ་ནམ་ཡང་གསུངས་མ་མྱོང་།འབྲས་བུ་གང་ཞིག་ཡིན་ཡང་རྒྱུ་མེད་དུ་མི་སྐྱེ། རྒྱུ་གཅིག་ལས་མི་སྐྱེ། མི་མཐུན་པའི་རྒྱུ་ལས་མི་སྐྱེ། འགལ་རྐྱེན་གྱི་གེགས་ཡོད་ན་མི་སྐྱེ། དེའི་ཕྱིར་སྔོན་གྱི་ལས་བཟང་ངན་གང་ཞིག་བསགས་ཡོད་ཀྱང་དེ་ཉིད་རྐྱེན་དང་མ་ཚོགས་ན་འབྲས་བུ་མི་སྨིན་ཞིང་། འགལ་རྐྱེན་གྱིས་བཅོམ་ན་ཡང་འབྲས་བུ་མི་སྨིན་པས། བདེ་སྡུག་ཅི་འབྱུང་དེ་སྔོན་གྱི་ལས་གཅིག་པུ་ལ་རག་ལས་པ་དང་། ལས་བཟང་ངན་གང་ཞིག་བསགས་ཟིན་ན་ལས་ཀྱིས་ཅི་བྱས་ལྟ་བུ་ཞིག་ཏུ་བསམ་པ་ནི་ནོར་བ་ཡིན། གཞན་དུ་ལྟོགས་ནས་ཤི་བའི་ལས་མ་བསགས་ན་འཆི་བར་མི་འགྱུར་བས་ཟས་ཟ་བ་ཡང་དགོས་དོན་མེད། སངས་རྒྱས་པའི་ལས་མ་བསགས་ན་ལམ་སྒོམ་ཀྱང་སངས་མི་རྒྱ་བས་ལམ་སྒོམ་པ་དོན་མེད་དུ་འགྱུར། སྡིག་པའི་ལས་བསགས་པ་ལ་འགྱོད་པས་བཤགས་ཀྱང་འདག་པར་མི་རུང་བས་བཤགས་པ་བྱ་བར་གསུངས་པ་ཡང་དགོས་མེད་དུ་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བ་ཡིན།
གསུམ། མཇུག་བསྡུ་བ།
གོང་གི་བསམ་ཚུལ་འདི་ཕྱོགས་གཅིག་ནས་ཆོས་དད་པ་དག་ལ་མངོན་མཐོ་འཐོབ་བྱེད་ཀྱི་ཆོས་དེ་ལྟ་བུ་ལ་ངོས་འཛིན་དང་དེ་དག་འོས་འཚམས་ཀྱིས་ལག་ལེན་ཡོང་རྒྱུ་སྐུལ་མ་ལྟ་བུ་དང་། ཕྱོགས་གཞན་ནས་དེ་དག་ལག་ལེན་བྱས་ན་དེང་གི་སྤྱི་ཚོགས་ལ་ཕན་གནོད་ཅི་ཞིག་ཡོད་མེད་ཐད་མི་སྒེར་གྱི་གནས་སྐབས་ཀྱི་དྲན་ཚུལ་ཙམ་ཞུས་པ་ཡིན། སྤྱིར་བླང་དོར་འབྱེད་ཤེས་པ་དེ་ཧ་ཅང་དཀའ་སྟེ་ཡུལ་གཅིག་ལ་ཕན་ཀྱང་གཞན་ལ་གནོད་པ་ཡོད་ཅིང་། གནའ་སྔ་མོར་ཕན་པ་དག་དེང་གི་དུས་སུ་གནོད་པའང་ཡོད། འགའ་ཞིག་གནས་ལུགས་ཀྱི་ངོས་ནས་དེ་ལྟར་ཡིན་ཡང་ཡུལ་དུས་གང་ཟག་དངོས་ཀྱི་གནས་ཚུལ་དམིགས་བསལ་གྱི་དབང་གིས་ལག་ལེན་དུ་བསྟར་ཐབས་མེད་པའང་ཡོད། དེ་ལྟར་བླང་དོར་གྱི་ཚད་གཞི་དེ་ཡུལ་དུས་གང་ཟག་ལ་ལྟོས་ནས་གཞན་དང་གཞན་དུ་འགྱུར་ནས་འགྲོ་བས་དེའི་ཕྱིར་བླང་དོར་འབྱེད་ཤེས་པ་མཁས་པ་ཁོ་ནའི་ལས་སུ་སྣང་། དེ་ལྟར་ཡིན་པས་ཁོ་བོ་ལྟ་བུས་འདིས་ཕན་དང་འདིས་གནོད་ཟེར་བ་ཧ་ཅང་དཀའ་ཞིང་དེ་ལྟར་བཤད་པ་དག་ལ་ནོར་འཁྲུལ་མང་པོ་ཞིག་ཡོད་པ་གདོན་མི་ཟ། དེའི་ཕྱིར་མཐའ་གང་རུང་ཞིག་ཏུ་མ་ལྷུང་བར་ཡུལ་དུས་གང་ཟག་ལ་ལྟོས་ཏེ་ཚད་རན་པོའི་སྒོ་ནས་ཉམས་ལེན་དང་། དཔྱད་པར་བྱ་བ་གལ་ཆེ་བའི་དྲན་སྐུལ་ཞུའོ། །
མཆན་དང་ལུང་ཁུངས།
[༡]སློབ་དཔོན་ཀླུ་སྒྲུབ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སྡེ་བསྟན་ཤིང་པར། པོད། 172 ཤ107a
[༢]སློབ་དཔོན་ཟླ་བ་གྲགས་པ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ། སྡེ་བསྟན་ཤིང་པར། པོད། 102 ཤ 101a
[༣]སློབ་དཔོན་ཀླུ་སྒྲུབ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། སྡེ་བསྟན་ཤིང་པར། པོད། 96 ཤ 9b
[༤]སློབ་དཔོན་ཀླུ་སྒྲུབ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སྡེ་བསྟན་ཤིང་པར། པོད། 172 ཤ107a
[༥]སློབ་དཔོན་འཕགས་པ་ལྷ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། སྡེ་བསྟན་ཤིང་པར། པོད། 92 ཤ 14a
[༦]སློབ་དཔོན་དབྱིག་གཉེན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། སྡེ་བསྟན་ཤིང་པར། པོད། 140 ཤ15b
[༧]སློབ་དཔོན་ཞི་བ་ལྷ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སྡེ་བསྟན་ཤིང་པར། པོད། 105 ཤ 19a
[༨] སངས་རྒྱས་ཤཱཀྱ་ཐུབ་པ། འདུལ་བ་གཞུང་དམ་པ། སྡེ་བཀའ་ཤིང་པར། པོད། 13 ཤ104a
[༩]སློབ་དཔོན་ཀླུ་སྒྲུབ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། སྡེ་བསྟན་ཤིང་པར། པོད། 96 ཤ 9b
[༡༠]སློབ་དཔོན་འཕགས་པ་ལྷ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། སྡེ་བསྟན་ཤིང་པར། པོད། 92 ཤ 14a
[༡༡]སློབ་དཔོན་ཀླུ་སྒྲུབ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སྡེ་བསྟན་ཤིང་པར། པོད། 172 ཤ107a
[༡༢]སློབ་དཔོན་དཔའ་བོ། སྐྱེས་པའི་རབས་ཀྱི་རྒྱུད། སྡེ་བསྟན་ཤིང་པར། པོད།168 ཤ86a
རྩོམ་ཁུངས།༢༠༢༤་ལོའི་མཚོ་ལྷོའི་ནང་བསྟན་ལོ་དེབ།
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆