བོད་སྐད་གློག་བརྙན༼གཟི༽གླེང་བ། སྟག་བུ།

旅行   2024-11-23 12:11   青海  

 -----

བོད་སྐད་གློག་བརྙན༼གཟི༽གླེང་བ

སྟག་བུ།

གླེང་བསླངས་པ།

དེ་ཡང་། གང་གླེང་བར་བྱ་བའི་གཞི་སྟེ་གློག་བརྙན་གཟི་ཞེས་པ་དེ་ཉིད་ནི་ཉེ་བའི་ཆར་ལེགས་པར་འགྲུབ་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན། གང་དེ་ནི་མང་ཚོགས་ཀྱི་ལག་ནས་བཞེངས་ཤིང་། མཐར་མང་ཚོགས་ཀྱི་སྤྱན་ལམ་དུ་བཏབ་པའི་བརྙན་རིས་གཏམ་རྒྱུད་ཅིག་གོ

ཇི་ལྟར་ཐབ་ཚང་རང་ལ་ཡོད་ན། དེ་ལྟར་ཐུག་པ་རང་གིས་བཀོལ་ཆོག་པ་ཇི་བཞིན་དུ། རང་རེ་བོད་སྐད་དུའང་གློག་བརྙན་བརྩམས་ཆོས་ཇེ་མང་དུ་འགྲོ་བཞིན་པ་ནི་དགའ་འོས་པ་ཞིག་བསྙོན་མེད་ལགས། ངས་ད་རེས་ཆེད་དུ་གློག་བརྙན་དེར་ལྷོད་ཀྱིས་བལྟས་རྗེས་འོལ་ཚོད་ཀྱིས་དཔྱད་གཏམ་ཅུང་ཙམ་དགོད་ཆོག་པ་ཞུ།

དང་པོ། བྱུང་རིམ་གླེང་བ།

༼འགོ་འཛུགས༽ གཏམ་རྒྱུད་དེའི་འགོ་འཛུགས་ཀྱི་ཆ་སྟེ། སྡོང་རྒན་ཚང་ལ་གནའ་མ་ལྷ་མོ་བླངས་ཏེ། ཁྱིམ་ཚང་དེའི་འཚོ་བ་ལ་འཕོ་འགྱུར་ཆེན་པོ་བྱུང་།

༼འཕེལ་རྒྱས༽འོན་ཀྱང་བུ་དགྲ་འདུལ་གྱི་གཤིས་སྤྱོད་ལ་འགྱུར་ལྡོག་འགྲོ་རྒྱུ་མེད་པར་རང་གི་གནས་སྐབས་ཀྱི་བདེ་བ་ཁོ་ནར་བསམ་སྟེ། རང་གི་གནའ་མར་ཉེས་བརྡུང་གཏོང་བ་དང་། མཐར་གནའ་མ་ཕ་ཁྱིམ་དུ་མ་ལོག་ཀ་མེད་བྱུང་ཡོད། བུ་དགྲ་འདུལ་ནི་ཆང་རག་དང་ཤོ་སྦག་སོགས་ཁོ་ནར་གཡེང་སྟེ། ཁྱིམ་ཚང་གི་བྱ་བར་ནུས་ཤུགས་བཏོན་གྱིན་མེད་པས། སྡོང་རྒན་ཚང་གི་ཕྱི་ནང་ལས་ཀ་མཐའ་དག་ཕ་རྒས་པོའི་ངལ་རྩོལ་ལ་མ་བརྟེན་རང་བརྟེན་ཆགས་པ་རེད། དགྲ་འདུལ་ལ་ཨ་ཁུ་ཞིག་ཡོད་ཅིང་། ཨ་ཁུས་སྡོང་རྒན་ཚང་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ལ། དོན་དངོས་སུའང་། རང་གི་ཨ་ཇོ་སྟེ་སྤོ་བོ་སྡོང་རྒན་ལ་ལྟ་རྟོག་དང་དགྲ་འདུལ་ལ་གཅུན་ཐབས་སྣ་ཚོགས་བྱེད། འོན་ཀྱང་དགྲ་འདུལ་ནི་བསམ་ཤེས་མི་ཐུབ་ཅིང་། ཤོ་སྦག་རྒྱན་འཛུགས་སོགས་ལ་གཡེང་སྟེ་ཁྱིམ་ཚང་གི་དཔལ་འབྱོར་ཡོངས་སུ་ཉམས་རྒུད་ཀྱི་ཕྱོགས་ལ་བསྐུར། ཕ་དང་ཨ་ཁུས་སློབ་གསོ་ཇི་ལྟར་བྱས་ཀྱང་འགྱུར་བ་སྤུ་ཙམ་འགྲོ་རྒྱུ་མེད་ཁར། གྲོང་ཁྱེར་ནས་ཡོང་བའི་ཆུང་དུས་ཀྱི་གྲོགས་པོའི་སྒྲོབ་ཉམས་ལ་ཞེ་སྡང་ལངས་ནས། རང་གི་ཕ་རྒས་པོའི་གཟི་ལ་བརྣབ་སེམས་སྐྱེས་པ་རེད། དགྲ་འདུལ་གྱིས་རང་གི་རྒྱན་འཛུགས་ཀྱི་གོམས་གཤིས་དང་གཞན་ནོར་ཐོབ་འདོད་ཀྱི་ཧམ་སེམས་དེ་ཇེ་ཆེ་ཇེ་ངན་དུ་འགྱུར་ཏེ། མཐར་རང་ཁྱིམ་གྱི་ས་ཞིང་མི་གཞན་ལ་འཚོང་བའི་ལམ་ལ་འཇུག་པ་རེད། དེ་ལ་ཨ་ཁུས་གཤེ་གཤེ་དྲག་པོ་བཏང་རུང་ཕན་ཐོགས་མ་བྱུང་བའི་སྟེང་ལ། དགྲ་འདུལ་གྱི་ང་རྒྱལ་ཇེ་ཆེར་ཕྱིན་ཏེ། ཨ་ཁུ་དང་འཛིང་ཞིང་། ཞོར་དུ་ཕ་རྒས་པོའང་སྒྱེལ་བས། དུས་དེ་ནས་བཟུང་། ཕ་རྒས་པོ་མལ་སར་ལྷུང་སོང་བ་རེད།

༼མཐོ་རླབས༽དགྲ་འདུལ་གྱིས་ཕ་རྒས་པོ་མལ་སར་ལྷུང་བའི་སྡུག་བསྔལ་ལ་མ་བསམ་པར། གཟི་ཁོ་ནར་བསམ་སྟེ། ཕའི་ལུས་ནས་འཕྲོག་བཅོམ་བྱས་པ་དང་། གཟི་བཙོངས་པའི་དངུལ་ལ་བརྟེན་ནས་མོ་ཊ་ཉོས་པ་དང་ཆུང་མ་གསར་པ་བཙལ་བ་སོགས་རང་གི་འདོད་དོན་ལེགས་འགྲུབ་བྱུང་བ་རེད།

༼མཇུག་འབྲས༽དགྲ་འདུལ་ཆང་རག་འཐུང་བའི་སྐབས་སུ། སྐྱེ་བོ་གཞན་གྱིས་ཁོ་ལ་ཕ་སྡོང་རྒན་རླུང་གིས་བསྐྱལ་མཁན་སོགས་ངན་སྨྲས་བྱེད་པ་གོ་བས། ར་བཟི་ནས་ལོག་འགྲོ་བའི་ལམ་བར་དུ་འཕྲུལ་སྣང་སྣ་ཚོགས་མཐོང་བ་དང་། ཕྱི་ཉིན་དེར་ཁོ་སྨྱོ་བ་རེད།

གཉིས་པ། མི་སྣ་གླེང་བ།

༼དགྲ་འདུལ༽ གློག་བརྙན་དེའི་མི་སྣ་གཙོ་བོ་ནི། དགྲ་འདུལ་ཡིན། ཁོ་ལ་ཕ་ཁྱིམ་འབྱོར་པ་དང་ལྡན་པ་ཞིག་ཡོད་ལ། ཕ་བཟང་པོ་ཡུལ་ལུགས་ཚུལ་ལྡན་ཞིག་ཀྱང་ཡོད། ཁོ་ལ་ཨ་ཁུ་ཤ་ཚ་པོ་སེམས་བཟང་པོ་ཞིག་ཡོད་ལ། བཟའ་ཟླ་གཤིས་ཀ་ཡག་ལ་ཁ་སྒོ་སྐྱེ་འབྲས་ལེགས་པ་ཞིག་ཀྱང་ཡོད། འོན་ཀྱང་ཁོ་ལ་མེད་པ་ནི་ཀུན་སྤྱོད་བཟང་པོ་ཞིག་རེད། ཁོས་ཕྱོགས་སྤང་བཞིན་དུ་རང་ཁྱིམ་སྤང་སྟེ། ཕྱི་ལ་འཁྱམ་ཉུལ་ཁོ་ནར་གཡེང་བར་བྱེད་ལ། ཁྱིམ་དུ་སླེབས་པའི་སྐབས་ལའང་། ཡང་ན་ཕག་ཉལ་བྱེད་པའམ་ཡང་ན་ནང་མིའི་ལག་ནས་དངུལ་རག་ཐབས་ཁོ་ན་བྱེད། ཁོས་རང་གི་བཟའ་ཟླ་ལ་འཕྲོག་བཅོམ་བྱེད་པ་དང་། ཐ་ན་རང་གི་ཕ་རྒན་ཉལ་སར་ལུས་པ་དེ་ལའང་འཕྲོག་བཅོམ་བྱེད། ང་ཚོས་གློག་བརྙན་དེ་བལྟ་བའི་དུས་སུ་མི་སྣ་དེའི་སྟེང་དུ་ཁོང་ཁྲོ་ཆེན་པོ་ལངས་སྲིད་ལ། དེ་ནི་གློག་བརྙན་དེའི་བརྗོད་བྱ་གཙོ་བོ་ཡང་དེ་ཡིན།

༼ཨ་ཁུ༽ གློག་བརྙན་འདིར་དགྲ་འདུལ་གྱི་ཁ་གཏད་དུ་ལངས་པའི་མི་སྣ་ནི། ཨ་ཁུ་རེད། ཁོ་གཉིས་བར་ལ་འགལ་བ་གདོང་གཏུག་སྔ་ཕྱི་ཐེངས་གཉིས་བྱུང་ཡོད་ཅིང་། གང་ལྟར་ཨ་ཁུས་ཀྱང་ཁོའི་སྣ་ལོ་གཅུན་ཐུབ་མེད། ཨ་ཁུ་ནི་རང་གི་ཨ་ཇོ་དང་ཕ་ཁྱིམ་ལ་ཤིན་ཏུ་ཤ་ཚ་ཞིང་། དོན་དག་གང་ཡོད་ཀྱང་ཁ་རི་ཁ་ཐུག་དང་། བདེན་པ་མཐའ་སྐྱོང་བྱེད་མཁན་ཞིག་ཡིན། སྡོང་རྒན་ཚང་གི་བྱ་བ་ཆེ་ཆུང་གང་ཡིན་ནའང་། ཨ་ཁུ་ནི་བློ་འདྲི་ས་དང་། ཐག་གཅོད་མཁན་ལྟ་བུར་འགྱུར་ཡོད།

༼སྡོང་རྒན༽ ཕ་སྡོང་རྒན་ནི་ཡུལ་ལུགས་ཚུལ་ལྡན་ཞིག་དང་། ལ་རྒྱ་ཡོད་པ་ཞིག་རེད། འོན་ཀྱང་ཕ་སྡོང་རྒན་གྱིས་དགྲ་འདུལ་ལ་སྔ་ཕྱི་བར་གསུམ་དུ་རེ་བ་བྱེད་ཀྱིན་མེད་ལ། བྱམས་པོའང་མི་བྱེད། ཕ་སྡོང་རྒན་ནི་བུ་ངན་རུལ་གྱི་བྱ་སྤྱོད་ལ་ཁ་ལོ་བསྒྱུར་མི་ཐུབ་ཅིང་། རང་ཉིད་ལའང་ལྟ་རྟོག་ལེགས་པོ་བྱེད་མི་ཐུབ་པའི་རྒས་འཁོགས་ཉམ་ཆུང་ཞིག་རེད།

༼ལྷ་མོ༽ དགྲ་འདུལ་གྱི་གནའ་མ་ཡིན་ཞིང་། ལས་ལ་བརྩོན་པ་དང་། རྒས་འཁོགས་ལ་བྱམས་པའི་བུད་མེད་ཅིག་རེད། ཁོ་མོ་དགྲ་འདུལ་གྱི་ཉེས་རྡུང་འོག་ཁྱིམ་ཚང་དེའི་ནང་དུ་བདེ་བ་ཕྲན་ཙམ་བྱུང་མེད་ཀྱང་། ཕ་ཁྱིམ་དུ་ལོག་རྗེས། རྟག་ཏུ་སྤོ་བོ་སྡོང་རྒན་ལ་ལྐོག་ལྐོག་སུད་སུད་ཀྱིས་ལྟ་རྟོག་བྱེད་པར་འོང་བ་དང་། རང་གི་ཕྲུ་གུར་རྔན་པ་སྐྱེལ་བར་འོང་བ་རེད།

གསུམ་པ། ཁོར་ཡུག་གླེང་བ།

གློག་བརྙན་ཁོར་ཡུག་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་གཉིས་སུ་ཡོད་པ་སྟེ། གློག་བརྙན་གཟི་ཡི་རང་བྱུང་ཁོར་ཡུག་གི་བཀོད་པ་ནི། མཐོ་སྒང་གི་རི་གྲོང་ཞིག་ཡིན་ཞིང་། ནམ་མཁའ་སྔོ་ཞིང་དྭངས་ལ། ཉི་འོད་བཀྲག་གདངས་ཆེ་བ། མི་ཚོགས་ཅུང་མཐུག་པའི་ཡར་ཀླུང་གི་གྲོང་ཚོ་ཞིག་ཡིན་ལ། གྲོང་ཚོའི་རྒྱབ་ལ་རྫ་རི་མཐོན་པོའི་མུ་ཁྱུད་དང་། གྲོང་ཚོའི་མདུན་ལ་ཞིང་ཐང་ཡངས་མོ་བཀྲམ་པ་ལྟར་དུ་ཆགས། ཁོར་ཡུག་དེ་འདྲ་ལས་བྱུང་བའི་མི་ཡང་གཤིས་ཀ་འཇམ་པོ་དང་སྡུག་རུས་ཐེག་པོ་ཡོད་པ་སྟེ། ཕ་སྡོང་རྒན་དང་ཨ་ཁུའི་གཏམ་ལས་ཀྱང་། ཁོ་ཚོའི་མི་རྒྱུད་དུ་མི་བཟང་པོ་སྤོབས་པ་ཅན་ཤ་སྟག་བྱུང་ཚུལ་ཇི་བཞིན་ནོ། ཁོ་གཉིས་ལ་དྲི་བ་ཆེན་པོ་ཞིག་བྱུང་བ་ནི་དགྲ་འདུལ་ལྟ་བུའི་མི་ཁྲེལ་མེད་ཅིག་ཁོང་ཚོའི་མི་རྒྱུད་དུ་ཇི་ལྟར་བྱུང་བ་དེ་ཡིན། དེ་ནི་སྤྱི་ཚོགས་ཁོར་ཡུག་དང་འབྲེལ་བ་ཡོད་པ་སྟེ། དུས་རབས་དེ་འདྲ་ཞིག་ལ་མི་འགའ་རེ་ཧོབ་དེ་ཁ་ལ་ཕྱུག་པོ་ཆགས་པ་དང་། ཆང་རག་འཐུང་ས་དང་ཤོ་སྦག་རྒྱག་སའི་ལྟེ་གནས་མང་པོ་བྱུང་བས་ཀྱང་རེད། དགྲ་འདུལ་རང་ཉིད་ཀྱིས་ཀྱང་། རང་ལ་གོ་སྐབས་གཅིག་རག་ན་ཕྱུག་པོ་ཆགས་སྲིད་པ་དང་། གོ་སྐབས་ཀྱང་དངུལ་འདང་ངེས་ཤིག་མེད་ན་རག་ཐབས་མེད་པས་ཡིན་པ་སོགས་རིགས་ལམ་དང་མི་མཐུན་པའི་ལྟ་བ་ཞིག་ཡོད་པ་རེད།

བཞི་པ། སྙིང་དོན་བཤད་པ།

གློག་བརྙན་དེའི་བརྗོད་བྱའི་སྙིང་པོ་ནི། ལས་རྒྱུ་འབྲས་ཡིན་ཞིང་། ཕ་མར་དྲིན་ལན་ལོག་འཇལ་བྱས་ན། ལ་ཡོགས་བུ་ཕྲུག་རང་ཉིད་ལ་རྒྱག་པའི་ཚུལ་བསྟན་པར་བྱས་ཡོད། འོན་ཀྱང་ང་ཚོས་དེ་ལས་འགོངས་ཏེ་ད་དུང་གནས་ལུགས་མང་པོ་མཐོང་བ་ནི་དེ་ལྟ་སྟེ། འདོད་རྔམ་གྱི་འཇིག་རྟེན་ཞིག་ལ་ཕ་སེམས་བུ་ཐོག་ཡིན་རུང་བུ་སེམས་རྡོ་ཐོག་ལ་གནས་སྲིད་པ་དང་། བྱམས་དྲགས་པ་བུ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན་ཞེས་པའི་མཇུག་འབྲས་ངན་པ་འཁོར་ཚུལ། སྤྱི་ཚོགས་སྟེང་གི་མི་འགའ་ཤས་ནི་ངན་པ་ལང་ཤོར་ཡིན་པས། ནམ་ཡང་ཁ་ཏ་བསླབ་བྱས་འགུག་མི་ཐུབ་པ་སོགས་བསྟན་འདུག

ལྔ་པ། འཁྲབ་སྟོན་པ་གླེང་བ།

མི་སྣ་དེ་དག་ལས་དགྲ་འདུལ་གྱི་གཟུགས་བརྙན་ནི་གལ་ཆེ་ཤོས་ཡིན་ལ་མི་སྣ་དེ་འཁྲབ་མཁན་གྱི་འཁྲབ་སྟོན་པ་དེའི་མིག་གི་ལྟ་སྟངས་དང་ཡན་ལག་གི་འགུལ་སྟངས། སྐད་ཆའི་ཤོད་སྟངས་སོགས་ཀྱང་ཤིན་ཏུ་འོས་ཤིང་འཚམས་པ་བྱུང་འདུག ལྷ་མོ་འཁྲབ་མཁན་དེ་ནི་འཁྲབ་སྟོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཆེད་ལས་ཀྱི་འཁྲབ་སྟོན་པ་ལྟར་འདུག་པས། མོའི་འུ་ཐུག་གི་ཉམས་དང་། བྱམས་བརྩེའི་ཉམས་ཀྱིས་གློག་བརྙན་དེར་སྙིང་པོ་གསར་པ་ཞིག་སྤྲད་འདུག

དྲུག་པ། གློག་བརྙན་དེའི་སྒྱུ་རྩལ་གྱི་འགྲུབ་འབྲས།

གློག་བརྙན་དེའི་བྱུང་རིམ་གོང་འོག་མཐུད་སྦྱོར་གྱི་ཐད་ལ་སྐྱོན་བརྗོད་ཞུ་མི་དགོས་པ་ཞིག་བྱུང་འདུག་ཅིང་འགྱུར་ལྡོག་མང་བའི་བྱུང་རིམ་དེ་དག་ལས་མི་ཁྲེལ་མེད་དགྲ་འདུལ་ཟེར་བ་ཞིག་གསོན་ཉམས་དོད་པོས་བཞེངས་ཏེ། གཞོན་ནུ་རྣམས་ལ་བསླབ་བྱ་ནན་པོ་གནང་བ་དང་། རྒས་འཁོགས་ཤིག་གི་ཉམ་ཆུང་དང་འུ་ཐུག་མངོན་པར་བྱས་ཏེ། བུ་ཕྲུག་རྣམས་ལ་འགན་འཁྲི་བསྟན་པ་རེད། གློག་བརྙན་དེར་དེ་ལྟ་བུའི་སློབ་གསོའི་ནུས་པ་ནི་གང་དེའི་དམིགས་ཡུལ་ཡིན་ལ། རེ་བའང་ཉག་ཅིག་དེ་རེད། སྒྱུ་རྩལ་གྱི་ཆ་ནས། རྒྱབ་ལྗོངས་ཀྱི་རོལ་དབྱངས་ནི་ཤིན་ཏུ་ལེགས་པོ་བྱུང་ཡོད་དེ། ཞི་དྲག་གང་བསྟུན་གྱི་སྙན་དབྱངས་བཀོད་སྒྲིག་ཧང་སང་རྒྱུ་བྱུང་འདུག

བདུན་པ། གློག་བརྙན་དེའི་སྐྱོན་གླེང་བ།

གཟི་ཞེས་པའི་གློག་བརྙན་དེ་ནི་བྱུང་རིམ་ཆ་ཚང་ཞིང་ཚགས་དམ་པ་དང་། མི་སྣའི་སྣང་བརྙན་གསར་བཞེངས་ལེགས་པོ་བྱུང་བ་སོགས་དགེ་མཚན་མང་དག་ཅིག་འདུག་ཀྱང་སྐྱོན་མེད་ཡང་དག་ཅིག་ནི་དཀའ་བ་སྟེ།

གཅིག མི་སྣའི་གཏམ་གླེང་ལ་བཅོས་མའི་བྲོ་བ་ཞིག་ཡོད་པ་དང་། ཚིག་གི་གཅོད་མཚམས་མ་ཡིན་པའི་སྐད་ཆའི་བར་དུའང་གཅོད་མཚམས་མང་པོ་བྱུང་བ། དེ་ནི་ཕལ་ཆེར་འཁྲབ་སྟོན་པས་ཡུལ་སྐད་ཤོད་པའི་ཚེ་རང་གི་བཤད་རྒྱུའི་ཚིག་ལ་དོགས་པ་བྱུང་བ་དང་། ཡང་ན་སྦྱོང་བརྡར་ཡག་པོ་མ་བྱུང་བ། ཡང་ན་འཁྲབ་གཞུང་གི་ཡིག་སྐད་དང་འཁྲབ་སྟོན་པའི་ཡུལ་སྐད་བར་ལ་འགལ་བ་བྱུང་བ་སོགས་གང་ལྟར་འཁྲབ་ཚིག་བདེ་པོ་དང་ལྷོད་པོ་མ་བྱུང་བ།

གཉིས། མོ་རྒྱག་སའི་ཁོར་ཡུག་དེ་སྒོ་རའི་ནང་དུ་བཞག་པས། ལྷ་དང་མོ་སོགས་ཀྱི་ཡ་མཚན་རྣམ་པ་ཐོན་མ་ཐུབ་པ། གལ་ཏེ་ལྷ་པ་དེ་ཅུང་ནག་ཁུང་ཡིན་པའི་ཁང་པ་ཞིག་ཏུ་ལྷ་ཕེབས་ཤིང་། རྒྱབ་ལ་གསལ་ལ་མི་གསལ་གྱི་མཆོད་པའི་ཡོ་ཆས་དང་། སྐུ་འདྲའམ་ཐང་ག་རྔམ་ཟིལ་ལྡན་པ་སོགས་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་འཇིགས་རུང་གི་ཉམས་ཤིག་ཐོན་ཐུབ་ན། བལྟ་མཁན་ལའང་བྲོ་བ་མི་འདྲ་ཞིག་ཁ་རྒྱུ་རེད།

གསུམ། བྱུང་རིམ་ལ་མཆོངས་རྒྱག་ཆེན་པོ་ཞིག་བྱས་ཡོད་པ་ནི། དགྲ་འདུལ་ར་བཟི་ནས་ལོག་པའི་ལམ་བར་དུ་འཕྲུལ་སྣང་བྱུང་བ་དེ་རེད། སྐབས་དེར་བརྒྱུད་རིམ་ཞིག་ད་དུང་མ་ཚང་པའི་ཚོར་སྣང་ཞིག་འདུག

བཞི། ཞིང་ལས་བྱེད་དུས་ལག་པར་ས་འགོས་སྲིད་པ་རྐང་པར་འདམ་འགོས་སྲིད་པ་དང་། ཁ་ནས་འདོན་པའི་ཁྲག་ནི་དམར་ནག་ཡིན་དགོས་པ་སོགས་གནས་ཚུལ་ཆུང་ཙག་ཀྱང་དོ་སྣང་བྱེད་དགོས་འདུག་གོ

མཇུག་བསྡོམས།

གློག་བརྙན་དེ་ནི་སྡོང་རྒན་རྒྱལ་པོའི་བརྩམས་ཆོས་གསར་པ་ཡིན་ཞིང་། ཁོང་ནི་གཞོན་ནུའི་དུས་ནས་མི་ལ་ཡར་སྐུལ་སློབ་གསོ་བསྐྱོན་མཁན་ཞིག་ཡིན་པ་སྟེ། སྐད་གྲགས་ཆེ་བའི་བཙོན་གཞས་ཞེས་པ་དེ་ནི་ཁོང་གི་ཞལ་ལས་ང་ཚོས་ཐོས་མྱོང་བ་ཇི་བཞིན་རེད། ད་རེས་ཀྱི་གློག་བརྙན་བརྩམས་ཆོས་ཁ་གསལ་གོ་བདེ་དེ་ནི་ཕ་མ་སྤུན་ཆེད་མཉམ་དུ་འཛོམས་ནས་ལྟ་བར་འཚམས་པོ་འདུག་ལ། སློབ་གྲྭའི་དབུ་ཁྲིད་ཀྱིས་སློབ་མ་རྣམས་ལ་བསྟན་ན་ཡང་ཤིན་ཏུ་འཚམས་པོ་འདུག དེ་ལྟར་བཙོན་ཁང་དབུ་ཁྲིད་ཀྱིས་བཙོན་པར་བསྟན་པ་དང་། ཁྱིམ་བདག་གིས་རང་ཕྲུག་ལ་བསྟན་པ། ལྷག་པར་དུ་གྲོང་ཁྱེར་ནང་བསྡད་ནས་ཡུན་རིང་སོང་བའི་གྲོང་གསེབ་ན་གཞོན་སོགས་ཀྱིས་གཟིགས་ན་ཡག་པོ་ཡོང་ས་རེད།

མཇུག་ཏུ་ངས་སྡོང་རྒན་རྒྱལ་པོས་གཙོས་པའི་འཁྲབ་སྟོན་པ་ཡོངས་ལ་ང་ཚོ་མང་ཚོགས་ལ་ལྟད་མོ་ཡག་པོ་དེ་ལྟ་བུ་བཟོས་པར་ཐུགས་རྗེ་ཆེ་ཞུ། ། ། །

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章