​论文|སྣོད་དྲུག་གི་ཡ་གྱལ་བསམ་སེའུ་ལ་ཉུང་ངུར་དཔྱད་པ་གཡུ་ཆུང་དྲུག་

旅行   2024-11-30 13:10   青海  

 -----

   སྣོད་དྲུག་གི་ཡ་གྱལ་བསམ་སེའུ་ལ་ཉུང་ངུར་དཔྱད་པ་གཡུ་ཆུང་དྲུག་དཀར།

 ཐུབ་བསྟན་སྙན་གྲགས།

  [ནང་དོན་གནད་བསྡུས།]  རྩོམ་ཡིག་འདིར་བོད་ལུགས་གསོ་བ་རིག་པ་ལས་སྣོད་དྲུག་གི་ཡ་གྱལ་བསམ་སེའུ་ཞེས་པ་དེ་ལ་རང་ལུགས་གཞུང་གི་དགོངས་པ་དང་འབྲེལ་ནས་རང་བློ་གང་དཔོག་གིས་དཔྱད་ཁུལ་བྱས་ཡོད། 

[གླེང་གཞི།]

སྤྱིར་བསམ་སེའུ་ཟེར་བ་འདི་ལ་དབྱིབས་དང་། བྱེད་ལས།  གནས་ས་བཅས་གཞུང་ནས་གསུངས་ཡོད་ཀྱང་། དེ་ཉིད་ངོས་འཛིན་ཐད་ལ་མཁས་དབང་སོ་སོའི་བཞེད་པ་མི་འདྲ་བ་མང་།  ཡིན་ཡང་རང་ཉིད་ཀྱིས་འདིར་བསམ་སེའུ་ཞེས་པ་དེ་མིའི་རིགས་ཀྱི་འདོད་པའི་བདེ་བ་དང་རུས་བརྒྱུད་སྤེལ་ནུས་པའི་ས་བོན་དཀར་དམར་བསགས་པའི་སྣོད་ཆུང་ངུ་ངམ་རྩའི་མདུད་པ་ཞིག་ལ་ངོས་འཛིན་བྱས་ཏེ་དེའི་སྐོར་ནས་ཅུང་ཟད་བཤད་འདོད།

[གནད་ཚིག]  བསམ་སེའུ།  བུ་སྣོད།  ཁམས་དཀར་དམར།

དང་པོ། བསམ་སེའུ་ཡི་ངོས་འཛིན། 

《གཡུ་ཐོག་དགོངས་རྒྱུན》ལས།“ལུས་ཟུངས་བདུན་གྱི་ཕྱི་མ་ཁམས་དཀར་དམར་གཉིས་ཀའི་སྣོད་དུ་གྱུར་པ་དེ་བསམ་སེའུ་ཟེར།”དེ་ལ་བོད་ལུགས་གསོ་རིག་གི་བསམ་སེའུ་ངོས་འཛིན་ཚུལ་ལ་མི་འདྲ་བ་གང་མང་ཞིག་འདུག   ཐ་ན་མིང་ཙམ་ལས་དོན་དངོས་ལ་བསམ་སེའུ་མེད་པར་འདོད་མཁན་ཡང་འདུག     ཡིན་ན་ཡང་དེ་ནི་དབྱེ་ཞིབ་དང་བརྟག་དཔྱད་མ་བྱས་པའི་སྐད་ཆ་རེད་སྙམ་གྱིན་ཡོད་དེ།  རྒྱུད་ཀྱི་འདྲ་དཔེ་དང་མེ་བཙའི་ལེའུ། མཚོན་རྨ་གསོ་བ་སོགས་ཀྱི་སྐབས་སུ་བསམ་སེའུ་ཡོད་པ་གཞིར་བཞག་བྱས་ཡོད། མན་རྒྱུད་དུ་ཡང་། “བསམ་སེའུ་རྩ་ཡི་མདུད་པ་ཤ་རྨེན་འདྲ། །”ཞེས། ཤའི་རྨེན་བུ་ཞིག་ལ་ངོས་བཟུང་ཡོད། ཕྱི་རྒྱུད་ཀྱི་མེ་བཙའི་སྐབས་སུ། “བསམ་སེའུ་ནད་ལ་ཚིགས་པ་བཅུ་གསུམ་མེ་བཙའ་བྱ། ”ཞེས་དང་།  “བཅུ་གསུམ་བསམ་སེའུ་གསང་སྟེ་ཁུ་ཁྲག་རླུགས། །”ཞེས་ཚིགས་པ་བཅུ་གསུམ་པ་དང་བསམ་སེའུ་གཉིས་བར་འབྲེལ་འབྱོར་ངེས་ཅན་ཞིག་ཡོད་པ་གསལ་བོར་རྟོགས་ཐུབ། གཞན་ཡང་ལ་ལས་བསམ་སེའུ་མོ་ལ་ཡོད་པ་དང་ཕོ་ལ་མེད་པར་འདོད་མཁན་ཡང་ཡོད།  དེ་ཡང་བརྟག་དཔྱད་མ་བྱས་པའི་སྐྱོན་ཨེ་ཡིན་སྙམ། རྒྱུད་ལས་ཕོ་མོ་གཉིས་ཀ་ལ་སྣོད་དྲུག་བཞག་ཡོད་པ་ལས་མོ་ལ་སྣོད་དྲུག་དང་ཕོ་ལ་སྣོད་ལྔ་ཡོད་ཟེེར་བ་ཞིག་ད་སྔོན་མཐོང་ཐོས་མ་བྱུང་།《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ》ལས། “སྣོད་དྲུག་གི་ཡ་གྱལ་བསམ་སེའུ་ནི་ཕོ་མོ་གཉིས་ཀའི་ལྟེ་འོག་ཏུ་རྩ་གསུམ་འདུས་མདོའི་རྩ་མདུད་ལྟར་ཆགས་ཡོད།”ཅེས་དང་།《དག་ཡིག་གསར་བསྒྲིགས》ལས། “ཕོའི་བསམ་སེའུ་ནི་རླིག་འབྲས་དང་མོའི་བསམ་སེའུ་ནི་བུ་སྣོད་དང་འབྲེལ་ཡོད།”ཅེས་གསུངས། 《སྟོང་ཐུན་ངེས་གསང་སྒོ་དབྱེ》ལས།  “སྒལ་པའི་ཚིགས་པ་བཅུ་གསུམ་འོག་རོལ་ན། །རྩ་གསུམ་འདུས་སྣ་ལས་བྱུང་བསམ་སེའུ་ནི། །རོ་རྐྱང་གཉིས་ནས་ཕོ་མོའི་ཁམས་དཀར་དམར། །རང་རང་གང་ཡིན་གསོག་པའི་སྣོད་ཡིན་ཏེ། །ཟགས་སྣོད་དེ་ནི་ཤ་ཤུན་རྨེན་བུ་འདྲ། །” ཞེས་གསུངས་པའི་སྔ་མ་ནི། དངོས་པོའི་ངོ་བོ་མཚོན་བྱེད་ཀྱི་དཔེ་ཡིན་པ་དང་།  ཕྱི་མ་གཉིས་ནི།  དངོས་པོའི་དེ་ཁོ་ན་ཉིད་མཚོན་བྱེད་ཀྱི་དཔེ་ཡིན་ནོ།།《གོང་སྨན་པའི་པོད་དམར》ལས། “ཁམས་ཀུན་འདུས་པ་བསམ་སེའུ་ནི། །ཐུན་མོང་ཕྱིར་ན་དོན་ཀུན་འབྲེལ། །ཕོ་མོའི་ས་བོན་འབྱུང་བའི་སྣོད། །བུ་སྣོད་གསང་སྒྲོའང་འདིའི་དམ་བུ། །ཡིན་ཕྱིར་སྣོད་དྲུག་གྲངས་སུ་འདོད། །”   དེ་ཡང་ཁམས་བསྐྱེད་པར་བྱེད་པ་ལ་བསམ་སེའུ་མེད་ན་མི་རུང་། ཁམས་དཀར་དམར་གསོག་པའི་སྣོད་དང་འདོད་པའི་བདེ་བ་མྱོང་བའི་རྟེན་གལ་ཆེན་ཞིག་ཡིན་པ་དང་། དེས་མ་ཚད་སྦྲུམ་མའི་མངལ་དུ་ཡོད་པའི་ལུས་ཅན་དེ་འཚོ་བར་བྱེད་པའི་བཅུད་ཆེན་པོའི་རྟེན་ཞིག་ཡིན་པར་བཤད་ཡོད།  འོན་ཀྱང་། ཕོ་མོ་གཉིས་ཀྱི་བསམ་སེའུ་ལ་གནས་ས་སོགས་གང་ཐད་ནས་ཀྱང་མི་འདྲ་ས་ཅིས་ཀྱང་ཡོད་ངེས་སོ། །《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ》ལས།  “ཕོའི་བསམ་སེའུ་ནི་ལྒང་པའི་རྒྱབ་ངོས་ཀྱི་གཞོགས་གཡས་གཡོན་གཉིས་སུ་ཆགས་ཡོད་ལ། མོའི་བསམ་སེའུ་ནི་བུ་སྣོད་ཀྱི་གཞོགས་གཡས་གཡོན་གཉིས་སུ་ཆགས་ཡོད།” ཡང་དེ་ཉིད་ལས། “ཕོའི་བསམ་སེའུ་དབྱིབས་ནི་ཤ་རྨེན་ནམ་རྩ་མདུད་དང་འདྲ་བ་ཞིག་ཡོད། མོའི་བསམ་སེའུ་དབྱིབས་ནི་འཇོང་ལེབ་ཅན་གྱི་སྣོད་མཐེ་བོང་གི་ཆེ་ཆུང་ཙམ་ཡོད།”ཅེས་བསམ་སེའུ་ཡི་དབྱིབས་དང་ཆེ་ཆུང་གསལ་བོར་གསུངས་ཡོད། དེའང་མི་དར་མ་གཞིར་བཞག་བྱས་ནས་བཤད་པ་ཨེ་ཡིན་སྙམ། ཡང་དེང་རབས་གསོ་རིག་ཏུ“བསམ་སེའི་དབྱིབས་སྒོ་ངའི་གཟུགས་ལྟར་ཡིན་ཡང་ཆེ་ཆུང་ནི་ན་ཚོད་ཀྱི་དབང་གིས་མཐའ་གཅིག་ཏུ་ངེས་པ་ཞིག་མི་འདུག་སྟེ་བྱིས་པའི་སྐབས་སུ་བསམ་སེའུ་དེ་ནི་ཆུང་ལ་ཕྱིར་ངོས་འཇམ་ཞིང་དར་མའམ་འདོད་པ་སྤྱོད་ནུས་པའི་སྐབས་བསམ་སེའུ་དེ་ཇེ་ཆེར་འགྲོ་ཞིང་ཕྱིར་ངོས་ཡང་འབར་འབུར་དུ་འགྱུར་གྱི་ཡོད་ལ། ཡང་ན་མི་ཡི་ན་ཚོད་རྒས་ཤིང་ལུས་སྟོབས་ཉམས་པའི་སྐབས་སུ་བསམ་སེའུ་དེ་ཇེ་ཆུང་དུ་འགྲོ་བ་ཞིག་ཡིན།” དེ་ལ་བལྟས་ན་བསམ་སེའུ་ནི་མིའི་ཁམས་དཀར་དམར་གཉིས་ཀྱི་གནས་སའམ་རྟེན་གཙོ་བོ་ཞིག་ལ་ངོས་འཛིན་དགོས་ས་རེད་སྙམ། དེ་ནས།《དྲང་སྲོང་ཞལ་ལུང》ལས། “བསམ་སེའུ་ནི་ལུས་ཟུངས་བཅུད་ཆེན་པོ་བསགས་པའི་སྣོད་ཡིན་པས་ནོར་གྱི་བང་མཛོད་དང་འདྲ་ལ་དངོས་ནི་རྩའི་མདུད་པ་དབྱིབས་ཤའི་རྨེན་བུ་དང་འདྲ་བ་ཞིག་ཡོད”ཅེས་དང་།《མན་ངག་ལྷན་ཐབས》ལས།  “སྲིད་རྩ་དཀར་པོ་བསམ་སེའུ་ནས་བརྒྱུད་དེ། །ཕོ་མོའི་གསང་བ་འབྲེལ་བས་བདེ་བ་བསྐྱེད། །” ཅེས་གསུངས་ཡོད། 《ཤེལ་དཀར་མེ་ལོང》ལས། “བསམ་སེའུ་ཞེས་པ་ས་བོན་དཀར་དམར་སྣོད། །སྤྱི་ཡི་གསང་ནི་ཚིགས་པ་བཅུ་གསུམ་པའི། །འོག་ཏུ་གནས་ཤིང་མཁལ་མ་གཡོན་པར་འབྲེལ། །ངོ་བོ་རྩ་ཡི་མདུད་པའམ་རྨེན་བུ་འདྲ།  །དེ་ནས་གཡས་གཡོན་རྩ་སྣེ་གཉིས་གྱེས་ཏེ།  །སྐྱེས་པར་ཕོ་མཚན་གསང་སྒྲོ་རྣམ་གཉིས་དང་།  །བུད་མེད་མངལ་དང་མོ་མཚན་སོ་སོར་ཟུག  །དེ་གཉིས་བདེ་བར་བསྐྱེད་པའི་གནས་ཡིན་ཅིང་།  །ཟགས་པ་ལུས་ཅན་ཆགས་པའི་རྒྱུ་ཡིན་ཞེས།  །”གསུངས་སོ། །《སྨན་དཔྱད་ཟླ་བའི་རྒྱལ་པོ》ལས། “བསམ་སེའུ་ཞེས་བྱ་འཛག་སྣོད་དེ། །ཆེ་ཆུང་བྱེད་པས་སྐྲངས་པ་འདྲ། །ལྟེ་བ་དག་ནས་གཡོན་དུ་འཁྱིལ། །མཁལ་མ་གཡོན་པ་དག་དང་འབྲེལ། །རྩ་མགོ་ཚིགས་པ་བཅུ་གསུམ་པར། །དེ་ནས་ཕོ་ཡི་མཚན་མར་རོ། །གྲོགས་ནི་གློ་ལོང་མཁལ་རྩ་གསུམ། །བཅས་པའི་ས་བོན་འཛག་པའོ། །བུད་མེད་ཚིགས་པ་བཅུ་གསུམ་པ། །ས་བོན་བཅུད་ཀྱི་རྩ་དག་དང་། །མཁལ་རྩ་མཆིན་རྩ་ལོང་རྩ་དང་། །འདུས་པ་མོ་ཡི་མཚན་མར་འབྲེལ། །མངལ་སྣོད་དག་དུ་ཁུག་པའོ། །དེ་གཉིས་བདེ་བའི་གནས་ཡིན་ཏེ། །ཟག་པ་འཁོར་བའི་གནས་ཡིན་ནོ། །”ཞེས་གསུངས་པ་ལྟར་རོ། །

གཉིས་པ།  བསམ་སེའུ་ཡི་བྱེད་ལས།

        སྤྱིར་བཏང་བསམ་སེའུ་ཡི་བྱེད་ལས་ནི།   ལུས་ཟུངས་བདུན་གྱི་ཕྱི་མ་ཁམས་དཀར་དམར་གཉིས་གསོག་ཅིང་འཛིན་པར་བྱེད་པ་དང་། རོ་ཙ་ཞིང་མངལ་སྦྲུམ་པའི་རྒྱུ་བྱེད་ནུས་པ་ཞིག་དང་། འདོད་པའི་བདེ་བ་འཕེལ་བར་བྱེད་པ་ཞིག་ལ་ཟེར།   དེ་ཡིས་ཁམས་བསྐྱེད་པར་བྱེད་པ་དང་། ཟླ་མཚན་འབབ་པ་དང་མངལ་སྦྲུམ་པ་སོགས་ལ་གྲོགས་བྱེད་པ།  བསམ་སེའུ་ནི་ཕོ་མོ་གཉིས་ཀ་གནས་ས་མི་འདྲ་བ་མ་གཏོགས་བྱེད་ལས་ནི་འདྲ་བ་ཡིན་ཏེ།  བསམ་སེའུ་ནི་ཕོ་མོ་གཉིས་ཀའི་ཁམས་དཀར་དམར་སྐྱེད་པར་བྱེད་པའི་རྒྱུ་གཙོ་བོ་ཞིག་ཡིན་པར་བཤད་ཡོད།《རྒྱུད་བཞིའི་དཀའ་འགྲེ》ལས། དཔེར་ན། “ལོ་འདབ་ལྡན་པའི་ཤིང་གི་རྩེར་ཆར་གྱི་ཟིལ་པ་ཆགས་པ་དེ་རླུང་གིས་གཡོ་བའམ་སྐྱེས་བུ་གང་དག་གིས་ལག་པས་བསྒུལ་བ་སོགས་ཀྱིས་རྐྱེན་བྱས་ནས་ཟིལ་བ་དེ་ས་ཡི་སྟེང་དུ་ལྷུང་བས་ས་གཞི་བརླན་ཞིང་རྩི་ཐོག་སྐྱེ་བ་ལྟར། བདེ་སྟོང་ཟུང་དུ་འཇུག་པའི་ཚེ་ཁྱབ་བྱེད་རླུང་གི་བྱེད་ལས་ཀྱིས་ཀུན་གཡོས་པས་དྭངས་མ་དེ་བསམ་སེའུ་ཞེས་པ་ཚིགས་པ་བཅུ་གསུམ་པའི་གཡོན་ངོས་ཀྱི་རྩ་ལམ་དེར་འདུས་ནས་ཐུར་སེར་རླུང་གིས་ཐུར་དུ་དྲངས་ཏེ་པདྨོའི་ལམ་ནས་མངལ་གྱི་སྦུབས་སུ་བསྐྱལ་བས་མའི་ཐུར་སེར་རླུང་ངམ་འཛིན་འབྲིའི་རླུང་གིས་འཛིན་པས་མངལ་ཆགས་པའི་ས་བོན་བྱེད་པ་ཡིན་ནོ། །”  བཤད་རྒྱུད་དུ“བསམ་སེ་འུ་ནི་ནོར་གྱི་བང་མཛོད་འདྲ། །”ཞེས་བསམ་སེའུ་ནི་ནོར་གྱིས་ཁེངས་བའི་སྣོད་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཡོད།  སྤྱིར་བང་མཛོད་ཟེར་བ་དེ་ནི་གསེར་དངུལ་ལ་སོགས་རྩ་ཆེའི་དངོས་པོ་རྣམས་ཉར་ཚགས་དང་གསོག་འཇོག་བྱེད་ས་ཞིག་ཡིན་ལ། བསམ་སེའུ་འདི་ཡང་མིའི་ལུས་ཁམས་ཀྱི་རྒྱུ་གཙོ་བོ་ལུས་ཟུངས་བདུན་གྱི་མཐའ་མའི་དྭངས་མ་ཁམས་དཀར་དམར་དེ་གཉིས་གསོག་ཅིང་འཛིན་པར་བྱེད་པ། རོ་ཙ་ཞིང་མངལ་གནས་ཀྱི་ལུས་དེ་འཕེལ་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན།   དེས་ལུས་ཀྱི་གཟི་མདངས་དང་ལུས་སྟོབས་འཕེལ་བར་བྱེད།  《གཅེས་བསྡུས་སྙིང་ནོར》ལས། “བསམ་སེའུ་ནད་བྱུང་ཕོ་མོའི་ཁམས་དཀར་དམར། ། ཉམས་སོགས་ལུས་མདངས་ཉམས་ཤིང་དབང་ལུས་ཞན། །”བཤད་རྒྱུད་ཀྱི་གྲུབ་པ་ལུས་ཀྱི་སྐབས་སུ། “བུ་སྣོད་གཡས་གཡོན་རྩ་དང་ལྟེ་བ་འབྲེལ། །རྩ་གཉིས་བསམ་སེའུ་བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ་ཡིས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། །”ཞེས་མངལ་དུ་བྱིས་པ་སྦྲུམ་ཡོད་པའི་སྐབས་སུ་བསམ་སེའུ་ལས་རྒྱས་ཡོང་བའི་རྩ་གཉིས་བུ་སྣོད་གཡས་གཡོན་ནས་གྱེས་ཏེ་བྱིས་པ་དེ་ཡི་ལྟེ་བ་དང་འབྲེལ་ནས་བྱིས་པ་དེ་རིམ་གྱིས་མ་ཡི་མངལ་ལམ་ནས་འཕེལ་བར་བྱེད་པ་ཡིན་ནོ། །   《ཟླ་ཟེར》ལས“མངལ་དུ་གནས་པའི་སེམས་ཅན་དང་མའི་སྙིང་གི་རྩ་ལས་ཀྱི་དབང་གིས་འབྲེལ་བར་གནས་ཏེ། དེའི་ཕྱིར་རྩའི་རྒྱུན་དེ་ནས་མངལ་ན་གནས་པའི་ལུས་འཕེལ་ཞིང་རྒྱས་པར་འགྱུར་ཏེ། དཔེར་ན། ཞིང་ནང་དུ་ཆུ་དྲངས་ཏེ་དེས་ཞིང་གི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བ་དང་འདྲའོ། །”ཞེས་གསུངས་པས།  འདིའི་སྐབས་ཀྱི“སྙིང”ཞེས་པ་ནི་དོན་གྱིས་བསམ་སེའུ་དང་གཅིག་པ་ཡིན་འདུག  《མེས་པོའི་ཞལ་ལུང》ལས།  “ཕོ་མོའི་གཉིས་ཀའི་ལྟེ་འོག་ཏུ་རྩ་གསུམ་འདུས་མདོའི་རྩ་མདུད་ཤ་རྨེན་བུ་ལྟར་ཆགས་པ་ལ་བསམ་སེའུ་ཞེས་མིང་བཏགས་པའོ། །དེ་ནི་ཁམས་དཀར་དམར་གཉིས་ཀའི་སྣོད་ཡིན་པའི་ཕྱིར་སྐྱེས་པ་ལ་དྭངས་མ་བདུན་པའི་རྒྱུན་དཀར་པོོར་སོང་ནས་སླར་མར་བརྒྱུད་དེ་བསམ་སེའུ་ན་གསོག་ཅིང་།   བུད་མེད་ལ་དེའི་རྒྱུན་དམར་པོར་སོང་ནས་ཡང་རོ་མར་བརྒྱུད་བསམ་སེར་བསགས་ནས་མདོ་དབུ་མའི་མར་སྣེར་དུས་དང་རྐྱེན་གྱི་དབང་གིས་འབབ་པ་ཡིན་ལ།   ཕོ་མོའི་དབང་པོ་འཕྲད་པའི་བདེ་བ་དེ་ཡང་ཁམས་དཀར་དམར་རྒྱུ་བའི་སྣོད་བསམ་སེའུ་ནས་འབྱུང་བ་ཡིན་ནོ། ། ”ཞེས་གསུངས། 

གསུམ་པ།   མཇུག་བསྡུ་བ།

    སྤྱིར་བསམ་སེའུ་ཞེས་པའི་ཐ་སྙད་འདི་གནའ་བོའི་བོན་གྱི་སྨན་གཞུང་མང་པོའི་ནང་འཁོད་ཡོད་པར་གཞིགས་ན་དེ་ནི་བོད་རང་སྐད་ཀྱི་ཐ་སྙད་འཁྲུལ་མེད་ཅིག་ཡིན་པར་གདོན་མི་ཟ་སྟེ།  དེང་སང་“མི་ཤེས་ཤེས་མདོག་མོ་མཚན་མེ་བཙའ།”བྱ་མཁན་དག་གིས་འདི་ནི་རྒྱ་ནག་གི་སྐད་ཡིན་པར་འདོད་ཀྱིན་ཡོད། ཡིན་ཡང་། བོན་གྱི་བསྟན་པ་དར་བའི་དུས་སུ་རྒྱ་ནག་རིག་གཞུང་གི་ཤན་བོད་ཀྱི་རིག་གཞུང་ལ་ཞུགས་མེད་པར་མ་ཚད་གནའ་རབས་ཀྱི་གསོ་དཔྱད་མཁས་པ་སུས་ཀྱང་བསམ་སེའུ་རྒྱ་ནག་གི་སྐད་ཡིན་པར་གསུངས་མེད།

    མཐར་གསོ་བ་རིག་པའི་རྒྱུད་ལ་སློབ་སྦྱོང་བྱེད་མཁན་དང་། ཡང་ན་གསོ་རིག་གི་ལམ་ཁ་དེར་བགྲོད་བཞིན་པ་ཐམས་ཅད་ཀྱིས་ཕོ་མོ་གཉིས་ལ་བསམ་སེའུ་འདི་གཅིག་མཐུན་དུ་ངོས་འཛིན་བྱས་ན་ལེགས་སྙམ།  དེ་ཡང་གཙོ་བོ་བྱེད་ལས་དང་གྲུབ་ཆ་ངོ་བོ་གཅིག་ཡིན་པའི་ཕྱིར།   གནས་ས་སོགས་མཐུན་དགོས་པའི་ངེས་པ་མེད་སྙམ། །

[དཔྱད་གཞིའི་ཡིག་ཆ།]

༡ 《དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི།》  གཡུ་ཐོག་ཡོན་ཏན་མགོན་པོས་མཛད།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

༢《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ།》    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།       མི་རིགས་དཔེ་སྐྲུན་ཁང་། 

༣《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ།》བསམ་གཏན་གྱིས་བརྩམས།     བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

༤《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་།》 ཁྲོ་རི་ཚེ་རྣམ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 

༥《སྨན་དཔྱད་ཟླ་བའི་རྒྱལ་པོ།》    ཧྭ་ཤང་མ་ཧཱ་ཡ་ན་དང་བེ་རོ་ཙ་ན་གཉིས་ཀྱིས་བསྒྱུར།              མི་རིགས་དཔེ་སྐྲུན་ཁང་། 

༦《རྒྱུད་བཞིའི་དཀའ་འགྲེལ།》 བཀྲ་ཤིས་ཀྱིས་བརྩམས།     བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 

༧《གོང་སྨན་པའི་པོད་དམར།》    གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད།     མི་རིགས་དཔེ་སྐྲུན་ཁང་།

༨《གཡུ་ཐོག་དགོངས་རྒྱུན།》 དབང་འདུས་ཀྱིས་རྩོམ་སྒྲིག་བྱས།  གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། 

༩《དག་ཡིག་གསར་བསྒྲིགས།》     བཀྲ་ཤིས་རབ་བརྟན་སོགས།        མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

༡༠《ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར།》 ཁ་ཆེ་ཟླ་བ་མངོན་དགའ་ཡིས་མཛད། མི་རིགས་དཔེ་སྐྲུན་ཁང་།

༡༡《བརྒྱུད་བཞིའི་འགྲེལ་བ་མེས་པའི་ཞལ་ལུང་།》  ཟུར་མཁར་བློ་གྲོས་རྒྱལ་པོས་མཛད།      མི་རིགས་དཔེ་སྐྲུན་ཁང་།

༡༢《མན་ངག་ལྷན་ཐབས།》  སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

༡༣ 《ཤེལ་དཀར་མེ་ལོང་།》

༡༤ 《སྟོང་ཐུན་ངེས་གསང་སྒོ་དབྱེ།》

༡༥ 《གཅེས་བསྡུས་སྙིང་ནོར།》                                                                               ༢༠༢༤-༤-༢༩

ཐུབ་སྙན།  18283632069

藏宝挪一挪

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章