-----
༄༅། །བོད་གཞུང་དུ་འཁོད་པའི་ས་བཅད་སྐོར་གྱི་ཐོག་མའི་དཔྱད་པ།
བྱ་ཉ་བློ་བཟང་ཚུལ་ཁྲིམས།
[གནད་བསྡུས།] འདིའི་ནང་དུ་བོད་ཀྱི་ཐུན་མོང་མིན་པའི་གཞུང་ལུགས་ཀྱི་འཆད་རྩོད་རྩོམ་པའི་ཐབས་ཚུལ་ཏེ་ས་བཅད་སྐོར་གྱི་བྱུང་རིམ་ལ་དཔྱད་པ་བྱ་རྒྱུ་ཡིན། དེ་ཡང་རྒྱ་བོད་ཀྱི་གཞུང་ལུགས་བསྡུར་བ་དང་། བོད་ཀྱི་རིམ་བྱོན་མཁས་པས་བརྩམས་པའི་གཞུང་ལུགས་ཁག་ལ་བརྟག་ན་ས་བཅད་ཀྱི་ཐ་སྙད་དེ་ལེགས་སྦྱར་གྱི་སྐད་བོད་དུ་འགྱུར་བ་ཡིན་ཡང་། རྒྱ་གར་གྱི་གཞུང་དུ་བོད་ལུགས་ཀྱི་ས་བཅད་ཀྱི་རྨང་ལྟ་བུ་ཞིག་ལས་བོད་ལུགས་ལྟར་མུར་འབྲེལ་དང་། ཞིབ་ཚགས་པོ་དང་། ཁྱབ་ཆེ་བ། གཞུང་ལུགས་དང་བཅས་པ་བྱུང་བ་མི་གསལ། ས་བཅད་ཀྱི་ཐོག་མའི་རྣམ་པ་ནི་གཞུང་གི་བསྡུས་པ་དག་ཡིན་ཞིང་། དེ་ལས་རིམ་གྱིས་ས་བཅད་ཞིབ་མོར་འབྲི་བའི་སྲོལ་བྱུང་བ་མ་ཟད་ས་བཅད་རྐྱང་པ་ཟུར་དུ་འབྲི་བའི་སྲོལ་ཡང་བྱུང་། བོད་ཡིག་ཐོག་གི་དཔྱད་གཞི་ལྟར་ན་བོད་དུ་བསྟན་པ་སྔ་དར་གྱི་སྐབས་སུ་ས་བཅད་འབྲི་བའི་སྲོལ་ཕྱོགས་ཙམ་ཞིག་བྱུང་ལ། ཕྱིས་སུ་རིན་ཆེན་བཟང་པོ་དང་རྔོག་བློ་ལྡན་ཤེས་རབ་སོགས་ཀྱི་སྐབས་སུ་རིམ་གྱིས་ས་བཅད་ཀྱི་འགྲོས་ཇེ་མངོན་དུ་སོང་ཞིང་། སློབ་དཔོན་ཆ་བ་ཆོས་ཀྱི་སེང་གེའི་སྐུ་དུས་ཙ་ན་ས་བཅད་མུར་འབྲེལ་གྱིས་ཞིབ་ཚགས་པོར་བཀྲམ་པའི་ལུགས་སྲོལ་དེ་ཆ་ཡོངས་སུ་ཚང་བར་གྱུར་པ་ཤེས་ཐུབ། ད་དུང་ས་པཎ་གྱི་སྐབས་སུ་ས་བཅད་ཇི་ལྟར་འབྲི་བ། དེའི་ལེགས་ཉེས་ཀྱི་ཚད་གཞི་སོགས་སྟོན་པའི་གཞུང་ལུགས་ཀྱང་བྱུང་ཡོད།
[གནད་ཚིག] ས་བཅད། གཞུང་གི་བསྡུས་པ། 《མཁས་པ་རྣམས་འཇུག་པའི་སྒོ།》 ས་པཎ་ཀུན་དགའ་རྒྱལ་མཚན།
དང་པོ། གླེང་སློང་བ།
རྒྱ་གར་གྱི་རིག་གནས་བོད་དུ་དྲངས་པའི་གོ་རིམ་ནང་བོད་མི་དག་གིས་རྒྱ་གཞུང་བོད་ཡིག་ཏུ་བསྒྱུར་བ་དང་དེ་ཉིད་རྒྱུན་འཛིན་བྱས་པ་ཙམ་མིན་པར། དེའི་སྟེང་གཞུང་གི་དཔྱོད་ཐབས་དང་། གཞུང་དོན་དངོས་ལ་ཡང་རྒྱ་གར་གྱི་གཞུང་དུ་མེད་པ། མི་གསལ་བ། ཆ་མ་ཚང་བ་སོགས་ལ་གསར་དུ་བསྣན་པ་དང་། གསལ་བར་བྱས་པ། ཁ་བསྐངས་པ་སོགས་མང་པོ་ཞིག་བྱུང་། འོན་ཀྱང་མཚན་ཉིད་གཞུང་ལུགས་ཐད་ཀྱི་གནད་དོན་གང་ཡིན་ཡང་ཁུངས་རྒྱ་གར་ལ་ཐུག་ཚེ་ལེགས་པར་བརྩི་ཞིང་དེ་ལས་ལྡོག་ན་ཐ་ཆད་དུ་བརྩི་བའི་སྲོལ་ཞིག་སྔ་མོ་ནས་རྒྱུན་འཇགས་སུ་གནས་པས། དེས་ང་ཚོའི་མཁས་པ་སྔ་མ་དག་གི་ཤེས་རབ་དང་བརྩོན་འགྲུས་ཀྱིས་བཏོད་པའི་ཆ་ཤས་མང་པོ་ཟུར་དུ་ཕྱེ་བ་ལ་གེགས་ལྟ་བུར་གྱུར། དོན་ལ་མཚན་ཉིད་མཁས་པ་ནི་ཡུལ་གང་དུའང་ཡོང་ཆོག་ཅིང་། བོད་མི་རང་གིས་འཕེལ་རྒྱས་གཏོང་བའི་ཆ་ཡོད་ན་གཟི་བརྗིད་དུ་འགྱུར་གྱི་སྐྱོན་དུ་མི་འགྱུར། མཚན་མཚོན་གཞི་གསུམ་གྱི་དཔྱོད་ཐབས། ས་བཅད་ཞིབ་མོར་འབྲི་བའི་སྲོལ། མུར་འབྲེལ་གྱི་ཐལ་འགྱུར་འགོད་པ་དང་ཐལ་འགྱུར་གྱི་གཞུང་ལུགས། བསྡུས་གྲྭའི་རིགས་པ་སྦྱོང་བ་སོགས་ནི་རྒྱ་གར་གྱི་མཚན་ཉིད་གཞུང་ལུགས་དག་རྨང་གཞིའི་ཐོག་བོད་ཀྱིས་གསར་དུ་བསྣན་པའི་མཚན་ཉིད་གཞུང་ལུགས་ཀྱི་དཔྱོད་ཐབས་ཐུན་མོང་མིན་པ་ཡིན་ཞིང་། དེའི་ནང་ས་བཅད་ནི་འཆད་རྩོད་རྩོམ་པ་ཀུན་ལ་སྦྱོར་བ་ཡིན། དེ་ནི་རྒྱ་གར་དུ་རྨང་ཙམ་ཞིག་ཡོད་ཀྱང་བོད་ལུགས་ལྟ་བུ་ཞིབ་ཚགས་པོ་དང་། ཁྱབ་ཆེ་བ། གཞུང་ལུགས་དང་བཅས་པ་བྱུང་མེད། དེས་ན་རང་རེའི་རིག་གནས་ཀྱི་ཁྱད་ཆོས་དང་འཕེལ་རིམ་ལ་རྒྱུས་ལོན་ཡོང་ཕྱིར་འོག་ཏུ་ས་བཅད་ཀྱི་སྒྲ་དོན་དང་རྒྱ་བོད་ཀྱི་གཞུང་གི་ཁྱད་པར་དང་། ས་བཅད་ཀྱི་གཞུང་ལུགས། བོད་དུ་ས་བཅད་ཀྱི་འཕེལ་རིམ་བཅས་དོན་ཚན་གསུམ་གྱི་སྒོ་ནས་ཁོ་བོའི་མཐོང་ཐོས་རགས་ཙམ་ཞིག་འབྲི་བར་བྱ་ན། ཤེས་རབ་ཅན་དག་གིས་འཁྲུལ་དང་མ་འཁྲུལ་བའི་སྤུ་རིས་འབྱེད་པར་ཞུ།
གཉིས་པ། ས་བཅད་ཀྱི་སྒྲ་དོན་དང་རྒྱ་བོད་ཀྱི་གཞུང་གི་ཁྱད་པར།
ས་བཅད་ཅེས་པའི་ཐ་སྙད་དེ་ལེགས་སྦྱར་གྱི་སྐད་བོད་དུ་འགྱུར་བ་ཡིན་པ《བྱེ་བྲག་རྟོགས་བྱེད་ཆེན་མོ》[1]རུ་གསུངས་ཤིང་། 《ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ》སོགས་བསྟན་འགྱུར་ནང་གི་རྒྱ་གཞུང་བོད་འགྱུར་མ་དག་གི་ནང་དུ་ཡང་ས་བཅད་ཀྱི་ཐ་སྙད་ཐེངས་འགའ་བྱུང་ཡོད། བསྟན་བཅོས་ཀྱི་མཚན་ལ་ཡང《སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང》ཞེས་བྱ་བ་ཡང་བྱུང་། ས་བཅད་ཅེས་པའི་ཐད་ཀའི་སྒྲ་དོན་ནི། གཞུང་གི་བརྗོད་བྱ་ཆེ་བ་ཚན་པ་མི་འདྲ་བ་ཁག་དང་། དེ་རེ་རེའི་ནང་གི་བརྗོད་དོན་ཆུང་བ་དག་གི་ས་མཚམས་མ་འདྲེས་པར་སོ་སོར་བཅད་དེ་སྡོམ་དུ་བྱས་པས་ན་དེ་སྐད་ཅེས་ཟེར་བར་སྣང་ཞིང་། ཆོས་རྗེ་ས་པཎ་གྱི《མཁས་པ་རྣམས་འཇུག་པའི་སྒོ》རུ་ས་གཅོད་ཅེས་བྲིས་པ་དང་སྔོན་གྱི་དཔེ་ཆ་གཞན་འགའ་ཞིག་ཏུ་ཡང་དེ་ལྟར་སྣང་མོད། དེ་ནི་བྱ་ཚིག་གི་རྣམ་པ་དེ་མིང་ལ་སྦྱོར་ཚུལ་གྱི་ཁྱད་པར་ཙམ་ལས་དོན་ནི་གོང་དང་ཁྱད་པར་མེད། འོན་ཀྱང་དིང་སང་ནི་ས་བཅད་ཅེས་འབྲི་བ་རྒྱུགས་ཆེ། འོག་ཏུ་འདྲེན་འགྱུར་གྱི་ས་པཎ་གྱི《མཁས་པ་རྣམས་འཇུག་པའི་སྒོ》ཡི་ནང་དུ་བསྡུས་དོན་གཉིས་གསུངས་པའི་ཕྱི་མ་སྟེ་གཞུང་དོན་སོ་སོའི་བསྡུས་དོན་ཞེས་པ་དང་ས་བཅད་གཉིས་དོན་གཅིག་པ་ཡིན། བཤད་སྲོལ་ལ། “རྒྱ་གར་བས་མཚམས་སྦྱར་གྱི་སྒོ་ནས་འཆད། བོད་ཀྱིས་ས་བཅད་ཀྱི་སྒོ་ནས་འཆད།”ཅེས་ཟེར་སྲོལ་ཡོད་པ་ལྟར་བོད་ཀྱི་གཞུང་ལུགས་ཀྱི་དཔེ་ཆ་ཕལ་མོ་ས་བཅད་ཀྱི་སྒོ་ནས་བཤད་ཡོད་པ་མ་ཟད། ཕྱིས་སུ་ས་བཅད་བློ་ལ་འཛིན་པ་དང་། འཆད་པའི་ཚེ་ས་བཅད་ཀྱི་སྒོ་ནས་འཆད་པ་དང་། རྒོལ་སྔ་ཕྱི་གཉིས་ཀས་ས་བཅད་དང་སྦྲགས་ནས་གཞུང་དོན་ལ་རྩོད་པ་སོགས་བྱེད་པའི་ལུགས་སྲོལ་དར་བས་དེ་ནི་བོད་ཀྱི་གཞུང་ལུགས་འཆད་རྩོད་རྩོམ་པའི་ཐབས་ཚུལ་ཐུན་མིན་ཞིག་ཏུ་གྱུར་ཡོད།
སྤྱིར་རྒྱ་གར་གྱི་གཞུང་ལ་ཡང《རྣལ་འབྱོར་སྤྱོད་པའི་ས》སོགས་སུ་གཞུང་གི་དོན་ཚན་རྣམས་གྲངས་བཅད་དེ་དེའི་སྒོ་ནས་རིམ་པ་བཞིན་བཤད་པ་ཡོད་དེ། མཚན་གཞི་ཙམ་འགོད་ན། ཐོགས་མེད་ཀྱི《རྣལ་འབྱོར་སྤྱོད་པའི་ས》ལས། “རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན། དེ་ནི་ས་བཅུ་བདུན་དུ་བལྟ་བར་བྱ་སྟེ། བཅུ་བདུན་གང་ཞེ་ན། སྤྱི་སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པ་དང༌། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང༌། །ཏིང་འཛིན་བཅས་དང་མ་ཡིན་དང༌། །སེམས་ཡོད་པ་དང་སེམས་མེད་དང༌། །ཐོས་དང་བསམས་དང་བསྒོམས་པ་དང༌། །དེ་བཞིན་ཐེག་པ་གསུམ་ལྡན་དང༌། །ཕུང་པོར་བཅས་དང་ཕུང་མེད་གཞན། །”ཞེས་ས་བཅུ་བདུན་རེ་རེ་བཞིན་བགྲངས་རྗེས་སུ། “རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། ངོ་བོ་ཉིད་དང༌། དེ་དག་གི་གནས་དང༌། དེ་དག་གི་དམིགས་པ་དང༌། དེ་དག་གི་གྲོགས་དང༌། དེ་དག་གི་ལས་ནི་མདོར་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའོ། །རྣམ་པར་ཤེས་པའི་ཚོགས་ལྔ་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་རྣམ་པར་ཤེས་པ་གང་ཞེ་ན། གང་མིག་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ། །མིག་གི་རྣམ་པར་ཤེས་པའི་གནས་གང་ཞེ་ན།”[2]ཞེས་སོགས་ཀྱིས་གཞུང་ཡོངས་རྫོགས་ཀྱི་བརྗོད་བྱ་དོན་བཅུ་རུ་སྡོམ་བྱས་ཤིང་། དེའི་དང་པོ་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་ལ་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་རུ་དབྱེ་བར་མཛད། རྣམ་ཤེས་ལྔ་རེ་རེ་ལ་ཡང་ངོ་བོ་ཉིད་དང༌། དེ་དག་གི་གནས་དང༌། དེ་དག་གི་དམིགས་པ་དང༌། དེ་དག་གི་གྲོགས་དང་། དེ་དག་གི་ལས་བཅས་ལྔའི་སྒོ་ནས་གསུངས་པ་ལྟ་བུས་མཚོན། གཞུང་ཧྲིལ་པོའི་དོན་རྣམས་སོ་སོར་གྲངས་བཅད། དེ་དག་གི་ནང་ཚན་ལ་ཡང་དབྱེ་བ་ཕྱེ་ནས་གོ་རིམ་བཞིན་བཤད་པའི་ཚུལ་ཞིག་ནི་ཡོད། དེ་ནི་བོད་དུ་ས་བཅད་དུ་འབོད་པ་དེའི་དོད་ཐུབ་ལྟ་བུར་སྣང་ཞིང་། བོད་ཀྱི་ས་བཅད་ཀྱི་རྨང་ཡང་འདི་དག་ཡིན་སྲིད་སྙམ། ཨ་ལག་ཤ་ངག་དབང་བསྟན་དར་གྱི《འཆད་རྩོད་རྩོམ་གསུམ་གྱི་རྣམ་བཞག་ལེགས་བཤད་ཉིན་བྱེད་སྣང་བ》ཞེས་པ་རུ། 《འགྲེལ་བ་སྒྲོན་གསལ》ལས། “རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང༌། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །”[3]ཞེས་པའི་ནང་གི །“འདིའི་ཚད་གང༌”ཞེས་པ་དེ་ས་བཅད་ཀྱི་ཁུངས་ཡིན་པར་གསུངས[4]་མོད། འོན་ཀྱང་གཞུང་དེར་བོད་ལྟར་ས་བཅད་བྲིས་པ་མེད་ཅིང་། འདིའི་ཚད་ཀྱི་དོན་ནི་རྗེ་ཙོང་ཁ་པའི《རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ》ཞེས་པ་རུ་[5]གཞུང་གི་ཚད་ནི་གཞུང་གི་ལེའུ་སོགས་དང་དོན་གྱི་ཚད་ནི་དོན་གྱི་ལེའུ་སོགས་ཡིན་པར་གསུངས། གཞུང་ལུགས་ཀྱི་བསྟན་བཅོས་ཆེན་མོ་དག་གི་དོན་འཐོབ་ལ་གཞུང་དང་དོན་གྱི་ལེའུ་ཙམ་མེད་པ་མི་སྲིད་མོད། འོན་ཀྱང་གཞུང་དེར་བོད་ལྟར་ས་བཅད་བཀྲམ་པ་ནི་མི་སྣང་བས་དེ་ནི་རྒྱ་གར་མ་ལ་བོད་ལུགས་ཀྱི་ས་བཅད་འབྲི་བའི་སྲོལ་ཡོད་པའི་ཁུངས་སུ་མི་རུང་། དེ་ལྟར་གཞུང་དང་དོན་གྱི་མཚམས་སོ་སོར་བཅད་པ་དང་གཞུང་གི་བསྡུས་དོན་འགོད་པ་ཙམ་ཞིག་རྒྱ་གར་ལ་ཡོད་ཀྱང་བོད་ལྟར་ས་བཅད་མུར་འབྲེལ་གྱིས་བཀྲམ་པ་དང་། གཞུང་དངོས་དང་ས་བཅད་ཀྱི་རྐྱ་སོ་སོར་ཕྱེ་པ་མེད་ལ། བོད་ལྟར་གཞུང་གི་འཆད་རྩོད་རྩོམ་གསུམ་ཀུན་ལ་སྦྱོར་བའང་མིན། ས་བཅད་ཇི་ལྟར་འབྲི་བའི་ཚུལ་གྱི་གཞུང་ལུགས་ཀྱང་བོད་ཁོ་ནར་བྱུང་བ་ཡིན་པས་བོད་ལུགས་ཀྱི་ས་བཅད་ནི་བོད་ཀྱི་གཞུང་ལུགས་འཆད་རྩོམ་རྩོད་པའི་ཐབས་ཚུལ་ཐུན་མོང་མིན་པ་ཞིག་ཏུ་སྣང་། འོག་ཏུ་རྒྱ་བོད་ཀྱི་གཞུང་དུ་བྱུང་བའི་ས་བཅད་སྐོར་གྱི་ཁྱད་པར་གཙོ་བོ་ཁག་དྲུག་ཙམ་ཁོ་བོས་མཐོང་ཚོད་ལྟར་ཞུ་བར་བྱ་སྟེ།
༡ 《རྣལ་འབྱོར་སྤྱོད་པའི་ས》ལྟ་བུར་བོད་དུ་བྱུང་བའི་ས་བཅད་ཀྱི་དོད་ཐུབ་ཀྱི་སྒོ་ནས་བཤད་པ་ཡོད་ཀྱང་དེ་ཉིད་གཞུང་དངོས་ཀྱི་ལུས་ལས་ལོགས་སུ་ས་བཅད་དམ་སྡོམ་གྱི་ཚུལ་དུ་མི་སྣང་སྟེ། ས་བཅད་དེ་དག་བླངས་པའི་ཤུལ་དུ་གཞུང་དངོས་ཀྱི་ལུས་ཡང་མེད་པར་འགྱུར་བ་ཡིན། འོན་ཀྱང་བོད་ཀྱི་བསྟན་བཅོས་མང་པོ་ཞིག་གི་ས་བཅད་ནི་གཞུང་གི་ལུས་སོ་སོའི་སྡོམ་ལྟ་བུ་ཡིན་ཞིང་དེ་ཉིད་གཞུང་དངོས་ཀྱི་ལུས་དང་རྐྱ་སོ་སོར་ཕྱེ་ཡོད།
༢ བོད་དུ་བསྟན་པ་ཕྱི་དར་སྐབས་ཀྱི་མཁས་པ་དག་གིས་ཚད་མ་དང་ཤེར་ཕྱིན་སོགས་ཀྱི་བསྡུས་པ་མང་དུ་མཛད་ཡོད་ཅིང་། དེ་ལྟ་བུའི་གཞུང་གི་བསྡུས་པ་འབྲི་བའི་སྲོལ་དེ་ལས་ཕྱིས་སུ་གཞུང་གི་ནང་དུ་ས་བཅད་བསྲེས་པ་ཙམ་མ་ཟད་གཞུང་དངོས་ལས་ལོགས་སུ་མུར་འབྲེལ་དུ་བཀོད་པའི་ས་བཅད་རྐྱང་པ་འབྲི་བའི་སྲོལ་བྱུང་། འོན་ཀྱང་རྒྱ་གར་གྱི་ལུགས་ལ་གཞུང་གི་བསྡུས་པ་བརྩམས་པ་ཡོད་ཀྱང་བོད་ལྟར་ས་བཅད་ཟུར་དུ་བརྩམས་པ་ཡང་བོད་འགྱུར་ནང་དུ་མི་སྣང་།
༣ ཁྱབ་ཆེ་ཆུང་གི་སྒོ་ནས་ཀྱང་རྒྱ་གར་མའི་གཞུང་དུ་ས་བཅད་ཀྱི་དོད་ཐུབ་ལྟ་བུ་ཅན་ཉུང་ངུ་ལས་མི་སྣང་ལ་བོད་དུ་ནང་ཆོས་ཀྱི་གཞུང་ལུགས་ཙམ་མ་ཟད། ལོ་རྒྱུས་དང་། སྙན་ངག །བརྡ་སྤྲོད་སོགས་ཕྱིས་ཀྱི་གཞུང་ལུགས་ཀྱི་བསྟན་བཅོས་ཕལ་མོ་ཆེ་ས་བཅད་ཀྱི་སྒོ་ནས་བཤད་ཡོད།
༤ཡང་རྒྱ་གར་མའི་གཞུང་དུ་བོད་གཞུང་ལྟར་གཞུང་དོན་ཡོངས་རྫོགས་ས་བཅད་འགའི་ནང་བསྡུས། དེ་ནས་གཅིག་ལས་གཅིག་འཕྲོས་ཏེ་ས་བཅད་དུ་མར་ཕྱེ་ཞིང་། དེ་དག་ཡར་རིམ་གྱིས་དེད་ན་མགོའི་ས་བཅད་འགའ་ལ་ཐུག་པ་ཞིག་སྟེ། མདོར་ན་གཞུང་ཡོངས་རྫོགས་ཀྱི་ས་བཅད་མུར་འབྲེལ་གྱིས་ཞིབ་མོར་བཀྲམ་པ་དེ་འདྲ་ཡང་མ་མཐོང་། བོད་ཀྱི་གཞུང་ལུགས་དག་ཏུ་ས་བཅད་གསུམ་བཞི་རེའི་ནང་དུ་གཞུང་དེའི་མགོ་མཇུག་ཚང་མའི་དོན་འདུས་པར་བྱས་ཏེ། དེ་ནས་དེ་དག་ལས་སྤྱི་དོན་ཆེ་བ་རྣམས་རྩ་བའི་ས་བཅད་དང་དེའི་ཡན་ལག་རྣམས་ཡན་ལག་གི་ས་བཅད་དུ་བྱས་ཏེ་གཞུང་ཧྲིལ་པོ་ས་བཅད་མུར་འབྲེལ་གྱིས་ཁྱབ་པར་བྱས་ཡོད།
༥ ས་པཎ་གྱི《མཁས་མཇུག》ཏུ་གསུངས་པ་ལྟ་བུ་ས་བཅད་ཇི་ལྟར་འབྲི་བའི་གཞུང་ལུགས་ཀྱང་བོད་དུ་བྱུང་བ་ཡིན་གྱི་རྒྱ་གར་མའི་གཞུང་བོད་འགྱུར་དག་ཏུ་མི་སྣང་།
༦ ཕྱིས་ཀྱི་དགེ་ལུགས་པའི་དགོན་སྡེ་ཁག་ཏུ《རྣམ་འགྲེལ》ལྟ་བུར་མཚོན་ན་དེའི་ས་བཅད་ནི་ངེས་པར་སློབ་གཉེར་བ་དག་གིས་བློ་ལ་འཛིན་དགོས་ཤིང་། ས་བཅད་དེ་རྩ་ཚིག་གང་ནས་གང་གི་བར་གྱིས་བསྟན་པ་སོགས་བློ་ལ་ཆུ་རྒྱུག་པ་བཞིན་བྱང་བ་ཞིག་དགོས། དེ་ནས་དགུན་ཆོས་སོགས་ཀྱི་སྐབས་རྩོད་གྲྭར་རྟགས་བསལ་བས་དམ་བཅའ་བ་ལ་གང་ནས་རྩོད་དགོས་པ་དེའི་ཐད་ཀྱི་གཞུང་དུམ་བུ་ཞིག་ནས་མགོ་བཙུགས་ཏེ་ས་བཅད་རྣམས་ལུགས་ལྡོག་གིས་རེ་རེ་བཞིན་གཞུང་གི་མགོའི་བར་འགྲེམ་བཅུག། དེ་ནས་ཡང་སྔར་གྱི་རྩོད་གཞུང་གི་བར་དུ་ལུགས་འབྱུང་གིས་རྩ་བ་དང་སྦྲགས་ནས་འགྲེམ་བཅུག་སྟེ། དེ་རྗེས་གཞི་ནས་རྩོད་པ་དངོས་གཞིའི་མགོ་འཛུགས་ཀྱིན་ཡོད། ལུགས་དེ་དུས་ནམ་ཞིག་བྱུང་མིན་བཤད་དཀའ་ཡང་ད་ལྟའི་རྩོད་གྲྭ་དག་ཏུ་ཡོངས་གྲགས་ལྟ་བུར་གྱུར་ཡོད་པ་ཡིན། རྒྱ་གར་མ་ལ་གཞུང་རྩོད་པའི་སྐབས་སུ་དེ་ལྟ་བུའི་ལུགས་སྲོལ་ཡོད་མི་སྲིད།
དེ་དག་ནི་བོད་ཡིག་ཐོག་བཞུགས་པའི་རྒྱ་བོད་ཀྱི་བསྟན་བཅོས་དག་གཞིར་བཟུང་ཁོ་བོས་ཇི་ཙམ་མཐོང་བ་དག་སྡོམ་དུ་བྱས་པ་ཡིན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི《མཁས་པ་རྣམས་འཇུག་པའི་སྒོ་ཡི་རྣམ་པར་བཤད་པ་རིག་གནས་གསལ་བྱེད་འཕྲུལ་གྱི་མེ་ལོང》ཞེས་པའི་ནང་དུ། “བསྡུས་དོན་འདི་དག་ཀྱང་འཕགས་ཡུལ་གྱི་འགྲེལ་པ་རྣམས་སུ་གཞུང་གི་ཐོག་མར་བརྗོད་བྱ་རགས་རིམ་རྣམས་བསྡུས་ཏེ་བཀོད་པ་ཙམ་ལས། གཞུང་གི་ཚིག་དོན་འཆད་པའི་སྐབས་སུ་བོད་ཀྱི་ལུགས་ལྟར་ས་བཅད་ཞིབ་ཏུ་སྤེལ་ཞིང་བཤད་པ་ནི་མེད་ལ། བོད་ཀྱི་ལུགས་ལ་བྱུང་བ་ནི་གཞུང་གོ་བ་ལ་ལེགས་འདུག་ཅེས་ཇོ་བོ་རྗེ་གསུང་ངོ་ཞེས་བཀའ་གདམས་ཀྱི་ལམ་རིམ་འགའ་ཞིག་ལས་བྱུང་ངོ་། །”[6]ཞེས་ས་བཅད་ཞིབ་མོར་བཀྲམ་པ་དེ་བོད་ལུགས་ཡིན་པ་དང་ །དེ་ཡང་ཇོ་བོ་རྗེ་ཆུ་རྟ་(1042)་ལོ་བོད་དུ་ཕེབས་པའི་སྐུ་དུས་ཙམ་ན་དར་ཟིན་པའི་སྐོར་གསུངས། །
ཨ་ལག་ཤ་ངག་དབང་བསྟན་དར་གྱི《འཆད་རྩོད་རྩོམ་གསུམ་གྱི་རྣམ་བཞག་ལེགས་བཤད་ཉིན་བྱེད་སྣང་བ》ཞེས་པ་རུ། “སྤྱིར་བོད་ཀྱི་ས་བཅད་ལུགས་དང་པོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་བ་ལྟ་བུ་སོགས། ལས་དང་པོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་པར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་དགོས་པ་དེ་དག་བསྟན་བཅོས་ཀྱི་མགོར་སྡེབས་གཅིག་ཏུ་བཀྲམ་ནས། བཤད་པ་དངོས་གཞིའི་སྐབས་སུ་དེ་དག་གོ་རིམ་མ་འཁྲུགས་པར་བཤད་པ་ལྟ་བུར་བྱས་ན་ཡང་མི་རུང་བ་མེད་ཅིང་།”[7]ཞེས་རྒྱ་ནག་གི་ལུགས་དང་བོད་ལུགས་ཀྱི་ས་བཅད་ཀྱི་ཁྱད་པར་གསུངས་ཏེ། ཁོ་བོས་རྒྱའི་ཡི་གེ་མི་ཤེས་པའི་དབང་གིས་ད་ལྟ་བཞུགས་པའི་རྒྱའི་བཀའ་བསྟན་དག་ཏུ་ཇི་ལྟར་ཡོད་མེད་མ་ཤེས་ལ། སྔོན་དུས་བོད་འགྱུར་ནང་དུ་ཝེན་ཚེགས་ཀྱི《དགོངས་འགྲེལ་གྱི་འགྲེལ་པ》སོགས་སུ་ཕྱིས་ཀྱི་བོད་ལུགས་ལྟར་ས་བཅད་མུར་འབྲེལ་གྱིས་ཞིབ་མོར་བྲིས་པ་ནི་མི་སྣང་།
གསུམ་པ། ས་བཅད་ཀྱི་གཞུང་ལུགས།
བོད་དུ་ས་བཅད་ཀྱི་གཞུང་ལུགས་ཏེ་ས་བཅད་ཇི་ལྟར་འབྲི་བའི་ཚུལ་དང་དེའི་དགེ་སྐྱོན་གྱི་སྐོར་བཤད་པ་ནི་དུས་རབས་བཅུ་གསུམ་པའི་ནང་ཙམ་ལ་བརྩམས་པའི་ས་སྐྱ་པཎ་ཆེན་(1182-1251)གྱི《མཁས་པ་རྣམས་འཇུག་པའི་སྒོ》ཡི་ནང་དུ་གསུངས་པ་ཉིད་རྒྱས་ཤོས་སུ་སྣང་སྟེ། དེ་ཉིད་ལས། “ བསྡུས་པའི་དོན་ལ་རྣམ་པར་གཉིས། །ངག་དོན་བསྡུས་ཏེ་བསྟན་པ་དང་། །གཞུང་དོན་སོ་སོའི་བསྡུས་དོན་ནོ། །”ཞེས་པ་ནས། “དེ་ལྟ་བུའི་ས་གཅོད་འགའ་ཞིག་དོན་ཡང་འཆུག་ནུས་དོན་མ་འཆུགས་ཀྱང་སློབ་དཔོན་གྱིས་བརྗོད་དཀའ། སློབ་མས་གཟུང་དཀའ་བའི་ཕྱིར་ཁོ་བོས་བཏང་སྙོམས་སུ་བཞག་གོ །དེས་ན་རང་གིས་བརྗོད་བདེ། གཞན་གྱིས་རྟོགས་སླ། གཉིས་ཀར་རྣར་སྙན་པ་ཅིག་ཤེས་ན་མཁས་པ་ཡིན་ནོ། །”[8]ཞེས་པའི་བར་གྱིས་བསྟན་ཡོད། དེའི་ནང་དུ་ངག་དོན་གྱི་བསྡུས་དོན་དང་གཞུང་དོན་སོ་སོའི་བསྡུས་དོན་གཉིས་གསུངས་པའི་སྔ་མ་ནི་ལུས་མདོར་བསྟན་གྱི་གཞུང་ཡིན་ཞིང་ཕྱི་མ་ནི་གཞུང་དངོས་ཀྱི་དོན་སོ་སོའི་བསྡུས་དོན་ཏེ་ས་བཅད་ལ་བྱ་བ་ཡིན།
བོད་དུ་ས་བཅད་ལ་རྒྱས་བསྡུས་སྣ་ཚོགས་ཤིག་སྣང་ལ། ལ་ལས་གཞུང་དོན་ཡོངས་རྫོགས་ལ་ས་བཅད་བཀྲམ་ཡོད་ཀྱང་། བསྡུས་ཙམ་ཞིག་ལས་མེད་ཅིང་ལ་ལས་ཤིན་ཏུ་རྒྱས་པར་བྲིས་པ་རྒྱལ་ཚབ་ཆོས་རྗེའི《རྣམ་ངེས་ཊཱིཀ་ཆེན》ལྟ་བུ་སྟེ། འདི་ལ་བསྟན་དར་ལྷ་རམས་པས《འཆད་རྩོད་རྩོམ་གསུམ་གྱི་རྣམ་བཞག་ལེགས་བཤད་ཉིན་བྱེད་སྣང་བ》ཞེས་པ་རུ་ས་བཅད་མང་དྲགས་པའི་སྐྱོན་བརྗོད་མཛད། ས་བཅད་འབྲི་བ་དེ་ལས་སླ་མོ་ཞིག་མིན་པར་གཞུང་དེའི་དོན་གྱི་ལུས་ཡོངས་རྫོགས་བློ་ཡུལ་དུ་ཆུད་པ་གཞིར་བྱས་པའི་ཐོག་གཞུང་གི་སྤྱི་དོན་དང་ཡན་ལག་གི་དོན་གྱི་ཁྱད་པར་དང་དེ་དག་གི་ས་མཚམས་མ་འདྲེས་པར་འབྱེད་ཐུབ་པ་དགོས། དེ་ནས་ས་བཅད་ཀྱི་ཚིག་ཀྱང་མང་ཉུང་འཚམས་ཤིང་། ས་བཅད་རེ་རེའི་ནང་དུ་འདུས་པའི་གཞུང་ཚན་དེའི་བརྗོད་དོན་གྱི་སྤྱི་ཁོག་དེ་ཚིག་ཉུང་ཞིང་གོ་སླ་ལ་བློ་ལ་འཛིན་བདེ་བ་ཞིག་གིས་བརྗོད་ཐུབ་པ་དགོས་པས་དེ་ནི་གཞུང་དེའི་ཚིག་དོན་གཉིས་ཀ་ལ་རྒྱུས་ཞིབ་མོ་ཡོད་ཅིང་ཚིག་གི་སྦྱོར་ཚུལ་ལ་མཁས་པ་ཞིག་གི་བྱ་བ་ལས་གང་རུང་རུང་གིས་འཇོན་པ་ཞིག་མིན། ས་བཅད་འབྲི་བའི་དགོས་པ་ཡང་གཞུང་ཆེན་མོ་དག་གི་སྤྱི་ཡི་དོན་དང་ཡན་ལག་གི་དོན་དང་དེ་དག་གི་ས་མཚམས་རྣམས་མ་འདྲེས་པར་ཤེས་པའི་ཆེད་དང་། གཞུང་ཧྲིལ་པོ་བློ་ལ་མ་ཟིན་ཀྱང་ས་བཅད་ཙམ་བཟུང་བས་གཞུང་ཧྲིལ་པོའི་དོན་དེ་སྡོམ་ལྟ་བུ་ཞིག་གི་ཐོག་ནས་ངེས་སླ་ཞིང་མི་བརྗེད་པ་དང་། རྩོད་པའི་ཚེ་ས་བཅད་ཙམ་སྐྱོར་བས་རྒོལ་སྔ་ཕྱི་གཉིས་ཀྱིས་གཞུང་གི་དོན་མཚམས་དང་སྤྱི་ཁོག་ཆེ་ཆུང་རྣམས་བདེ་བླག་ཏུ་ར་འཕྲོད་པ་དང་སྒོམ་པའི་ཚེ་ས་བཅད་ཀྱི་སྟེང་ནས་སྒོམ་པས་གོ་རིམ་མི་འཆོལ་བ་སོགས་ཀྱི་ཆེད་དུ་ཡིན་པར་སྣང་ངོ་། །
དེ་ཡང་ས་བཅད་དེ་གང་གི་ཡིན་པའི་གཞུང་ཚན་རེའི་བརྗོད་བྱའི་དོན་གྱི་སྙིང་པོ་རྡོག་རྡོག་ས་བཅད་ཀྱི་ནང་དུ་ཐོན་ཡོད་པ་དང་། དོན་ཆེ་ཆུང་ངམ་སྤྱི་དང་ཡན་ལག་གི་དོན་རྣམས་ཕན་ཚུན་མ་འདྲེས་ཤིང་། ས་མཚམས་བཅད་པའང་མ་འཆུགས་པ་དང་། ས་བཅད་ཀྱི་ཚིག་དེའང་རྒྱས་བསྡུས་འཚམས་ཤིང་། བློ་ལ་འཛིན་བདེ་ལ་གོ་སླ་བ་ཞིག་ཡིན་ཚེ་ས་བཅད་དེ་ཉིད་ལེགས་པོ་ཞིག་ཏུ་སྣང་ཞིང་། དེ་ལྟ་བུའི་ས་བཅད་ཙམ་ཞིག་བློ་ལ་ངེས་པས་ཀྱང་ཉལ་སའི་ནང་ནས་ས་ཁྲ་ལ་བལྟས་ཏེ་འཛམ་གླིང་གི་ཆགས་དབྱིབས་རགས་རིམ་ཞིག་ཤེས་པ་བཞིན་ས་བཅད་ཙམ་ལ་བལྟས་པས་ཀྱང་གཞུང་དོན་ཧྲིལ་པོའི་སྤྱི་ཁོག་ཙམ་བློ་ལ་འཆར་བར་འགྱུར་ཞིང་། ས་བཅད་ཙམ་བློ་ལ་བཟུང་བས་གཞུང་ཧྲིལ་པོའི་དོན་བློ་ལ་ངེས་ཤིང་མི་བརྗེད་པར་འགྱུར་བ་ཡིན་ནོ། །ས་བཅད་དེ་ཉིད་བློ་ལ་བཟུང་སྟེ་དེའི་སྟེང་ནས་བསམ་པ་དང་སྒོམ་པ་བྱས་ན་དེས་གཞུང་དུ་བྱུང་བ་ལྟར་ལམ་བསམ་པ་དང་སྒོམ་པའི་གོ་རིམ་རྣམས་ཆད་ལྷག་འཁྲུགས་གསུམ་མེད་པ་ཡོང་བ་ཡིན་ཏེ། སྔོན་གྱི་ལམ་རིམ་པ་དག་གིས་ཀྱང་གཞུང་གི་ས་བཅད་བློ་ལ་བཟུང་སྟེ་དེའི་སྟེང་ནས་བཤར་སྒོམ་བྱེད་ཀྱིན་པ་ལྟར་ཡིན། ས་བཅད་ལ་ལར་གཞུང་ཚན་དེའི་དོན་གྱི་ཆ་ཤས་ཙམ་ལས་སྤྱི་ཁོག་རྡོག་རྡོག་དེ་སླེབས་མེད་པར་སྣང་ཞིང་། ལ་ལ་བརྗོད་དོན་ཆེ་བ་དང་ཆུང་བ་དང་། གཙོ་བོ་དང་ཕལ་བ་དག་གི་ཁྱད་པར་འདྲེས་ཤིང་། གཞུང་གི་ས་མཚམས་བཅད་པ་འཆུགས་པ་དང་། ཚིག་མང་དྲགས་ཏེ་སྐྱོར་མི་བདེ་ཞིང་བློ་ལ་འཛིན་མི་བདེ་བ། ཉུང་དྲགས་ཏེ་བརྗོད་དོན་གོ་དཀའ་བ་སོགས་ཀྱི་སྐྱོན་དང་བཅས་པ་ཡིན་ཏེ། ས་པཎ་གྱི《མཁས་པ་རྣམས་འཇུག་པའི་སྒོ》ཡི་ནང་དུ་ཅུང་རྒྱས་པར་གསུངས་པ་ལྟར་རོ། །
བཞི་བ། ས་བཅད་བཀྲམ་པའི་གཞུང་ལུགས་ཀྱི་འཕེལ་རིམ།
བོད་ཀྱི་ས་བཅད་ཀྱི་རྨང་ཙམ་ནི་གོང་ཞུས་ལྟར《རྣལ་འབྱོར་སྤྱོད་པའི་ས》ལྟ་བུའི་གཞུང་དག་ཡིན་སྲིད་ཅིང་། ས་བཅད་ཀྱི་ཐོག་མའི་རྣམ་པ་ནི་གཞུང་དོན་སོ་སོའི་བསྡུས་དོན་[9]ཡིན་ལ། ཕྱིས་སུ་གཞུང་དེ་དང་དེའི་ས་བཅད་ཀྱི་བསྟན་བཅོས་ལོགས་སུ་བྲིས་པ་དག་ཀྱང་སྔོན་གྱི་གཞུང་གི་བསྡུས་པ་དག་ལས་འཕེལ་རྒྱས་བྱུང་བ་ཡིན། དེ་ཡང་བོད་གཞུང་ནང་ས་བཅད་ཀྱི་རྣམ་པ་མངོན་པའི་ཐོག་མའི་གཞུང་ནི《འཕགས་པ་དགོངས་པར་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》ཞེས་པ《སྡེ་བསྟན》སྣ་ཚོགས་པོད་རྟགས་(ཆོ )་ཅན་པོ་ཏི་ཧྲིལ་པོ་དང་། པོད་རྟགས་< ཇོ >་ཅན་གྱི་སྟོད་བཅས་སུ་བཞུགས་པ་དེ་ཡིན། འདིའི་མཛད་པ་པོ་ཀླུའི་རྒྱལ་མཚན་ཡིན་པའི་སྐོར《དཀར་ཆག་ལྡན་དཀར་མའི》ནང་དུ་འཁོད་ཅིང་།《བུ་སྟོན་ཆོས་འབྱུང》དང་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི《སྡེ་བསྟན་དཀར་ཆག》ཏུ་ཡང་གསུངས། འདིའི་ནང་གི་ལེའུ་བཅུ་བ་འཇམ་དཔལ་གྱི་ལེའུའི་འགྲེལ་པའི་ནང་གི་རིགས་པ་བཞི་ལས་འཐད་པའི་རིགས་པ་འཆད་པའི་སྐབས་སུ《བཀའ་ཡང་དག་པའི་ཚད་མ་མདོར་བཏུས་པ》ལ་ཞལ་འཕངས་མཛད་པ་ལས་བོད་ཀྱི་མཁས་པ་ཞིག་གིས་མཛད་པ་ངེས་ཤིང་། བསྟན་པ་སྔ་དར་གྱི་སྐབས་སུ་མཛད་པ་ཞིག་ཡིན་པའང《དཀར་ཆག་ལྡན་དཀར་མ》རུ་འཁོད་པ་ལས་ཤེས་སོ། །
《དགོངས་འགྲེལ་གྱི་བཤད་པ》དེ་ཉིད་ལས། “འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་འདི་ནི་མདོར་བསྡུ་ན་དོན་རྣམ་པ་ལྔས་བསྟན་ཏེ། བསྡུས་པའི་དོན་དང༌། དགོས་པ་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང༌། བརྒལ་བའི་དོན་ཏོ། །”[10]ཞེས་སོགས་ཀྱིས་དོན་དམ་བཤད་པ་དང་ཀུན་རྫོབ་བཤད་པ་གཉིས་སུ་ཕྱེ་ཞིང་། དེའི་དང་པོ་ལ་ལྔ་དང་། གཉིས་པ་ལ་དྲུག་ཏུ་ཕྱེ་བ་དང་། དོན་དམ་མཚན་ཉིད་ལྔའི་ནང་གི་མཚན་ཉིད་དང་པོ་གཉིས་བཤད་པ་ལ་ཡང་། མཚན་ཉིད་གཉིས་ཀྱིས་ལུས་རྣམ་པར་གཞག་པ་དང༌། དེ་གཉིས་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་དང༌། དེ་རྣམ་པར་གཏན་ལ་དབབ་པའི་དཔེའི་དངོས་པོ་རྣམ་པར་གཞག་པ་དང༌། དེ་དག་གི་དངོས་པོ་བསྡུ་ན་རྣམ་པར་གཞག་པ་བཅས་བཞིར་ཕྱེ་བ་སོགས་གཅིག་ལས་གཅིག་འཕྲོས་ཀྱིས་བྲིས་ཏེ་བོད་ཀྱི་ས་བཅད་ཀྱི་ཐོག་མའི་རྣམ་པ་ཙམ་མངོན་ཡོད། འོན་ཀྱང《རྣལ་འབྱོར་སྤྱོད་པའི་ས》སོགས་དང་ཕྱོགས་འདྲ་ཞིག་ལས་ཕྱིས་ཀྱི་བསྟན་བཅོས་ལྟར་ས་བཅད་ཞིབ་མོ་དང་ས་བཅད་དང་གཞུང་གི་རྐྱ་གསལ་པོར་ཕྱེ་པ་མི་སྣང་། གཞན་བསྟན་པ་སྔ་དར་སྐབས་ཀྱི《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》དང་། ཡེ་ཤེས་སྡེའི《ལྟ་བའི་ཁྱད་པར》སོགས་སུ་ས་བཅད་བྲིས་མེད། བསྟན་པ་ཕྱི་དར་གྱི་དུས་ལོ་ཆེན་རིན་ཆེན་བཟང་པོས་མཛད་པའི《རྒྱུད་སྡེ་སྤྱི་ཡི་རྣམ་པར་གཞག་པ་འཐད་ལྡན་ལུང་གི་རྒྱན་གྱིས་སྤྲས་པ》ཞེས་པའི་ནང་དུ། “ཁྱད་པར་དུ་འཕགས་པ་གསང་སྔགས་རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ། འཐད་ལྡན་ལུང་གི་རྒྱན་གྱིས་སྤྲས་པ་ཞེས་བྱ་བ་འདི་ལ་དོན་གཉིས་ཏེ། གང་ལས་ཁྱད་པར་དུ་འཕགས་པ་གསངས་སྔགས་ཀྱི་ཆེ་བ་དང་། གང་ཞིག་ཁྱད་པར་དུ་འཕགས་པ་རྒྱུད་ཀྱི་དགོངས་པའོ། །དང་པོ་ལ་གཉིས་ཏེ། ཡ་མཚན་ཁྱད་པར་འཕགས་ཚུལ་དང་། ཟབ་མོའི་ཐེག་པར་ངེས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཕྱི་བ་བས་ནང་པ་ཁྱད་པར་དུ་འཕགས་ལ། ནང་པའི་ཡང་ཐེག་པ་ཆུང་བས་ཐེག་ཆེན་ཁྱད་པར་དུ་འཕགས་ཤིང་། ཐེག་ཆེན་གཞན་པས་ཀྱང་གསང་སྔགས་ཁྱད་པར་དུ་འཕགས་པའོ། །[11]ཞེས་དང་། ད་ནི་དོན་གཉིས་པ། གངཞིག་ཁྱད་པར་དུ་འཕགས་པ་རྒྱུད་ཀྱི་དགོངས་པ་ལ་བཞི་སྟེ། རྒྱུད་ཀྱི་ངོ་བོ་དང་། རྒྱུད་ཀྱི་ངེས་ཚིག་དང་། རྣམ་པར་དབྱེ་བ་དང་། རྒྱུད་ཀྱི་དབྱེ་གསང་དག་པར་བཤད་པའོ། །”[12]ཞེས་བོད་ལུགས་ཀྱི་ས་བཅད་བཀྲམ་པའི་སྲོལ་གསལ་པོར་མངོན་ཡོད། གཞན་འབྲས་སྤུངས་གནས་བཅུའི་ལྷ་ཁང་གི་ཕྱི་ར་86རྟགས་ཅན་གྱི་དཔེ་རྙིང་སྣེ་རིང་དབུ་མེད་བྲིས་མ་ཤོག་ལྡེབ་45ཡོད་པའི《ཕུང་པོ་ལྔའི་འགྲེལ་བཤད》ཚད་མ་རྙིང་པའི་མཁས་པ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཛད་དམ་སྙམ་པའི་ནང་དུ་ས་བཅད་བཀྲམ་ཡོད་ཅིང་། གཞུང་གི་འཆད་ཐབས་བཤད་སྐབས་སུ་“དཀྱུས་ཀྱི་ས་བཅད་པ”་ཞེས་ཀྱང་བྱུང་།
འོན་ཀྱང་སྐབས་དེའི་གཞུང་གཞན་དག་ལ་ས་བཅད་ཡོད་མེད་ཅི་རིགས་སུ་སྣང་བ་མ་ཟད་ཕྱིས་ཀྱི་ས་བཅད་ལྟར་ཞིབ་ཚགས་པོ་ཡང་མིན། དུས་རབས་བཅུ་གཅིག་པའི་སྨད་བརྩམས་པའི་རྔོག་ལོའི《རྣམ་ངེས་ཊཱིཀ་ཀ》ལས། “གང་ལ་འཕགས་པ་ཉིད་བྱོན་པས་ནི་བསྟན་ཆོས་བརྩམ་པའི་རྒྱུ་བསྟན་ཏེ།དེ་ཡང་གསུམ་སྟེ།འབྲས་བུ་དང་།སྤྱིའི་དོན་དང་།ཚིག་གི་དོན་ནོ།།”[13]ཞེས་དང་། “།དེ་ལྟར་ཁྱད་པར་དང་བཅས་པ་དང་ཁྱད་པར་དང་བྲལ་བའི་དགོས་པ་བརྗོད་ནས།ཚད་མ་སྤྱིའི་རྣམ་གཞག་འཆད་དོ།།དེ་ཡང་སློབ་དཔོན་ཆོས་མཆོག་ལྟར་ན།རྣམ་པ་གསུམ་སྟེ།དབྱེ་བ་དང་།སྤྱིའི་མཚན་ཉིད་དང་།དབྱེ་བ་ངེས་པ་བསྒྲུབ་པའོ།།དང་པོ་ནི།ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ།མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་བྱ་བའོ་ཞེས་བྱ་བ་འདི་ཡིན་ནོ།།འདི་ཡང་རྣམ་པ་བཞིས་གཏན་ལ་དབབ་སྟེ།དབྱེ་བའི་དབང་དུ་བྱ་བའི་གཞི་དང་།དབྱེ་བའི་དོན་དང་།དབྱེ་བའི་དགོས་པ་དང་།མིང་གི་དོན་ཏོ།།དང་པོ་སློབ་དཔོན་ཆོས་མཆོག་ན་རེ།”[14]ཞེས་གཞུང་ཚན་རེ་རེའི་ནང་དུ་ས་བཅད་བཀྲམ་པ་གསལ་པོར་བྱུང་ཞིང་ཁོང་གི་གཞུང་གཞན་དུའང་ས་བཅད་བཀྲམ་ཡོད། འོན་ཀྱང་ཕྱིས་ཀྱི་བསྟན་བཅོས་ལྟར་བསྟན་བཅོས་དེའི་གཞུང་དོན་ཆ་ཚང་ས་བཅད་འགའི་ནང་དུ་བསྡུས་ཏེ་དེ་ལས་ལྷག་མའི་ས་བཅད་རྣམས་འཕྲོས་ནས་ཞིབ་ཏུ་བཀོད་པའི་ལུགས་དེ་ལྟ་བུ་མི་སྣང་།
དེ་ནས་ཆ་བ་ཆོས་ཀྱི་སེང་གེའི《ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ》གྱི་ནང་དུ་གཞུང་དངོས་ལས་ལོགས་སུ་ས་བཅད་བཀོད་ཅིང་། དེ་ཡང་མུར་འབྲེལ་གྱིས་འགོད་པ་མཛད། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང》དུ་ཡང་གཞུང་དངོས་དང་རྐྱ་སོ་སོར་ཕྱེ་བའི་ས་བཅད་གསལ་བར་བཀོད་ཡོད་པས་སྐབས་དེ་ཤེད་དུ་ས་བཅད་འབྲི་བའི་སྲོལ་དེ་ཡོངས་གྲགས་ལྟ་བུར་དང་། དེ་ཡང་སྔ་མ་ལས་ཀྱང་ས་བཅད་ཀྱི་འགྲོས་གསལ་བར་གྱུར་ཏེ་ཆ་ཡོངས་སུ་ཚང་བར་གྱུར་ཡོད་པར་ཤེས་ཐུབ་བོ། །གཉགས་ཀྱིས་མཛད་པ་འཁོད་ཅིང་། གཉགས་སུས་མཛད་མིན་མི་གསལ་བའི《ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ》ཞེས་པ་ཅུང་སྔ་མོར་བྲིས་སམ་སྙམ་པ་དེའི་ནང་དུ་ཕྱིས་ཀྱི་ས་བཅད་ཀྱི་འགྲོས་གསལ་བར་མཐོང་སྟེ། དཔེར་ན། གཞུང་ལེའུ་གསུམ་ཡོད་པ་རྣམས་ཀྱི་དོན་གཞལ་བྱའམ་ཤེས་བྱའི་གནས་ལུགས་བསྟན་པ་དང་། དེ་ཡུལ་དུ་བྱེད་པའི་བློ་སྤྱིར་བསྟན་པ་དང་། སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མའི་བློ་བྱེ་བྲག་ཏུ་བསྟན་པ་གསུམ་གྱི་ནང་དུ་བསྡུས་ཤིང་། དེ་ལས་འཕྲོས་ནས་ཡན་ལག་དང་དེའི་ཡན་ལག་གི་ས་བཅད་རྣམས་གཅིག་ལས་གཅིག་འཕྲོས་ཀྱིས་གཞུང་ཧྲིལ་པོའི་ས་བཅད་མུར་འབྲེལ་གྱིས་བརྩམས་མཛད་ཡོད་ཅིང་། དཔེར་ན་དེ་ཉིད་ཀྱི་ལེའུ་གཉིས་པའི་མགོར་གོང་གི་ས་བཅད་གསུམ་གྱི་གསུམ་པ་བཤད་པ་ལས། “སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མའི་བློ་བསྟན་པ་༢་ཏེ། རང་གིས་གཞལ་བྱ་ངེས་པའི་ཐབས་དང་། གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་སོ། །དང་པོ་ལ་༣་སྟེ་གཞལ་བྱ་མངོན་གྱུར་རྟོགས་པའི་རིགས་པ་མངོན་སུམ་ཚད་མ་དང་། གཞལ་བྱ་ལྐོག་གྱུར་རྟོགས་པའི་རིགས་པ་རང་དོན་རྗེས་དཔག་གི་ཚད་མ་དང་། ཤིན་ཏུ་ལྐོག་གྱུར་རྟོགས་པ་ལུང་དང་མི་འགལ་བའོ། །དེ་ལ་ཤིན་ཏུ་ལྐོག་གྱུར་ནི། སངས་རྒྱས་ལ་ཡེ་ཤེས་ཡོད་མེད་ཅེས་སངས་རྒྱས་ཀྱི་དོགས་པ་དཔྱོད་པ་ལྟ་བུ་སྟེ། ཏོག་གེ་འཐུན་སྣང་གི་རིགས་པའི་གཞལ་བྱ་མ་ཡིན་ནོ། །”[15]ཞེས་གསུངས་པ་ལ་བལྟས་པ་ཙམ་གྱིས་གཞུང་དངོས་དང་ས་བཅད་ཀྱི་རྐྱ་སོ་སོར་ཕྱེ་སྟེ་ཕྱིས་ཀྱི་ས་བཅད་ཀྱི་འགྲོས་ཧ་ཅང་གསལ་བ་ལྟ་བུའོ། །
ལྔ་བ། མཇུག་བསྡུ་བ།
དེ་ལྟར་ས་བཅད་ཀྱི་རྨང་ལྟ་བུ་ཞིག《རྣལ་འབྱོར་སྤྱོད་པའི་ས》སོགས་རྒྱ་གར་གྱི་གཞུང་དུ་བྱུང་ཡང་ས་བཅད་ཞིབ་མོ་དང་། མུར་འབྲེལ་གྱིས་བཀོད་པ། གཞུང་དངོས་དང་རྐྱ་སོ་སོར་ཕྱེ་ནས་བྲིས་པ། གཞུང་གི་འཆད་རྩོད་རྩོམ་གསུམ་ཀུན་ལ་རྒྱ་ཆེར་སྤྱོད་པ་ནི་བོད་ཁོ་ན་ལ་བྱུང་བ་ཡིན། ལྷག་ཏུ་ས་བཅད་ཇི་ལྟར་འབྲི་བའི་གཞུང་ལུགས་ནི་རྒྱ་གར་གྱི་གཞུང་གང་དུ་ཡང་མེད། བོད་དུ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་ཕྱོགས་ཙམ་ཞིག་བྱུང་ལ། ཕྱིས་སུ་རིན་ཆེན་བཟང་པོ་དང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱི་སྐབས་སུ་རིམ་གྱིས་ས་བཅད་ཀྱི་འགྲོས་ཇེ་མངོན་དུ་སོང་ཞིང་། སློབ་དཔོན་ཕྱྭ་བའི་སྐུ་དུས་ཙ་ན་ས་བཅད་མུར་འབྲེལ་གྱིས་ཞིབ་ཚགས་པོར་བཀྲམ་པའི་ལུགས་སྲོལ་དེ་ཆ་ཡོངས་སུ་ཚང་བར་གྱུར། ད་ཡོད་དཔྱད་གཞི་ལྟར་ན་ས་པཎ་གྱི་སྐབས་སུ་ས་བཅད་ཇི་ལྟར་འབྲི་བ། དེའི་ལེགས་ཉེས་ཀྱི་ཚད་གཞི་སོགས་སྟོན་པའི་གཞུང་ལུགས་ཀྱང་བྱུང་། ས་བཅད་བྲིས་པ་ལ་བརྟེན་ནས་གཞུང་གི་སྤྱི་ཁོག་གི་ཆིངས་བློ་ལ་ངེས་བདེ་ཞིང་། དེ་བློ་ལ་བཟུང་བས་གཞུང་དངོས་བློ་ལ་མ་ཟིན་ཡང་དོན་རྣམས་མི་བརྗེད་པ་དང་། འཆད་ཉན་གྱི་སྐབས་སུ་ཚིག་དོན་གྱི་མཚམས་མི་འཁྲུགས་པ། སྒོམ་པའི་སྐབས་སུ་ལམ་གྱི་གོ་རིམ་མི་འཆོལ་བ། རྩོད་པའི་སྐབས་སུ་བརྡ་འཕྲོད་སླ་བ། གཞུང་དོན་སོ་སོའི་བསྡུས་དོན་རྣམས་གནད་ལ་ཁེལ་བ་སྡོམ་དུ་བྱེད་ཐུབ་པ་སོགས་ཀྱིས་བོད་ཀྱི་མཚན་ཉིད་གཞུང་ལུགས་དང་རིག་གནས་འཕེལ་རྒྱས་འགྲོ་བ་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་ཡིན་ནོ། །
མཆན་དང་ལུང་ཁུངས།
[1]ཁ་ཆེའི་ཡེ་ཤེས་དཔལ་བཟང་གིས་མཛད་པའི《ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ》ཞེས་པ་《སྡེ་བསྟན》སེམས་ཙམ་(བི)་བའི་ཤོག་ངོས་366ནས་378བར་བཞུགས་པ་ནི་བོད་ཀྱི་བསྡུས་པ་དག་གི་རྩོམ་སྟངས་ཀྱི་ཐོག་མའི་མ་དཔེ་ལྟ་བུར་སྣང་ཞིང་། ས་བཅད་ཀྱི་འགྲོས་ཀྱང་ཅུང་མངོན་པས་འདིའི་སྦྱར་བྱང་དུ། “མངོན་སུམ་དུ། །དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཉན་ནས། །”ཞེས་འཁོད་པ་ལྟར་ཁྱུང་པོ་ཆོས་བརྩོན་གྱིས་དངོས་སུ་གསན་ནས་དོན་བསྒྱུར་དུ་བྱས་པ་སྣང་ལ། བོད་ཀྱི་བསྡུས་པ་དག་གི་ཐོག་མའི་རྨང་ནི་ཁྱུང་པོ་ཆོས་བརྩོན་སོགས་ཀྱིས་གཏོད་པ་ཡང་འདི་དང་དེས་མཛད་པའི《ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ》ལ་བརྟག་ན་ཤེས་ཐུབ།
[2]《བྲེ་བྲག་ཏུ་རྟོགས་པར་བྱེད་པ།》 《སྡེ་དགེའི་བསྟན་འགྱུར》ཤིང་པར། སྣ་ཚོགས། (ཅོ) ཤ 0060
[3]འཕགས་པ་ཐོགས་མེད། 《རྣལ་འབྱོར་སྤྱོད་པའི་ས།》《སྡེ་དགེའི་བསྟན་འགྱུར》ཤིང་པར། སེམས་ཙམ། སྣ་རིང་དཔར་མ། (ཚི) ཤ 02-03
[4]ཟླ་བ་གྲགས་པ། 《སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ།》 《སྡེ་དགེའི་བསྟན་འགྱུར》ཤིང་པར། རྒྱུད། (ཧ) ཤ 03-04
[5]ཨ་ལག་ཤ་ངག་དབང་བསྟན་དར། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། 《མཁས་དབང་བསྟན་དར་ལྷ་རམས་པའི་གསུང་འབུམ།》པོད་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008ལོའི། ཤ521
[6]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》 པོད། (ང) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ10
[7]གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། 《མཁས་པ་རྣམས་འཇུག་པའི་སྒོ་ཡི་རྣམ་པར་བཤད་པ་རིག་གནས་གསལ་བྱེད་འཕྲུལ་གྱི་མེ་ལོང་།》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་གཉིས་པ། ཤ 283
[8]ཨ་ལག་ཤ་ངག་དབང་བསྟན་དར། 《མཁས་དབང་བསྟན་དར་ལྷ་རམས་པའི་གསུང་འབུམ། 》[G]པོད་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008ལོའི། ཤ535
[9]ས་སྐྱ་པཎ་ཆེན། 《མཁས་པ་རྣམས་འཇུག་པའི་སྒོ།》 [M] མི་རིགས་དཔེ་སྐྲུན་ཁང་། 1981ལོའི་པར་ཐེངས་དང་པོ། ཤ78-81
[10]ཀླུའི་རྒྱལ་མཚན། 《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོའི་རྣམ་པར་བཤད་པ། 》 《སྡེ་དགེའི་བསྟན་འགྱུར》ཤིང་པར། སྣ་ཚོགས། (ཇོ) ཤ 0002-0068
[11]རིན་ཆེན་བཟང་པོ། 《རྒྱུད་སྡེ་སྤྱི་ཡི་རྣམ་པར་གཞག་པ་འཐད་ལྡན་ལུང་གི་རྒྱན་གྱིས་སྤྲས་པ།》 《སྔོན་བྱོན་ས་སྐྱའི་མཁས་པ་རྣམས་ཀྱི་རྒྱུད་འགྲེལ་སྐོར།》 པོད་ཀ་བ། [G]སྣ་རིང་དཔར་མ། ཤ 2ན།
[12]རིན་ཆེན་བཟང་པོ། 《རྒྱུད་སྡེ་སྤྱི་ཡི་རྣམ་པར་གཞག་པ་འཐད་ལྡན་ལུང་གི་རྒྱན་གྱིས་སྤྲས་པ།》 《སྔོན་བྱོན་ས་སྐྱའི་མཁས་པ་རྣམས་ཀྱི་རྒྱུད་འགྲེལ་སྐོར།》 པོད་ཀ་བ། [G]སྣ་རིང་པར་མ། ཤ 9བ།
[13]རྔོག་བློ་ལྡན་ཤེས་རབ། 《ཚད་མ་རྣམ་པར་ངེས་པའི་ཊཱིཀ་ཀ 》 [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་པར་ཐེངས་དང་པོ། ཤ 120
[14]རྔོག་བློ་ལྡན་ཤེས་རབ། 《ཚད་མ་རྣམ་པར་ངེས་པའི་ཊཱིཀ་ཀ》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་པར་ཐེངས་དང་པོ། ཤ 130
[15]གཉགས་ཀྱིས་མཛད། 《ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ། 》《ཀྲུང་གོའི་བོད་རིག་པ།》[J] 2007ལོའི་དེབ་གསུམ་པ། ཤ41
ཡོང་ཁུངས། ཞིང་ཆེན་ནང་བསྟན་སློབ་གྲྭའི་2024་ལོའི་《ནང་རིག་འོད་སྣང་》དེབ་གསུམ་པ།
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆