-----
གངས་ལྗོངས་ཀྱི་ཡབ་ཆེན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་མཛད་རྣམ་བརྗེད་བྱང་།
མགོ་ལོག་འཕྲིན་རྡོར།
ཀུན་གཟིགས་བླ་མའི་མཛད་རྣམ་ཀུན་གསལ་མཐའ།།
བདག་བློའི་བྱེའུ་ཆུང་རྩལ་གྱིས་ཟིན་མིན་ཡང་།།
དད་དུང་རླུང་དང་སྡེབས་ནས་འཕུར་ལྡིང་གིས།།
ཆ་ཤས་ཕྲན་ཙམ་དཔེ་བཀླགས་རེག་ཟིན་དུ།།
ཁ་ཟིན་སྣེ་ཟིན་ཙམ་ཞིག་འགོད་པར་བྱ།།
གཅིག ཁོང་དང་ཁོང་གིས་བླ་མེད་ཀྱི་མཛད་རྗེས་གླེང་དགོས་པའི་རྒྱུ་མཚན།
ཐེངས་འདིར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཉིས་ཀ་ལ་བླ་མེད་ཀྱི་མཛད་རྗེས་བཞག་མྱོང་ཡོད་ཅིང་། ཕྱིར་དྲན་མ་བྱས་ཐབས་མེད་ཀྱི་མི་སྣ་ཞིག་གི་རླབས་ཆེན་གྱི་སྐུ་ཚེའི་བྱུང་རིམ་ལ་ང་ཚོས་མཉམ་དུ་རྒྱུས་ལོན་ཐུང་ཐུང་ཞིག་བྱ།
སྤྱིར་བཏང་ཁྱེད་རང་མགོ་ནག་བོད་པ་ཞིག་ཡིན་བྱིན་དུས་ནམ་ཡང་ཁྱོད་ཀྱི་སེམས་ཁོངས་ན་གནས་དགོས་པའི་རླབས་ཆེན་ཀྱི་མི་སྣ་བགྲང་ལས་འདས་པ་ཞིག་ཡོད་མོད། དེ་དག་ལས་ཆེས་གལ་ཆེ་ཤོས་གཅིག་ནི། གཅིག་དགུ་སོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཡབ་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་བུས་མདོ་སྒར་བའི་དཔོན་ཚང་དུ་སྐུ་འཁྲུངས་ཤིང་། གཅིག་དགུ་གྱ་དགུ་ལོའི་ཟླ་དང་བོའི་ཚེས་ཉེར་བརྒྱད་ཉིན་གདན་ས་བཀྲ་ཤིས་ལྷུན་པོར་སྐུའི་དགོངས་པ་མ་རྫོགས་ཀྱི་བར་དུ། གངས་ལྗོངས་བསྟན་སྲིད་ཀྱི་ཆེད་དུ་ལྷོད་ལྷོད་ཨེན་ཙམ་ཡང་གནང་ཁོམ་མ་བྱུང་བའི་དཔོན་ཕྲུག་མགོན་པོ་ཚེ་བརྟན་ཁོང་ཡིན། ཁོང་ནི་ཕ་ཡུལ་གྱི་དོན་དུ་སྙིང་སྲོག་དྲོན་མོ་ས་ལ་འཕོ་བར་སེར་སྣ་མེད་པའི་གངས་ལྗོངས་ཀྱི་དཔའ་རྒོད་ཞིག་དང་། རིགས་ཞེན་གྱི་ཕྱིར་དུ་དོན་ལྔ་སྣོད་དྲུག་ཆུ་ལ་འཕེན་པར་ཐེ་ཚོམ་མེད་པའི་ཆེས་རླབས་ཆེན་གྱི་བོད་པ་ཞིག་ཡིན་པས། ང་ཚོས་ཁོང་ལྟ་བུའི་མེས་པོ་ནི་མ་གླེང་ཐབས་མེད་ཅིག་མ་ཡིན་ནམ།
ཁྱེད་རང་ཁོག་ན་སྙིང་ཡོད་སྙིང་ལ་དྲོད་ཡོད་མཁན་གྱི་བོད་པ་ཞིག་ཡིན་བྱིན་ཁྱོད་དང་ཁྱོད་ཀྱི་མི་རིགས་འདིའི་ཆེད་དུ། མནར་གཅོད་དང་འཐབ་རྩོབ། དྲགས་ཤུགས་སོགས་ཅི་འདྲ་མྱངས་ན་ཡང་མི་རིགས་འདི་ཕྲག་ཏུ་ཁུར་ནས་མི་རིགས་ཀྱི་གྲལ་དུ་འཇོག་མཁན་གྱིས་སྐྱེས་ཆེན་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཙམ་ཤེས་དགོས། དེ་ནི་ཁྱོད་རང་མགོ་ནག་བོད་པ་ཞིག་ཡིན་བྱིན་མ་ཤེས་ཐབས་མེད་དུ་ཆགས་པའི་ཁྱོད་ཀྱི་ལས་བྱ་ཡིན་ལ། ཁྱོད་རང་ལས་བྱ་དེ་འགྲུབ་མཁན་གྱི་བོད་མི་ཞིག་ཡིན་ཙང་ངས་ཁ་ཚོད་བཅད་ནས་བཤད་ཐུབ་པ་ནི། ཁྱོད་ཀྱང་རང་གི་མི་ཚེ་གང་བོར་བོད་མི་རིགས་ཀྱི་བུ་ཚ་ཕྱི་རབས་པའི་ཁ་རྗེ་དབང་ཐང་ལ་གནོད་པའི་བྱ་བ་སྤུ་ཙམ་ཡང་མི་སྒྲུབ་པའི་དོན་དམ་པའི་བོད་དྲི་བྲོ་བའི་བོད་པ་ཞིག་ཡིན་ངེས་ཅན་ཡིན། དེ་ནི་ཁྱོད་རང་ཁོང་གི་རྣམ་ཐར་ལ་མཇལ་བའི་བྱིན་རླབས་ཡིན་ལ། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱིས་ཁྱོད་ལ་བསྟན་པའི་ནོར་བ་མེད་པའི་ལམ་བཟང་ཡང་ཡིན།
གཉིས། ཀུན་གཟིགས་པཎ་ཆེན་མཆོག་གི་གདུང་རྒྱུད་དང་བྱིས་དུས་ཀྱི་ལོ་རྒྱུས་ཐུང་ངུ།
ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། མདོ་སྨད་བུས་མདོ་ཁུལ་གྱི་མ་རུ་ཞེས་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཏུ་བིས་མདོ་དཔོན་རབས་༢༡པ་ཡབ་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོའི་ཧོར་ཟླ་དང་བོའི་ཚེས་གསུམ་ཉིན་སྐུ་འཁྲུངས་ཤིང་། ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞེས་གསོལ། མགོན་པོ་ཚེ་བརྟན་ཁོང་གི་རིགས་རྒྱུད་ནི་ས་སྐྱའི་འཁོན་རིགས་ལས་མཆེད་པར་གྲགས་ཤིང་། གལ་སྲིད་མགོན་པོ་ཚེ་བརྟན་ཁོང་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བསྐྱངས་མེད་པ་ཡིན་ན། ཁོང་གིས་བིས་མདོ་སྒར་བའི་མཚན་གནས་བཞེས་རྒྱུར་ངེས་ཞེས་ཀྱང་འབྱུང་། མགོན་པོ་ཚེ་བརྟན་ཁོང་སྐུ་འཁྲུངས་ནས་དགུང་ལོ་གཅིག་ཙམ་ནས་བཟུང་སྙུན་མནར་གྱིས་རྒྱུར་རིང་གཟིར་ཞིང་། དགུང་ལོ་གསུམ་པར་སྐུ་འདའ་ལ་ཁད་ཀྱི་སྙུན་གཞི་ལྕི་མོ་ཞིག་ཕོག་སྟེ་སྨན་གཏུགས་ཅི་བྱས་ཀྱང་མ་ཕན་སྟབས། ཨ་ལགས་བླ་ཁོ་རིན་པོ་ཆེར་ལུང་བསྟན་ཞུས་པར། དགོན་པར་བསྐྱལ་ནས་རབ་ཏུ་བྱུང་དགོས་པའི་ལུང་བསྟན་ཕེབས། ཡིན་ནའང་དཔོན་ཚང་ལ་ཤུལ་འཛིན་མེད་པར་བུ་ཁེར་སྐྱེས་དེ་རབ་ཏུ་བྱུང་མ་སྤོབས་ནའང་། ནད་གཞི་གྲོལ་ཐབས་སུ་དགོན་པར་མི་བསྐྱལ་ཀ་མེད་བྱུང་། དེ་ལྟར་དགུང་ལོ་དྲུག་བར་ཚོགས་ཞུགས་མ་གནང་བར་སྐྱ་ཆས་བཞེས་ནས་བིས་མདོ་དགོན་པར་བཞུགས་པས་སྙུན་མནར་ལས་ཡོངས་སུ་གྲོལ། ༡༩༤༤ལོར་ནང་སྒང་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་བརྩད་འཚོལ་ཚན་ཆུང་གིས་འོས་སྤྲུལ་༡༧ལ་སྐུ་གོང་མའི་ཉེར་སྤྱད་ངོས་འཛིན་སོགས་ཀྱི་བརྟག་པ་སྔོན་དུ་སོང་སྟེ། གསེར་གདུང་ཆེན་མོའི་སྐུ་མདུན་དུ་ཟན་བརྟག་བསྒྲིལ་བར་བིས་མདོ་མགོན་པོ་ཚེ་བརྟན་ཕེབས། ༡༩༤༤ལོའི་ཧོར་ཟླ་དང་བོའི་ཚེས་༣ཉིན་ཆུང་སྤྲུལ་རིན་པོ་ཆེ་བིས་མདོ་ནས་སྐུ་འབུམ་ལ་གདན་འདྲེན་ཞུས། ཚེས་༥ཉིན་སྐུ་འབུམ་དུ་ཡོད་པའི་ནང་སྒང་གི་བཀྲ་ཤིས་ཁང་གསར་དུ་ཁྲི་འདོན་གྱི་མཛད་སྒོ་གནང་ཞིང་། ཧོར་ཟླ་བའི་ཚེས་༡༥ཉིན་སྐུ་འབུམ་བྱམས་པ་གླིང་གི་ཚོགས་ཆེན་དུ་ཨ་ལགས་བླ་ཁོ་རིན་པོ་ཆེས་མཁན་པོ་མཛད་དེ་བླ་སྤྲུལ་བཅུའི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་ཕུལ་ཏེ་མཚན་ལ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་ཞེས་གསོལ་ཞིང་། བླ་ཁོ་རིན་པོ་ཆེ་དང་རྒྱ་ཡག་རིན་པོ་ཆེ་གཉིས་ཡོངས་འཛིན་དུ་བསྟེན་ཏེ་དབང་ལུང་ཟབ་ཆོས་ལ་གསན་བཞེས་ཀྱི་དབུ་ཚུགས། ༡༩༥༡ལོའི་ཧོར་ཟླ་བརྒྱད་པའི་ནང་ཆུང་སྲིད་རིན་པོ་ཆེས་སྐུ་འབུམ་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ། ༡༩༥༡ལོའི་ཟླ་༡༢ པའི་ཚེས་༡༩ཉིན་ནས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་ལྷ་ལྡན་དག་པའི་ཞིང་ལ་ཆུབས་ཁ་བསྒྱུར་ནས༡༩༥༢ལོའི་ཟླ༤ཚེས་༢༨ ཉིན་ལྷ་སར་འབྱོར། ཉིན་དེའི་ཕྱི་དྲོ་རྒྱལ་བ་ཡབ་སྲས་ཞལ་འཛོམས་བདེ་སྐྱིད་ཀྱི་ཉི་མ་ཤར། ཆུ་འབྲུག་ལོའི་ཟླ༥བའི་ཚེས་གཅིན་ཉིན་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་བཀོད་དེ་ཁྲི་ཕེབས་ཀྱི་མཛད་སྒོ་གཟབ་རྒྱས་མཛད།
གསུམ། རླབས་ཆེན་གྱི་མཛད་པ་རེག་བསྡུས།
༡༩༥༩ལོའི་ཕྱི་ཟླ་༣པའི་ཚེས་༡༠ཉིན་ལྷ་སར་དུས་ངན་ཟིངས་འཁྲུགས་བྱུང་སྐབས། དགུང་ལོ་༢༡ལ་ཕེབས་པའི་པཎ་ཆེན་མཆོག་རང་གི་གདན་ས་བཀྲ་ཤིས་ལྷུན་པོར་བཞུགས་ཡོད་ཅིང་། སྤྱི་ཟླ་༣པའི་ཚེས་༡༧ཉིན་གྱི་མཚན་མོར་རིན་པོ་ཆེ་མཆོག་ནོར་གླིང་ཕོ་བྲང་ནས་གསང་ཕེབས་གནང་དགོས་བྱུང་ཤིང་། བཙན་པོའི་མཆེ་བར་ཚུད་པའི་བོད་གངས་ཅན་གྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དགུང་ལོ་༢༡ལ་ཕེབས་པའི་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲག་ལ་བབས། ཕྱི་ཟླ་༥ཚེས༡༥ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱ་ཆེའི་ཚོགས་འདུ་ཐེངས་༢༦པ་ཟེར་བ་ཞིག་འཚོགས་པའི་ཐོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས། སྤྱིར་བཏང་ལོ་ན་གཞོན་པའི་ཁོང་ལ་མཚོན་ན་ཆབ་སྲིད་ཀྱི་ལས་དོན་ཐོག་ཕྱག་ལས་གནང་རྒྱུའི་དུས་ཚོད་ལ་མ་རན་པ་ཞིག་ཡིན་མོད། འོན་ཀྱང་། ཁོང་རིན་པོ་ཆེའི་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་ཆེད་དུ་ཉིན་མཚན་ལྟོས་མེད་ཀྱི་ཕྱག་ལས་གནང་། སྐབས་དེ་དག་ཏུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་པེ་ཅིན་ནས་གསན་པའི་དཔོན་རིགས་ཚོའི་གཏམ་སྙན་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་གཉིས་འགལ་བར་སོང་བས། ཐུགས་ཕམ་ཆེན་པོ་གནང་ཤིང་། བོད་ཀྱི་ས་གནས་སོ་སོར་བོད་མིའི་སྐྱིད་སྡུག་ལ་གཟིགས་ཕེབས་སུ་བྱོན་པས། མིའི་བྱ་སྤྱོད་ལས་རིང་དུ་འགལ་བའི་གཉའ་གནོན་དྲགས་སྤྱོད། ཐ་ན་བོད་ཀྱི་སྐྱེས་པའི་རལ་བ་འཇོག་ཚུལ་དང་སྐྱེས་མའི་རྒྱན་ཆ་འདོགས་ལུགས་ཚུན་ཆོད་ལ་མཐུང་ཆུང་དང་ཟུར་ཟ་བྱེད་བཞིན་པའི་གནས་ཚུལ་དེས་ཁོང་གི་ཐུགས་རབ་ཏུ་དཀྲུགས་ཤིང་། དཀའ་རྙོག་འདི་དག་ངེས་པར་སེལ་ཆེད། སྐུ་རྐྱང་དུ་རྒྱལ་ཁབ་ཞིག་གི་ཁ་གཏད་དུ་ལངས་སྟེ་ཡིག་འབྲུ་ཁྲི་བདུན་མ་ཟེར་བའི་སྐབས་དེའི་བོད་མི་རིགས་ཀྱི་གནས་ཚུལ་གསལ་བོར་སྟོན་པའི་སྙན་ཞུ་ཞིག་འགོ་ཁྲིད་ཚོར་ཕུལ་བ་དང་། མི་སྤྱོད་ལས་འགལ་བའི་དྲགས་གནོན་མྱུར་བོར་འཚམས་འཇོག་དགོས་པར་བསྐུལ་མ་གནང་། སྙན་ཞུ་དེ་རྣག་ཐོན་ཁབ་གཙགས་སུ་གྱུར་བས་འགོ་ཁྲིད་ཚོ་ཐུགས་རབ་ཏུ་ཁྲོས་ནས་ཁོང་རིན་པོ་ཆེར་མ་ཉེས་ཁ་གཡོགས་ཀྱི་ངོ་ལོག་པའི་ཉེས་མིང་བཏགས་ནས་ཁ་རྡུངས་དྲག་ཏུ་བཏང་བ་དང་། མི་ལོ་དགུ་དང་ཟླ་བརྒྱད་ལྷག་ལ་མུན་ནག་བཙོན་དུང་དུ་བཅུག་པ་སོགས་བཟང་བཙོན་བརྩིས་ན་མི་ལོ་བཅུ་བཞི་ཡས་མས་ལ་བཙོན་འཇུག་བྱས་པ་འདི་ཡང་ཁོང་སྐུ་སྒེར་གྱི་དོན་དག་ཙམ་མ་ཡིན་པར་མགོ་ནག་བོད་པ་ཚང་གི་བསྟན་སྲིད་རིག་འབྱོར་གྱི་ཆེད་རྐྱང་རྐྱང་ཡིན་པ་ཤེས་རྒྱུ་གལ་ཆེའོ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་སོ་བརྒྱད་དེ་༡༩༧༧ལོའི་སྤྱི་ཟླ་༡༠ཚེས་༡༠ཉིན་མི་ལོ་བཅུ་བཞི་ལྷག་གི་དཀའ་སྡུག་གི་བཙོན་མའི་འཚོ་བ་ལ་རྫོགས་ཚིག་བཀོད་ནས། རང་གི་ཕ་ཡུལ་དང་མི་དམངས་མིག་གི་མཐོང་བའི་རང་དབང་ཐོབ་པ་རེད། ༡༩༧༩ལོའི་ཟླ་༧ཚེས་༢ཉིན། སྐབས་ལྔ་བའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་འཐུས་མིའི་ལྷན་ཁང་གི་ཐེངས་གཉིས་པའི་གྲོས་ཚོགས་ཐོག་སླར་ཡང་ཀུན་གཟིགས་མཆོག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཛིན་གཞོན་པར་བསྐོ་བཞག་བྱས་སྟབས། ཚོགས་འདུ་ཆེ་མ་ཆུང་གསུམ་ལ་ཞུགས་ནས་བོད་པའི་རིག་གཞུང་དང་། ཆོས་ལུགས། ཆ་ལུགས་སོགས་ལ་སླར་གསོ་དགོས་པའི་རེ་བ་བཏོན་པ་དང་། སྐུ་དངོས་སུ་བོད་ཀྱི་ས་གནས་གང་སར་ཕེབས་ནས་དགོན་པ་སླར་གསོ་དང་སློབ་གྲྭ་གསར་འཛུགས་བྱས་ཏེ་རིག་གཞུང་མྱུར་སྐྱོབས་བྱས་པའི་སྐུ་དྲིན་ལ་བརྟེན་ནས་ད་ལྟ་རང་ཅག་གི་མི་རིགས་འདི་ཡང་མི་རིགས་ཀྱི་ཆ་ལུགས་དང་། མི་རིགས་ཀྱི་རིག་གཞུང་ལྡན་པའི་མི་རིགས་ཞིག་ཏུ་གྱུར་བ་ལགས། དེ་ལྟར་སྐུ་ཚེ་གཅིག་གི་དུས་ཚོད་མཐའ་དག་བོད་མིའི་ལས་དོན་ལ་ཕུལ་མཐར། སྤྱི་ལོ་༡༩༨༩ལོའི་ཟླ་༡ཚེས་༢༨ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གདན་ས་བཀྲ་ཤིས་ལྷུན་པོ་རུ་གློ་བུར་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།
བཞི། དམིགས་གསལ་གྱི་ཆེད་ཞུ།
གངས་ལྗོངས་ཀྱི་ཕ་ནོར་རྩ་ཆེན་ཆོས་དང་རིག་གཞུང་གི་མཚོན་པའི་ནོར་བུ་མཐའ་དག་དུས་ངན་ཟིང་འཁྲུག་ཁྲོད་དམར་པོ་སྲོག་གིས་སྲུང་སྟེ། བུ་ཚ་ཕྱི་རབས་པ་འུ་ཅག་ལ་འཕྲོད་མཁན་གྱི་མེས་པོ་ཁོང་གི་རྣམ་ཐར་གྱི་ཆ་ཤས་ཙམ་ཡང་མི་ཤེས་པའི་བློ་དམན་ཕྱི་རབས་པ་རང་ལྟ་བུ་དག་ལ་ཁོང་གི་མཛད་རྣམ་གྱི་རྒྱ་མཚོ་ལས་ཆུ་ཐིགས་ཙམ་འཛུབ་མོ་རི་སྟོན་གྱི་ཚུལ་དུ་སྟོང་ལོ་ཉེར་ལྔ་ལོའི་ལོ་འགོར་ཁོང་གི་འབངས་སུ་གཏོགས་པ་བླ་དྭགས་ཀྱི་མིང་ལ་འཕྲིན་རྡོར་བྱ་བས་ཁོང་རིན་པོ་ཆེ་དགོངས་པ་རྫོངས་ནས་ལོ་ཡི་འཁོར་ལོ་སོ་དྲུག་འགོར་བར་རྗེས་དྲན་གྱི་དོད་དུ་གདན་ས་ཤར་འོད་དགོན་དུ་ཟིན་བྲིས་སུ་བྲིས་པ་བཀྲ་ཤིས་པར་གྱུར་ཅིག་གུ།
འབྲེལ་གནས། TM17697674662
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆