-----
༄༅། །དོན་རྒྱན་སོ་ལྔ་ལས་དགོངས་པ་ཅན་རྒྱན་དུ་འདོད་མིན་ཚུལ་ལ་དཔྱད་པ།
【རྩོམ་པ་པོ། རིག་འཛིན།】
[གནད་བཏུས] རྩོམ་ཡིག་འདིར་སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་སྐབས་སུ་བསྟན་པའི་དོན་རྒྱན་སོ་ལྔ་ལས་དགོངས་པ་ཅན་གྱི་རྒྱན་བྱེ་བྲག་ཏུ་བཀར་ཏེ་དཔྱད་པ་མདོ་ཙམ་ཞིག་བྱས་ཡོད།
[གནད་ཚིག] སློབ་དཔོན་དབྱུག་པ་ཅན། སྙན་ངག་མེ་ལོང་། དོན་རྒྱན། དགོངས་པ་ཅན།
ད་ལྟ་ང་ཚོས་ཐུན་མོང་དུ་སྦྱོང་སྤྱོད་སྤེལ་གསུམ་གནང་དང་གནང་བཞིན་པའི་སྙན་ངག་གི་གཞུང་ལུགས་བོད་འགྲེལ་དུ་གྲགས་པ་དེ་དག་གི་རྩ་བ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་སྒྲོས་ལྟར་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་སྐུ་དུས་མཉམ་པར་བྱུང་བའི་རྒྱ་གར་གྱི་སྙན་ངག་སྨྲ་བའི་དབང་པོ་སྟེ། སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་དབྱུག་པ་ཅན་ཞེས་ཡོངས་སུ་གྲགས་པ་གང་དེས་མཛད་པའི་སྙན་ངག་མེ་ལོང་མ་དེ་ཉིད་ལགས་ཏེ། སྤྱི་ལོའི་དུས་རབས་བཅུ་གསུམ་ཙམ་དུ་ཆོས་རྗེ་ས་པཎ་གྱིས་མཁས་འཇུག་ནང་ཅུང་ཟད་བཀོད་གནང་མཛད་ཡོད་པ་དང་། དེ་རྗེས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་དགོངས་བཞིན་བོད་ཡིག་ལ་ཆ་ཚང་བ་ཞིག་བསྒྱུར་བ་མ་ཟད། ས་བཅད་ཀྱི་ཆིངས་ཙམ་བརྗོད་པ་དབྱངས་ཅན་མགུལ་རྒྱན་ཞེས་བྱ་བ་བརྩམས་པ་དང་། དཔང་ལོ་བློ་གྲོས་བརྟན་པའི་དཔང་ཊིཀྐ་དང་། རིན་སྤུངས་ངག་དབང་འཇིགས་སྐྲག་གི་སྙན་འགྲེལ་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོ། ལྔ་པ་ཆེན་པོའི་སྙན་འགྲེལ་དབྱངས་ཅན་དགྱེས་གླུ་སོགས་ད་ལ་ཐུག་གི་བར་དུ་སྙན་ངག་མེ་ལོང་མ་དེའི་འགྲེལ་པ་དང་། དཔེར་བརྗོད་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་དུ་མ་ཞིག་མཆིས་སོ། །
དེ་ལས་འདིར་ཁོ་བོས་སྙན་ངག་མེ་ལོང་མ་དེ་ཉིད་ཀྱི་ལེའུ་གཉིས་པའི་སྐབས་སུ་བྱུང་བའི་དོན་རྒྱན་སུམ་ཅུ་རྩ་ལྔ་ལས་སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་འདི་ཉིད། བོད་ཀྱི་མཁས་པ་རྣམས་རྒྱན་དུ་བཞེད་མིན་ཐད་ལ་ཅུང་ཟད་ཞལ་མི་མཐུན་པ་ལྟ་བུ་བྱུང་བས་དེའི་ཐད་མདོ་ཙམ་དཔྱད་ན།
གཅིག དགོངས་པ་ཅན་གྱི་རྒྱན་འདི་ཉིད་མེ་ལོང་མ་ལས་དངོས་སུ་བསྟན་མིན་གྱི་སྐོར།
དེ་ཡང་འབྲུག་ཁམས་སྤྲུལ་དང་འཇུ་མི་ཕམ་སོགས་ཀྱི་སྙན་འགྲེལ་ནང་སྙན་ངག་མཁན་བསམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། །རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཞེས་དང་། བོད་མཁས་པ་དང་མཁས་དབང་རྡོ་རྗེ་རྒྱལ་པོའི་སྙན་འགྲེལ་ནང་གོང་གི་ཚིགས་བཅད་ཀྱི་ཚིག་རྐང་གསུམ་པའི་སྐབས་སུ། རྒྱུན་གྱི་ཡུལ་ལ་ཡོད་ཡོན་ཏན། །ཞེས་བསྒྱུར་ཚུལ་ཅུང་ཐ་དད་དུ་སྣང་བ་ཙམ་ལས་དོན་གཅིག་པར་འགྲེལ་ཞིང་། ཁམས་སྤྲུལ་ཆེན་མོས་ཀྱང་དེ་ལྟར་བསྒྱུར་བ་ལ་མི་ཐད་པ་མེད་མོད། འོན་ཀྱང་ལོ་ཙཱ་བས་དེ་རྒྱུན་ལ་འཇུག་པ་མཁྱེན་བཞིན་དུ་སྙན་ངག་མཁན་མཁས་པའི་བསམ་པས་རབ་ཏུ་སྦྱར་བའི་ཡོན་ཏན་སྙན་ངག་གི་ཡུལ་ཀུན་ལ་ཁྱབ་པ་དེ་དགོངས་པ་ཅན་གྱི་རྒྱན་དུ་ངོས་འཛིན་པའི་ཕྱིར་དོན་གྱིས་དེ་ལྟར་བསྒྱུར་བ་དགོས་པ་ཅན་ཡིན་པའི་ཕྱིར་དང་། ཡོད་པའི་སྐད་དོད་རྒྱ་དཔེར་མེད་པས་འགྱུར་རྙིང་ཡོངས་གྲགས་ལྟར་འཐད་ཅིང་ལེགས་པ་ཡིན་གསུངས་པ་ལྟར་འགྱུར་རྙིང་རྣམས་སུ་དགོངས་པ་ཅན་གྱི་རྒྱན་གྱི་མཚན་ཉིད་དངོས་སུ་བཀོད་ཡོད་པ་དང་གཅིག གཞན་ཡང་མེ་ལོང་མའི་ནང་དུ་དོན་རྒྱན་གྱི་ནང་གསེས་ལ་ཡོངས་སུ་སུམ་ཅུ་རྩ་ལྔ་ཞེས་མཁའ་ཁྱབ་ཀྱི་རླུང་ལྟར་གྲགས་པ་དང་གཉིས་བཅས་དོན་རྒྱན་སུམ་ཅུ་རྩ་ལྔ་ལས་དགོངས་པ་ཅན་ཆད་ན་སོ་ལྔར་ཅི་ལ་འགྲོ་སྟེ་མི་འགྲོའོ། །
གཞན་ཡང་དོར་ཞི་རིན་པོ་ཆེའི་སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ནང་། མེ་ལོང་གཞུང་ལ་བརྟག་ན་དོན་རྒྱན་སོ་བཞི་ལས་སོ་ལྔ་མེད་དེ་ཤེས་བྱེད་གསུམ་ཡོད་ཅེས་དང་། དེའི་ཤེས་བྱེད་དང་པོར། རབ་སྤེལ་དེ་ནི་དགོངས་པ་ཅན་ཞེས་དཔེ་ཁུངས་དག་རྣམས་ན་དེ་ནི་ཞེས་ཡོད་ཅིང་། དེ་ནས་ཞེས་པ་ནི་བློ་བཟོ་འབའ་ཞིག་གོ རབ་སྤེལ་སོགས་སོ་བཞི་པོ་དེ་ནི་དགོངས་པ་ཅན་ཡིན་ནོ་ཞེས་པའོ། །ཞེས་གསུངས་མོད་ཀྱང་དཔེ་ཁུངས་དག་དེ་གང་ཡིན་མིན་མ་བཀོད་པ་མ་ཟད། གོང་གསལ་ཁམས་སྤྲུལ་ཆེན་མོ་སོགས་ཀྱི་མེ་ལོང་མའི་སྙན་འགྲེལ་ནང་བཀོད་པའི་རབ་སྤེལ་གྱི་མཚན་ཉིད་དང་གཅིག་འདྲར་མི་སོང་བ་སྟེ་དེའི་ནང་། ཐ་དད་རྒྱན་རྣམས་བསྲེས་པ་ནི། །སྤེལ་མ་དག་ཏུ་བརྗོད་པ་སྟེ། །ཡན་ལག་ཡན་ལག་ཅན་དངོས་ཀྱི། །སྐབས་དང་ཐམས་ཅད་སྟོབས་མཚུངས་ཉིད། །ཅེས་པའི་ལུགས་གཉིས་སྤེལ་མ་ཡི། །རྒྱན་དག་ལ་ནི་མཚོན་པར་བྱ། །ཞེས་ཁམས་སྤྲུལ་ཆེན་མོའི་སྙན་འགྲེལ་ནི་རང་གི་བླ་མ་སི་ཏུ་པཎ་ཆེན་གྱིས་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་ཀྱི་སྟེང་ནས་གསུང་བཤད་གནང་བ་ཡིན་སྟབས། འགྱུར་དེ་རང་དག་པར་མཐོང་ངོ་། ། རབ་སྤེལ་དེ་(ནི་)ནས་དགོངས་པ་ཅན། །ཞེས་པ་ནི་བོད་ཀྱི་མཁས་པ་དག་གིས་མཛད་པའི་སྡོམ་ཚིག་ཙམ་ཨེ་ཡིན་སྙམ་སྟེ་དུང་དཀར་རིན་པོ་ཆེས་མཛད་པའི་སྙན་ངག་གི་སྡོམ་ཚིག་འཕྲུལ་གྱི་ལྡེ་མིག་སོགས་སུ་ཡོད་པས་དཔྱད་བྱར་འོས། དེ་མིན་རབ་སྤེལ་སོགས་སོ་བཞི་ཙམ་དུ་མ་ཟད་སྙན་ངག་གི་མགོ་མཇུག་བར་གསུམ་གར་དགོངས་པ་ཅན་གྱི་རྒྱན་སྦྱར་ཚུལ་འོག་ཏུ་བཤད་པར་བྱའོ། །
ཡང་ཁ་ཅིག་གིས་སུམ་ཅུ་རྩ་ལྔ་ཞེས་བརྗོད་བདེའི་དབང་གིས་ཡིན་ཟེར་ན། དེ་ནི་ཤིན་ཏུ་བླུན་ཏེ་སུམ་ཅུ་པ་དང་བསྟོད་པ་བརྒྱད་ཅུ་པ། བླ་མ་ལྔ་བཅུ་པ་ལྟ་བུ་བརྗོད་བདེའི་དབང་གིས་ཤོ་ལོ་ཀའི་གྲངས་ཀྱི་སྒོ་ནས་བསྟན་བཅོས་ལ་མིང་བཏགས་པ་ཡིན་གྱི། སྐབས་འདིར་ནི་དོན་རྒྱན་གྱི་བྱེ་བྲག་སོ་སོ་མ་འཛོལ་བར་དབྱེ་བ་ཡིན་པས་དེ་ཇི་མ་ཇི་བཞིན་བགྲང་བ་ལས་བརྗོད་བདེར་དོན་རྒྱན་སོ་ལྔ་ཞེས་སྨྲོས་པ་ག་ལ་ཡིན།
གཉིས། དགོངས་པ་ཅན་གྱི་རྒྱན་འདི་རྒྱན་དུ་མ་འདོད་ཚུལ་བཀག་པ་དང་གནོད་པ་གང་ཞིག་ཡོད་མིན་གྱི་སྐོར།
ཨ་ལགས་དོར་ཞིས་དོན་རྒྱན་སོ་བཞི་ལས་སོ་ལྔ་མེད་དེ་ཤེས་བྱེད་གསུམ་ཡོད་ཅེས་པའི་ཤེས་བྱེད་གཉིས་པ་ནི། རབ་སྤེལ་དེ་ནི་དོན་རྒྱན་གྱི་མཐའ་མ་ཡིན་དགོས་ཏེ། རྒྱན་ཐ་དད་པ་བསྟན་པའི་རྗེས་སུ་གོང་བསྟན་ལྟར་རྒྱན་རྣམས་བསྲེས་ནས་བརྗོད་པའོ། ། དཔེར་ན་ཟུང་ལྡན་བསྟན་པའི་རྗེས་སུ་འདྲེས་པའི་ཟུང་ལྡན་འོང་བ་བཞིན་ནོ། །ཞེས་དང་། ཤེས་བྱེད་གསུམ་པར། དགོངས་པ་ཅན་གྱི་རྒྱན་ཞེས་རྒྱན་བྱེ་བྲག་པ་ཞིག་ཡོད་ན་རྒྱན་ཀུན་གྱི་སྤྱི་འགྲོས་ལྟར་མཚན་ཉིད་དང་དཔེར་བརྗོད་ཡོད་དགོས་པ་ལ་དེ་ནི་མེད། སྙན་ངག་མཁན་བསམ་དགོངས་པ་སྟེ་ཞེས་སོགས་ཚིག་བཞི་མཚན་ཉིད་དུ་ཨུ་ཚུགས་བྱས་ནས་འདོད་མོད། དོན་དུ་ཚིག་བཞི་དེ་དོན་རྒྱན་སྤྱི་དང་བརྗོད་བྱ་སྟོན་པའི་ཚིག་སྦྱོར་ཀུན་གྱི་མཚན་ཉིད་དུ་བརྗོད་རུང་བས། དོན་རྒྱན་ཁྲོད་ཀྱི་རྒྱན་བྱེ་བྲག་པ་ཞིག་གི་མཚན་ཉིད་དུ་ག་ལ་འགྲིག དེས་ན་དོན་རྒྱན་སོ་ལྔར་འདོད་པ་ནི་མེ་ལོང་གི་དངོས་དོན་ལ་མ་བརྟག་མ་དཔྱད་པའི་ཟེར་སྒྲོས་ཙམ་གྱི་རྗེས་འབྲང་གི་ལུགས་སོ། །སོ་ལྔ་བའི་དཔེར་བརྗོད་གོང་དུ་བསྟན་ཟིན་པའི་དཔེར་བརྗོད་ཐམས་ཅད་ཀྱིས་འཐུས་ཤེ་ན། དགོངས་པ་ཅན་གྱི་རྒྱན་བྱེ་བྲག་ཏུ་འཇོག་དགོས་པའི་རྒྱུ་མཚན་ཅི་སོགས་གསུངས་ཡོད་པ་ལ་ལན་འདི་ལྟར་འདེབས་ཏེ།
དོན་རྒྱན་གྱི་སྐབས་སུ་རབ་སྤེལ་གྱི་རྒྱན་བརྗོད་ཟིན་རྗེས་དགོངས་པ་ཅན་གྱི་རྒྱན་བརྗོད་པ་ལ་དགོས་པ་ལྷག་པོ་ཆེ་ཡོད་དེ། སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས། དགོངས་པ་ཅན་གྱི་རྒྱན་ཞེས་པ་དཔེར་བརྗོད་ཀྱི་སྒོ་ནས་སྔ་མ་རྣམས་ལས་ཐ་དད་པར་བགྲང་བར་བྱ་བ་མིན་ཡང་། ཁྱབ་བྱ་དོན་རྒྱན་སོ་བཞི་པོ་དེ་དག་ལ་ཁྱབ་བྱེད་དགོངས་པ་ཅན་གྱི་མཚན་ཉིད་ཀྱིས་ཁྱབ་པར་གནས་པའི་ཕྱིར་ཀུན་གྱི་ཐ་མར་འདི་ཉིད་བཤད་དེ་རྒྱན་སོ་ལྔ་པར་བགྲང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། མཚན་ཉིད་སྙན་ངག་མཁན་བསམ་དགོངས་པ་སྟེ་ཞེས་པ་སོགས་ནི་ཨུ་ཚུགས་གཏན་ནས་མ་ཡིན་ཏེ་གོང་གསལ་སྙན་འགྲེལ་དག་ལ་ཞིབ་ཏུ་མཇལ་ན་ངེས་པ་རྙེད་པར་འགྱུར་བ་ལགས། དེ་མིན་དགོངས་པ་ཅན་གྱི་རྒྱན་འདི་ཉིད་ཀྱི་མཚན་ཉིད་བྱེ་བྲག་ཏུ་གསུངས་དོན་ནི་གཅིག་ནས་སྙན་ངག་དོན་གཉེར་བ་རྣམས་ལ་སྙན་ངག་མཁན་པོའི་དགོངས་པ་བརྒྱུད་སྤྲོད་ཐུབ་པ་དང་། རང་ཉིད་སྙན་ངག་གི་ལམ་ལ་ཞུགས་ཚེ་དོན་དེ་ལ་ངེས་ཤེས་འདྲོངས་ཐུབ་པ། སྙན་ངག་རྩོམ་པའི་ཐོག་མཐའ་བར་གསུམ་དུ་དགོངས་པ་དེ་ཉམས་སུ་ལེན་དགོས་པ་བཅས་ཀྱི་དགོས་པ་དམིགས་བསལ་འགའ་ཡོད་སྙམ་མོ། །
གཞན་ཡང་། སྙན་ངག་ལེགས་བཤད་གཏེར་འབུམ་ནང་དགོངས་པ་ཅན་གྱི་རྒྱན་དེ་རྒྱན་བྱེ་བྲག་པ་ཞིག་ཏུ་མ་འདོད་པར་སྙན་གཞུང་གི་རྒྱུན་སྤྱི་ལ་གོ་གསུངས་ནས་བྱེ་བྲག་ཏུ་མཚན་གཞི་མ་བཀོད་པ་ནི་ལེགས་པར་མཐོང་མོད། ཡིན་ན་ཡང་མཚན་ཉིད་བྱེ་བྲག་ཏུ་དབྱེ་བའི་དགོས་པ་ནི་གོང་ལྟར་རོ། །
འོ་ན་ལ་ལ་ཞིག་གིས། དགོངས་པ་ཅན་གྱི་རྒྱན་འདི་གཞུང་གི་རྒྱུན་ལ་ཡོད་ན་རྒྱན་རྣམས་ཀྱི་མཇུག་ཏུ་མ་བརྗོད་པར། དོན་རྒྱན་གྱི་སྐབས་སུ་བརྗོད་དགོས་ཚུལ་ཅི་ཡིན་ནམ་ཟེར་ན། དགོངས་པ་ཅན་གྱི་རྒྱན་འདི་ནི་སྙན་ངག་མཁན་པོའི་བསམ་པ་སྟེ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། ཆོས་བཞིའི་བསམ་པས་དབང་བྱས་ནས། །སྦྱར་བའི་སྙན་ངག་དགོངས་པ་ཅན། །ཞེས་པ་ལྟར་ཆོས་བཞི་དེ་མདོར་བསྡུས་ན་དོན་རྣམས་མ་འཁྲུལ་མ་ནོར་བར་སྟོན་པར་བྱེད་པ་ཁོ་ན་ཡིན་པས་དོན་རྒྱན་གྱི་མཇུག་ཏུ་རྒྱན་བྱེ་བྲག་པར་འཇོག་པ་ལགས་པས། དེ་ལ་ཕྱོགས་གང་ནས་བསམས་ཀྱང་དགོས་པར་ཁྱད་པར་ཅན་མཆིས་པ་ལགས།
གལ་ཏེ་དགོངས་པ་ཅན་གྱི་རྒྱན་དེ་ཧྲིལ་གྱིས་འདོར་ཚེ། གཅིག་ནས་སྙན་ངག་གི་གཞུང་རྒྱུན་ཀུན་ལ་ཁྱབ་པའི་སྙན་ངག་མཁན་པོའི་དགོངས་པ་སྟེ་ཆོས་བཞི་ངོས་མི་ཟིན་པ་དང་། གཉིས་ནས་དོན་རྒྱན་སོ་ལྔར་གྲགས་པ་དེ་ཕྱི་རྫིག་ནང་སྟོང་ལྟ་བུར་གྱུར་ནས་དོན་དུ་གཉེར་དཀའ་བ། གསུམ་ནས་སློབ་དཔོན་དབྱུག་པ་ཅན་ཏེ་སྙན་ངག་མཁན་པོ་ཁོང་ཉིད་ཀྱི་གཞུང་རྒྱུན་གྱི་དགོངས་པ་འཁྲུལ་མེད་རྟོགས་མི་ཐུབ་པ་སོགས་གནོད་ཚབ་ཤིན་ཏུ་ཆེ་བའོ། །
གསུམ། དགོངས་པ་ཅན་གྱི་རྒྱན་འདི་རྒྱན་དུ་འདོད་དགོས་ཚུལ་བསྒྲུབས་པ་དང་དགེ་མཚན་གང་ཞིག་ཡོད་པའི་སྐོར།
དགོངས་པ་ཅན་འདི་རྒྱན་དུ་བཞེད་ཚུལ་ནི་ཁམས་སྤྲུལ་ཆེན་མོས། ཁྱད་ཆོས་བཞི་པོ་འདི་ཀུན་སྙན་ངག་གི་རྒྱུན་ལ་ཁྱབ་ཅིང་དེ་ཡང་རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་པའི་འབྲས་བུ་ཡིན་པས། དེ་ཀུན་ཀྱང་དགོངས་པ་སྟེ་རྒྱུར་གྱུར་པའི་བསམ་པ་དང་ལྡན་ཅིང་དེའི་དབང་དུ་གྱུར་པའི་ཕྱིར་དགོངས་པ་ཅན་གྱི་རྒྱན་ཞེས་དོན་རྒྱན་སོ་ལྔ་པར་བཞག་པ་འདི་ནི་རྒྱན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་རིག་ཅིང་ཤེས་པར་བྱའོ་ཞེས་གསུངས་ཡོད་པ་དང་། དཎྜིའི་དགོངས་རྒྱན་ལས་ཀྱང་། དཔང་ལོ་ཆེན་པོས། འདི་ནི་རྒྱན་ཐམས་ཅད་ཀྱི་ཡང་རྒྱན་དུ་གྱུར་པ་སྟེ། དང་པོ་དང་བར་དང་ཐ་མ་རྣམས་སུ་རྒྱུན་ལ་རྗེས་སུ་འཇུག་པའོ། །ཞེས་གསུངས་པ་བལྟས་ན་དགོངས་པ་ཅན་འདི་ཉིད་ནི་རྒྱན་ཙམ་དུ་མ་ཟད་རྒྱན་རྣམས་ཀྱི་ཡང་རྒྱན་ཏེ་དཔེར་ན། རྒྱན་གོས་ཤིན་ཏུ་ལེགས་པ་ནི་རྒྱན་རྣམས་ཡིན་ན། དེ་བཀླུབས་པར་བྱ་སའི་སྨན་ཆུང་མཛེས་མ་གང་དེ་དགོངས་པ་ཅན་གྱི་རྒྱན་དེ་ཉིད་དེ་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་སྤྲིན་ལྟ་བུའམ། དཔྲལ་བའི་མིག་དང་ཁོག་པའི་སྙིང་གི་སྤུན་ཟླར་འོས་པ་ལགས་སོ། །
རྒྱན་འདིའི་རྒྱུ་དང་ངོ་བོ། ཁྱད་པར་གྱི་ཆོས་བཞི་སོགས་ནི་དབྱངས་ཅན་ངག་གི་རོལ་མཚོ་དང་། དབྱངས་ཅན་དགྱེས་པའི་རོལ་མཚོ་སོགས་གོང་གསལ་གྱི་གཞུང་རྣམས་ལས་མཁྱེན་རྟོགས་མཛོད་ཅིག
གཞན་ཡང་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ནང་དགོངས་པ་ཅན་གྱི་རྒྱན་སྐབས་སུ་ཨ་ཀྱ་དབྱངས་ཅན་དགའ་བློས། དེ་ལྟར་རྗོད་བྱེད་རྣམ་པར་སྒེག་པའི་གཟུགས། །ཡིད་འཕྲོག་དོན་རྒྱན་ཕྲེང་བས་སྤྲས་པ་འདི། །བློ་གསལ་དོན་གཉེར་དགྱེས་པའི་དགའ་སྟོན་དང་། །སྙན་ངག་རིག་གཞུང་དོན་ལ་འདྲིས་ཕྱིར་རོ། །ཞེས་དང་། དབྱངས་ཅན་དགྱེས་གླུ་ལས། མེ་ལོང་དང་མཚུངས་མེ་ལོང་གཞུང་ལུགས་ལས། །མཁས་པའི་གསུང་བཞིན་མཁས་པའི་གོ་འཕང་དག །མངོན་འགྱུར་ཕྱིར་ན་མངོན་འགྱུར་ང་རྒྱལ་དག །སྤངས་ཏེ་ལོག་རྟོག་སྤངས་ནས་འདི་བརྩམས་སོ། །ཞེས་དཔེར་བརྗོད་བྱེ་བྲག་པ་འགའ་སྦྱར་བ་མ་གཏོགས། བོད་མཁས་པ་དང་འབྲུག་ཁམས་སྤྲུལ་སོགས་ཀྱིས་དཔེར་བརྗོད་བྱེ་བྲག་ཏུ་མ་མཛད་པས་དེའི་ལུགས་ལྟར་འབྲང་ན་ཅུང་འོས་པར་སྙམ་སྟེ། གཞུང་གི་མགོ་མཇུག་བར་གསུམ་དུ་དགོངས་པ་ཅན་གྱི་ཁྱད་ཆོས་བཞི་པོ་ལེགས་པར་སྦྱར་ན། དགོངས་པའམ་སྙན་ངག་མཁན་པོའི་བསམ་པ་མི་འདྲ་བ་རྣམས་ཇི་མ་ཇི་བཞིན་ཐོན་ཡོང་བས། རྒྱན་འདིར་དཔེར་བརྗོད་བྱེ་བྲག་སྦྱར་བ་ལ་དགོས་པ་ལྷག་པོ་མེད་སྙམ་སྟེ། སློབ་དཔོན་ངག་དབང་གྲགས་པས། འདི་གཞུང་གི་རྒྱུན་ལ་ཡོད་པ་ཡིན་པས་ཚིགས་བཅད་གཅིག་དང་གཉིས་ལ་སོགས་པའི་ཡུལ་ལ་ཡོད་པ་ཡིན་པ་བསལ་ལོ། །ཞེས་གསུངས་པ་བཞིན་ནོ། །
འོན་ཏེ་དོན་རྒྱན་གྱི་རྒྱན་བྱེ་བྲག་པར་བཞག་ནས་མཚན་ཉིད་བཀོད་པ་སོགས་ནི་གོང་ལྟར་དགོས་པ་དམིགས་བསལ་ཡོད་པར་མཐོང་བས། འཛམ་གླིང་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱི་ཞལ་གྱི་བུམ་བཟང་ལས་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་སོགས་ནི་རྣམ་དཔྱོད་ཅན་གྱི་སྤྱོད་ཡུལ་མིན་གསུངས་པ་ལྟར་ཞིབ་མོ་རྣམ་འཐག་མཛད་རྒྱུ་ཤིན་ཏུ་ནས་ཀྱང་གཙིགས་ཆེ་བ་ལགས།
རྒྱན་འདིའི་དགེ་མཚན་ནི་གོང་བསྟན་སྐྱོན་དང་ཡོངས་སུ་ལྡོག་པས་སྙན་ངག་དོན་གཉེར་བ་རྣམས་ཀྱིས་མ་ཤི་ཚུན་དུ་དགོངས་པ་ཅན་གྱི་རྒྱན་དེ་ཉིད་ཀྱི་རྒྱུ་དང་ངོ་བོ། ཁྱད་པར་དུ་ཁྱད་པར་གྱི་ཆོས་བཞི་འདི་ཉིད་བསྟེན་པར་བྱའོ་ལགས།
*མཆན།【དཔྱད་གཞི་ཡིག་ཆ།】
*འབྲུག་ཁམས་སྤྲུལ་གྱི་《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2018ལོའི་ཟླ་11པར་པར་ཐེངས་1བཏབ།
*འཇུ་མི་ཕམ་གྱི་《སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོའི་ཟླ་11པར་པར་ཐེངས་1བཏབ།
*དུང་དཀར་རིན་པོ་ཆེའི་《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོར་པར་བཏབ།
*དོར་ཞི་རིན་པོ་ཆེའི་《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004.09.01
*སློབ་དཔོན་དབྱུག་པ་ཅན་དང་བོད་མཁས་པའི་《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
*ལྔ་པ་ཆེན་པོའི་《དབྱངས་ཅན་དགྱེས་གླུ།》གློག་རྡུལ་དཔེ་དེབ། @ཡོངས་ཁུངས། ཡོངས་འཛིན།
*མཁས་དབང་རྡོ་རྗེ་རྒྱལ་པོའི་《སྙན་ངག་གི་རྣམ་བཤད་གསལ་སྒྲོན།》 གློག་རྡུལ་དཔེ་དེབ། @ཡོངས་ཁུངས། ཡོངས་འཛིན།
*མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེའི་《སྙན་ངག་ལེགས་བཤད་གཏེར་འབུམ།》མི་རིགས་དཔེ་སྐྲུན་ཁང་།
手机号码:17789039313
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆