-----
དགོན་པ་མང་ཤས་གདོན་བྱ་ལ་འདོན་བྱ་ཞེས་འབྲི་བའི་འཕྱིང་བ་རབ་ཏུ་གསེད་པ།
རྩོམ་པ་པོ། བོང་མིག
གངས་ཅན་འགྲོ་བའི་མིག་འབྱེད་དམ་པ་དཔལ་ལྡན་རི་བོང་ཅན།།
མཚན་གྱི་རྒྱུ་སྐར་ཕྱོགས་ཀུན་འཕྲོས་ཀྱང་ས་སྟེང་མུན་པའི་ལྗོངས།།
ལྗོངས་དེ་གསལ་བྱེད་ཐོན་མི་ཞེས་གྲགས་མཁས་བརྒྱའི་གཙུག་ན་འཛུམ།
མཚན་མོའི་མཁའ་ལ་ལྷམ་མེར་བཞད་པས་བོད་རྣམས་སི་ཏ་འབུས།།
དེའང་གངས་ཅན་ལྗོངས་ཀྱི་གསལ་བྱེད་ཆེན་པོ་མ་ཧ་པཎྜི་ཏ་རིག་པའི་གནས་ཀུན་ལ་མཁྱེན་པ་རྒྱས་པ། ཨརྱའི་ཡུལ་ལ་ཐོས་བསམ་གྱིས་འགྲིམ་པ། བོད་ཡུལ་མུན་པའི་གླིང་དུ་ཤེས་རབ་ཀྱི་སྒྲོན་མེ་ཆེས་ཆེར་སྦར་པ་ཁོང་གིས་སྐུ་བཞུགས་སྐབས་བོད་རིག་པའི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་པ་ལས། དེེང་སྐབས་གངས་ཅན་ན་གཞོན་གྱི་བགོ་སྐལ་དུ་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་བཞུགས་པ་ལས། རྟགས་འཇུག་སྐབས་གཙོ་བོར་མིང་སྔོན་རྗེས་འཇུག་གསུམ་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་ནས། རྟགས་འཇུག་རྩ་བར། “གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།།”ཅེས་གསུངས་པ་ལྟར། ༡ ཡུལ་གང་ལ་འཇུག་པ། ༢ གང་གིས་འཇུག་པ། ༣ ཚུལ་ཇི་ལྟར་འཇུག་པ། ཅི་ཕྱིར་འཇུག་པ་སོགས་བཞིས་སྒོ་ནས་བཤད་པ་ལས། སྔོན་འཇུག་གི་རྟགས་ཀྱི་འཇུག་པའི་སྐབས་ཅིའི་ཕྱིར་འཇུག་གི་སྐབས་སུ་གསུང་བའི་མཁས་ཆེན་མང་པོའི་དགོངས་པ་དང་ལྡོག་ཟླར་སོང་བའི་གདོན་བྱ་ལ་འདོན་བྱ་ཞེས་འབྲི་བའི་འཁྲུལ་བ་བཤད་པ་ལ།
༡ སྔོན་འཇུག་གི་ཕོ་མོ་མ་ནིང་ཤིན་ཏུ་མོ་རྣམས་ངོས་འཛིན།
༢ མ་ནིང་ག་ད་གཉིས་ཅིའི་ཕྱིར་འཇུག་བཤད་པ།
༣ གདོན་བྱ་ལ་འདོན་བྱ་ཞེས་འབྲི་བ་འཁྲུལ་བར་སྒྲུབ་པ།
༤ མཇུག་བསྡུ་བ་དང་བཞི་ལས།
༡ སྔོན་འཇུག་གི་ཕོ་མོ་མ་ནིང་ཤིན་ཏུ་མོ་རྣམས་ངོས་འཛིན་ནི། རྟགས་འཇུག་རྩ་བ་ལས། “བ་ཕོ་ག་ད་གཉིས་མ་ནིང་།། འ་མོ་མ་ནི་ཤིན་ཏུ་མོ།།” ཞེས་དང། དཀའ་གནད་གསལ་མེ་ལས། “སྔོན་འཇུག་ལྔ་ཡི་བ་ཡིག་ཕོ།། ག་ད་མ་ནིང་འ་མོ་ཡིག ། མ་ནི་ཤིན་ཏུ་མོ་ཡིན་ནོ།།”ཞེས་གསུངས་པས། སྔོན་འཇུག་ལྔའི་བ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་དྲག་པའི་ཚུལ་གྱིས་འཇུག་པས་ཕོ་དང་། ག་ད་གཉིས་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་རན་པའི་ཚུལ་གྱིས་འཇུག་པས་མ་ནིང་དང་། འ་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་ཞན་པའི་ཚུལ་གྱིས་འཇུག་པས་མོ་དང་། མ་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་ཤིན་ཏུ་ཞན་ཅིང་ལྷོད་པའི་ཚུལ་གྱིས་འཇུག་པས་ཤིན་ཏུ་མོ་ཡིན་པའོ།།
༢ མ་ནིང་ག་ད་གཉིས་ཅིའི་ཕྱིར་འཇུག་བཤད་པ་ལ། འདིར་མ་ནིང་གི་ཅིའི་ཕྱིར་འཇུག་བཤད་དགོས་པའི་དོན་ནི། ཡོངས་གྲངས་ལ་མ་དག་རྒྱུན་འབྱམས་སུ་སོང་བའི་འདོན་བྱ་ཞེས་ཟེར་བ་ལ་གདོན་བྱ་ཞེས་འབྲི་དགོས་པ་ཤེས་པའི་ཆེད་དོ།། ཅིས་ཤེས་ཤེ་ན། རྟགས་འཇུག་རྩ་བ་ལས། “ཅི་ཕྱིར་འཇུག་པར་བྱེད་ཅེ་ན།། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟར་ཆེད།། མོ་ནི་བདག་ད་མ་འོངས་ཕྱིར།། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།”ཞེས་གསུངས་པའི་ནང་གསེས་“མ་ནིང་གཉིས་ཀ་ད་ལྟར་ཆེད།།”ཅེས་པ་འགྲེལ་སྐབས་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་དཔེ་བརྗོད་དུ། མ་ནིང་ག་ཡིག་བདག་གཞན་གཉིས་ལ་འཇུག་པ་ལས་གཞན་ལ་འཇུག་པར། ༼གདོན་བྱའི་འདོན་པ།༽ ཞེས་གསུངས་པ་དང་། གདོན་ཞེས་པ་བཏོན་གྱི་མ་འོངས་པ་དང་སྔོན་འཇུག་མ་ནིང་ག་ཡིག་གི་སྔོན་འཇུག་ཅན་ཡིན་པས། འདོན་པ་སོགས་གདོན་པའི་བྱ་བའི་ཡུལ་ཉིད་ལ་འཇུག་པའི་དཔེར་བརྗེད་ལ་གདོན་བྱའི་འདོན་པ་ལྟ་བུ་མ་བཞག་ན་དེའི་དཔེར་བརྗེད་རི་བོང་རྭའི་སྤུན་ཟླར་གྱུར་ཏོ།།
༣ གདོན་བྱ་ལ་འདོན་བྱ་ཞེས་འབྲི་བ་འཁྲུལ་བར་སྒྲུབ་པ་ལ། འདོན་པ་སོགས་གདོན་པའི་བྱ་བའི་ཡུལ་ཉིད་ལ་འཇུག་པའི་དཔེར་བརྗོད་ལ་འདོན་བྱ་ཞེས་འབྲི་ཟེར་ན། དེ་ནི་ཤིན་ཏུ་ནས་ཀྱང་མ་ཤེས་པ་སྟེ། བསྒྲུབ་བྱ་ལ་སྒྲུབ་བྱ་དང་བརྗོད་བྱ་རྗོད་བྱ་ཞེས་འབྲི་བ་དང་ཕྱོགས་ཀུན་ནས་མཚུངས་པས་སོ།། མ་ཟད་རྩ་བ་དང་དངོས་སུ་འགལ་ཏེ། རྟགས་འཇུག་རྩ་བར། “མོ་ནི་བདག་ད་མ་འོངས་ཕྱིར།།”ཞེས་གསུངས་པས་བདག་གཞན་གཉིས་ལས་བདག་ཁོ་ནར་འཇུག་གི་གཞན་ལ་འཇུག་པ་གང་ནས་བལྟས་ཀྱང་མ་གསུངས་པའི་ཕྱིར་རོ།། དེའི་དཔེར་བརྗོད་བདག་ལ་འཇུག་པར་གསུང་བར་མཁས་པ་མང་པོས་བྱེད་པ་པོ་དང་བྱེད་པ་ལ་འཇུག་པ་མང་པོར་གསུངས་པ་ལས་དངོས་པོ་གཞན་དང་བྱ་བའི་ཡུལ་ལ་འཇུག་པའི་དཔེར་བརྗོད་དུ་གང་གིས་ཀྱང་མ་གསུངས་པའི་ཕྱིར་རོ།། ད་དུང་ཁས་ལེན་མི་སྤོབས་པའི་སྐྱོན་མང་པོ་འོང་སྟེ། གདུལ་བྱ་ལ་འདུལ་བྱ། བཏུང་བྱ་ལ་འཐུང་བྱ། གཟུང་བྱ་ལ་འཛིན་བྱ། གཟུགས་བྱ་ལ་འཛུགས་བྱ། དབབ་བྱ་ལ་འབབ་བྱ་སོགས་སྐྱོན་མང་པོ་མི་འདོད་བཞིན་དུ་ཁས་ལེན་དགོས་པའི་ཕྱིར་རོ།།
༤ མཇུག་བསྡུ་བ་ལ། གནའ་ནས་ད་བར་གྲོང་ཅོག་ཙམ་གཙོ་བོར་བྱེད་པའི་གྲྭ་བླུན་འགའ་རེས་གང་ཅི་མི་འཇོན་པ་མ་ཟད། སུམ་ཅུ་པ་དང་རྟགས་འཇུག་གི་གོ་བ་ཙམ་ཡང་ཕར་ཞོག དག་ཡིག་མིང་རྐྱང་ཙམ་ལའང་བརྡ་རྟགས་མི་མྱུར་ལ་ཡི་གེའི་འགྲོ་ལུགས་སྤྱི་ཁོག་ཙམ་ཡང་ཤེས་ཀྱིན་མི་འདུག དེ་བས་དྲྭ་ཐོག་ཏུ་སྔར་མཐོང་མ་མྱོང་བའི་ཡི་གེ་རེ་འགའ་མཐོང་དུས་ཡིག་ནོར་རེད། ནོར་བ་རེད་ཟེར་ནས་ལབ་གླེང་བྱས་དང་བྱེད་ཀྱིན་འདུག དེ་ཚོར། མཁས་པ་བརྒྱ་ལས་བླུན་པོ་གཅིག་ལ་སྐྲག། གསུངས་པ་བཞིན་ཀ་ཁ་མཛུབ་ཁྲིད་ལྟ་བུའི་ངོ་སྤྲོད་བྱས་ཀྱང་གོ་བ་གཞི་ནས་མེད་པ་མ་ཟད། འཚིག་པའང་ཟ་ཉེན་ཆེ་བས་ཐད་ཀར་དགག་སྤོབས་པ་ཞིག་མ་རེད། དེ་བས་ལུང་རིགས་ཀྱི་རྒྱབ་རྟེན་གཉིས་ཆར་དང་འགྲོགས་ནས་སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་གྱི་ཕྱི་དྲོར་མི་ཤེས་པ་ཚོ་དང་མཁྱེན་སྤྱན་ཡངས་པ་ཀུན་ལ་གསལ་བཤད་ཅིག་གི་ཁུལ་དུ་དཔལ་བཀྲ་ཤིས་ཆོས་ཐང་དགོན་བཤད་གྲྭ་ལྔ་རིག་ནང་བསྟན་མཐོ་སློབ་གླིང་དུ་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས་སོ།། །།
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆