-----
བདག་གི་ཨ་ཧྥེ་རི་ཁའི་འགྲུལ་སྐྱོད།
སྐལ་བཟང་ནོར་བུ།
ངས་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་ཟླ་གཅིག་ལྷག་གི་རིང་ལ་བསྒུགས་རྗེས། གཞི་ནས་རང་གིས་རིང་ནས་རེ་སྒུག་བྱས་པའི་ཡུལ་ཏེ། ཨ་ཧྥེ་རི་ཁར་ཆས་པ་ཡིན། ངའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་ཤར་ལྷོ་རྒྱུད་ཀྱི་མཱ་ལ་ཝེ་ཟེར་བའི་རྒྱལ་ཁབ་ཆུང་ངུ་དེ་ཡིན། གནམ་གྲུ་ཡིས་སྤྱི་ཟླ་དང་པོའི་ཉིའུ་ཡོག་གི་གྲང་ངར་གྱི་མཁའ་རླུང་བརྟོལ་ཏེ་དགུང་དུ་འཕུར། དུས་ཚོད་བདུན་ཙམ་འཕུར་རྗེས་ཡོ་རོབ་གླིང་གི་ཧོ་ལན་རྒྱལ་ཁབ་ཀྱི་ཨམ་སི་ཐེ་ཏམ་དུ་བསླེབས་ལ། དེ་རུ་གནམ་གྲུ་གཞན་ཞིག་བརྗེས་ཏེ་མུ་མཐུད་དུ་ལྷོ་རུ་འཕུར་ཏེ་ཡང་དུས་ཚོད་བརྒྱད་ལྷག་གི་མཁའ་སྐྱོད་བྱས་མཐར་སའི་གོ་ལའི་ཐིག་དམར་བརྒལ་ཅིང་ས་རུབ་དུས་ཨ་ཧྥེ་རི་ཁའི་ཁེན་ནི་ཡ་ཡི་རྒྱལ་ས་ནེ་རོ་བྷི་རུ་བསླེབས། གནམ་གྲུ་ལས་བབས་རྗེས་ངས་གྲོང་ཁྱེར་དཀྱིལ་དབུས་སུ་མགྲོན་ཁང་ཞིག་ཏུ་མིང་བཀོད་ནས་བསྡད་པ་ཡིན། བརྙན་འཕྲིན་དུ་རྟག་པར་སྟོན་པའི་ཨ་ཧྥེ་རི་ཁའི་རི་དྭགས་སྣ་ཚོགས་ཀྱང་མང་ཆེ་བ་རྒྱལ་ཁབ་དེར་ཡོད་མོད། ང་ལ་དེ་དག་ལ་ལྟད་མོ་ལྟ་བའི་གོ་སྐབས་མ་བྱུང་། ཕྱི་ཉིན་སྔ་དྲོ་ང་གཅིག་པུར་ངེས་མེད་དུ་སྲང་ལམ་རྒྱུ་སྐབས་མི་ཞིག་གིས་རྒྱབ་ལོགས་ནས་ངའི་མིང་ནས་བོས་བྱུང་། ང་འཇིགས་ཤིང་ཧ་ལས་བཞིན་ཁ་ཕྱིར་འཁོར་པ་ན། ཨ་རིར་ཡོད་སྐབས་ཀྱི་སློབ་གྲོགས་ཤིག་རེད། ཁོ་ཡང་ས་དེར་བསླེབས་མ་ཐག་ཡིན་ལ་རྒྱལ་ཁབ་གཞན་ཞིག་ཏུ་འགྲོ་བའི་ལམ་དུ་གྲོང་ཁྱེར་འདི་རྒྱུད་དུས་ཉིན་གཅིག་སྡོད་དགོས་བྱུང་བ་རེད། ཨ་ཙི། འདི་འདྲའི་སྟབས་འགྲིག་པ་ལའང་། འཛམ་གླིང་རིལ་བོ་གྲོང་ཚོ་གཅིག་བཞིན་ཡིན་ཟེར་བ་ཅིས་མི་བདེན་སྙམ་པའི་བསམ་པ་རང་དབང་མེད་པར་ཤར་བྱུང་།
ཕྱི་ཉིན་ཕྱི་དྲོ་གཞི་ནས་རང་གི་དམིགས་ཡུལ་དེ་མཱ་ལ་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ལི་ལོང་ཀུའེ་ཟེར་བར་བསླེབས། གནམ་གྲུའི་ཕྱི་རོལ་ཏུ་བུད་མ་ཐག་ཚ་རླུང་ཞིག་གདོང་ལ་གཡབ་འོངས་པས་ཚ་བའི་ས་ཁུལ་ཞིག་ཏུ་བསླེབས་པ་ལམ་སང་ཧ་གོ ངས་རླངས་ཁོངས་ཞིག་གླས་ཏེ་གྲོང་ཁྱེར་གྱི་ཕྱོགས་སུ་བསྙེགས། དེ་ནི་ས་ཁོད་ཧ་ཅང་སྙོམས་པའི་བདེ་ཐང་ཞིག་ཡིན་ལ། ཚ་ཁུལ་གྱི་ལྗོན་ཤིང་སྣ་ཚོགས་ཐར་ཐོར་དུ་སྐྱེས་པའི་གསེབ་ཏུ་མ་རྨོས་ལོ་ཏོག་གི་ས་ཞིང་དང་སྤྱིལ་བུ་སྟེང་དུ་རྩྭ་ཡིས་གདུགས་ལྟར་བཀབ་ཡོད་པའི་དུད་ཚང་མཐོང་ཐུབ། ཁྱིམ་ཚང་གི་ཁང་བ་དེ་དག་གིས་ས་དེ་ནི་ཧ་ཅང་དབུལ་བོ་ཡིན་པ་ཡང་ར་སྤྲོད་བྱས་འདུག ཁ་ལོ་པས་ང་འགྲོ་ཁྱེར་དཀྱིལ་གྱི་མགྲོན་ཁང་ཞིག་ཏུ་བསྐྱལ་ནས་བསླེབས།
དེ་ནི་རང་གི་དངོས་སྦྱོང་བྱ་ཡུལ་ཡིན་ཏེ། ང་ཟླ་གསུམ་གྱི་རིང་ལ་རྒྱལ་ཁབ་འདིར་སྡོད་དགོས། མཱ་ལ་ཝེ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་ལྷོ་ཕྱོགས་སུ་ཆགས་ཡོད་ལ། རྒྱལ་ཁབ་སྤྱི་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11ལྷག་སྟེ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་མཚོ་ལྷོ་ཁུལ་གཉིས་བསྡོམས་ཙམ་ཡོད་ཅིང་། མི་གྲངས་ཁྲི1100ལྷག་སྟེ། མཚོ་སྔོན་ཞིང་སྤྱིའི་མི་གྲངས་ཀྱི་ལྡབ་གཉིས་ལྷག་ཡོད། ཨ་ཧྥེ་རི་ཁ་སྤྱིའི་ལས་དབང་དང་འདྲ་བར་རྒྱལ་ཁབ་དེ་ཡང་སྔོན་ཆད་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་ཡུལ་དུ་གྱུར་མོད། 1964ལོར་སྒེར་ཚུགས་རང་བཙན་ཐོབ་སྟེ་མི་དམངས་ལ་རང་དབང་ཐོབ་ནའང་། དབུལ་ཕོངས་ཀྱི་སྡུག་བསྔལ་ལས་ཐར་ཐུབ་མེད་པར་དུས་ད་ལྟའང་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་བྱ་ཡུལ་དུ་གྱུར་ཡོད། རྒྱལ་ས་ལི་ལོང་ཀུའེ་ཡང་རང་རེའི་ལྷ་ས་དང་ཟི་ལིང་སོགས་དང་བསྡུར་ཚེ་གྲོང་ཁྱེར་ཟེར་བ་ལས་གྲོང་རྡལ་གྱི་མིང་གིས་བཏགས་ན་འཚམ་པ་ཞིག་འདུག རོགས་སྐྱོར་ཚོགས་པ་འདྲ་མིན་མང་བོ་ཡང་དེར་འདུས་ཏེ་ཡོད་ལ། ལས་ཁུངས་ཆ་རྐྱེན་ཡག་ཤོས་དང་སྲང་ལམ་དུ་མཐོང་བའི་རླངས་འཁོར་ཡག་ཤོས་རྣམས་ཀྱང་ཕལ་ཆེར་དེ་ཚོའི་རེད།
ངས་དངོས་སྦྱོང་བྱ་ཡུལ་གྱི་ལས་ཁུངས་ཀྱང་འཛམ་གླིང་དུ་ཅུང་ཆེ་གྲས་སུ་བརྩི་ཆོག་པའི་དབུལ་སྐྱོར་ཐེབས་རྩ་ཚོགས་པ་ཞིག་ཡིན། དེར་ལས་བྱེད་མི་སྣ50ལྷག་ཡོད་ལ། མགོ་ཁྲིད་པ་གཙོ་བོ་ནི་ནུབ་ཕྱོགས་རྒྱལ་ཁབ་ཅིག་གི་ཡིན་པ་མ་གཏོགས་ལས་མི་མང་ཤོས་ནི་ས་དེ་གའི་མི་རེད། ང་རྨང་གཞི་སློབ་གསོ་ཚན་ཁག་ཏུ་ལས་བགོས་བྱས་ཤིང་ལས་གྲོགས་གསུམ་དང་མཉམ་དུ་རྟག་པར་གཞི་རིམ་དུ་འགྲོ་དགོས་པས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་ཡག་པོ་བྱུང་།
རླངས་འཁོར་ལ་བསྡད་དེ་ས་ཧ་ར་ལྷོ་མའི་རྩྭ་ཐང་ཡངས་པོ་དང་རྒྱ་ཆེ་བའི་མ་རྨོས་ལོ་ཏོག་གི་ས་ཞིང་འགྲམ་གྱི་གཞུང་ལམ་དོག་མོ་བརྒྱུད་དེ་བསྐྱོད་ཚེ། མཚམས་རེར་དུད་ཁྱིམ་འགའ་རེ་དང་འཕྲད་སྲིད་ལ། ལན་རེར་མི་ཚང50ལྷག་ཡོད་པའི་སྡེ་བ་རེ་ཡང་མཐོང་ཐུབ། ཁྱིམ་ཚང་ཕལ་མོ་ཆེའི་ཁང་བ་ཡང་ས་ཕག་གིས་བརྩིགས་པ་དབྱིབས་ཟླུམ་པོ་ཚངས་ཐིག་ལ་སྨིས་བཞི་ལྔ་ལས་མེད་པ། མཐོ་ཚད་ལ་སྨིས་གཉིས་ཙམ་ཡོད་ལ་ཁང་བའི་ཀླད་དུ་ཆར་གདུགས་ཀྱི་རྩིབས་བཀར་པ་ལྟར་རྩྭ་བཀབ་སྟེ་ཡོད། ཁང་བའི་ནང་དུ་མལ་སྟན་ཙམ་པོ་བ་རེ་ས་རུ་བཏིངས་ཡོད་པ་དང་ཀ་ཏོ་ར་སོགས་ཡོ་བྱད་ཙག་ཙིག་ལས་མཐོང་རྒྱུ་ཅི་ཡང་མི་འདུག བཟའ་མི་ཅུང་མང་བོ་ཡོད་པའི་ཁྱིམ་གྱིས་ལོགས་སུ་ཁང་བ་ཆུང་བ་རེ་ལས་ཡོད་པའང་ཡོད། ཐབ་ཚང་ལོགས་སུ་མེད་པར་ཁང་བའི་མདུན་གྱི་སྒྱེད་པུ་ཡི་སྟེང་དུ་སླ་ང་བཙུགས་ཏེ་ཟས་གཡོ་ཡི་འདུག མགྲོན་པོ་བསླེབས་ཚེ་ཡང་ཁང་བའི་ཕྱི་རོལ་ཏུ་སར་སྡོད་པ་ལས་ནང་དུ་སྡོད་ས་གཏན་ནས་མི་འདུག
རྒྱལ་ཁང་དེའི་མི་མང་ཤོས་ཀྱིས་ཞིང་ལས་གཉེར་བཞིན་ཡོད་ལ། མ་རྨོས་ལོ་ཏོག་ནི་དེ་གའི་འབྲུ་རིགས་གཙོ་བོ་ཡིན། མི་མང་དྲགས་པའམ་ས་ཞིང་ཉུང་དྲགས་པའམ་ཡང་ན་བྱེ་མའི་རང་བཞིན་ཅན་གྱི་ཞིང་སར་ལོ་ཏོག་ལེགས་པོ་སྡུད་མི་ཐུབ་པ་སོགས་རྒྱུ་རྐྱེན་གང་རུང་གི་དབང་གིས་རྒྱལ་ཡོངས་ལ་ཆ་སྙོམས་སུ་སྟོན་སྡུད་ལས་ཐོབ་པའི་འབྲུ་རིགས་ཀྱིས་ལོ་གཅིག་ནང་ཟླ་བཞི་ཙམ་ལས་འདང་ཐབས་མེད། དེས་ན་ལོ་རེར་ཟླ་བརྒྱད་ཀྱི་རིང་ལ་རོགས་སྐྱོར་ལས་ཐོབ་པའི་ཟས་ངན་ངོན་ལ་བརྟེན་པའམ་ཡང་ན་གང་སར་འཁྱམས་ཏེ་ལས་ཀ་ཙག་ཙིག་རེ་བཙལ་ཏེ་ཟས་འཚོལ་ཐབས་བྱེད་བཞིན་ཡོད། སྤྱི་ཟླ་བཞི་པ་ནི་སྟོན་ཚུར་སྡུད་ཀྱི་དུས་ཡིན་ལ་དེའི་སྔོན་གྱི་ཟླ་ཁ་ཤས་ཀྱི་རིང་ནི་དཀའ་ངལ་ལྟག་ཏུ་ཆེ་བའི་དུས་ཡིན། ཉིན་ཞིག་ང་ཚོ་གཞི་རིམ་དུ་རྟོག་ཞིབ་ཏུ་འགྲོ་སྐབས། རྒྱལ་སྤྱིའི་ཚོགས་པ་ཞིག་གིས་དེ་གའི་མང་ཚོགས་ལ་མ་རྨོས་ལོ་ཏོག་གི་ཕྱེ་སྦྱིན་བཞིན་པ་དང་ཕྲད། སྐྱེ་བོ་ཕོ་མོ་མང་བོ་གྲལ་བསྒྲིགས་ཏེ་བསྒུགས་འདུག དེར་སྐྱེས་མ་ཞིག་གིས་རང་གི་བཟའ་མིའི་ཐོབ་སྐལ་གྱི་ཕྱེ་ཁུག་ཅིག་མགོར་བཏེགས་ཏེ་བྲེལ་འཚུབ་ངང་ཕྱིར་འགྲོ་བཞིན་པར། ངས་ཟས་འདི་ཙམ་གྱིས་བཟའ་མི་ཡོངས་ལ་ཉིན་ཅི་ཙམ་ལ་འདང་མིན་དྲིས་པ་ན། མོས་ངུ་མ་དགོད་ཀྱིས་ཁྱིམ་དུ་བྱིས་པ་བཞི་ཡོད་པ་དང་། ཟས་འདིས་བཟའ་འཁོར་གཅིག་ཙམ་ལས་མི་འདང་ཞེས་ལན་བཏབ་བྱུང་།
ཡང་ལམ་དུ་མི་ཚང་སྐྱོ་བོ་ཞིག་ཏུ་རྩད་གཅོད་རྒྱུས་ལོན་དུ་ཕྱིན། ཁྱིམ་བདག་བཟའ་ཟླ་གཉིས་ནི་བལྟས་ཚོད་ཀྱིས་ལོ་ན་ལྔ་བཅུ་ཟིན་ཙམ་འདུག་ལ། བྱིས་པ་བརྒྱད་ལས་གཅིག་སློབ་གྲྭར་འགྲོ་བ་ལས་གཞན་རྣམས་ཁྱིམ་དུ་བསྡད་ཡོད། བུ་ཆེ་བ་གཉིས་ཀྱང་གཉེན་བསྒྲིགས་ཟིན་ཏེ་ཟས་གོས་ཀྱི་དབུལ་ཕོངས་ཀྱིས་མནར་བཞིན་པའི་ཁྱིམ་ཚང་དེར་ཟ་བྱེད་ཀྱི་ཁ་ལྷག་མ་བསྣན་འདུག་ཙམ་དུ་ཟད། ང་ཚོས་དཀའ་ངལ་ཅི་ཡོད་ཚུལ་དང་རོགས་སྐྱོར་ཅི་དགོས་ཚུལ་དྲིས་པར། བཟའ་ཟླ་གཉིས་ཀྱིས་མགྲིན་གཅིག་ཏུ་ཟས་དང་གོས་དང་དངུལ་བཅས་དགོས་ཞེས་འཛེམ་བག་མེད་པར་བརྗོད།
མི་གྲངས་མང་བ་ནི་ས་འདིར་མཚོན་ན་དབུལ་ཕོངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་འདུག གྲོང་རྡལ་གྱི་སྲང་ངམ་ཞིང་གྲོང་གི་ལམ་ཕྲན་དུ་བུད་མེད་སྐོར་དང་སྐོར་བྱས་ཏེ་འགྲོ་བ་མཐོང་ལ། དཔེར་ན་བུད་མེད་དར་མ་ལྔ་ལས་བཞི་ཡིས་རྒྱབ་ཏུ་བྱིས་པ་ཁུར་ཡོད་ཅེས་བརྗོད་ཆོག ངས་ལས་གྲོགས་ཤིག་ལ་མི་ཚང་མང་བོར་བྱིས་པ་འདི་འདྲ་མང་བའི་རྒྱུ་མཚན་ཅི་ཡིན་དྲིས་པར། “དབུལ་ཕོངས་ལས་བྱུང་བ་རེད་ཡ། ཁོ་ཚོས་ལས་ཀ་བའམ་ཟས་འཚོལ་མཁན་མང་ཙམ་ཡོད་ན་སྡུག་བསྔལ་དེ་འདྲ་ལས་ཐར་འགྲོ་བར་བསམས་ཡོད་མོད། འོན་ཀྱང་ཟ་བྱེད་ཀྱི་ཁ་མང་དུ་ཕྱིན་པས་སྡུག་བསྔལ་དེ་ལས་ནམ་ཡང་ཐར་བའི་གོ་སྐབས་མེད”ཅེས་བརྗོད་བྱུང་།
ང་གྲོང་གསེབ་ཀྱི་སློབ་གྲྭ་ཡང་མང་ཙམ་ལ་ཕྱིན། ལོ་རིམ་དང་པོ་ནས་བརྒྱད་པའི་བར་ཡོད་པའི་སློང་ཆུང་རེར་སློབ་མ3000ལོངས་པ་ཡོད།དེ་ཙམ་ཐོས་པས་ཁྱེད་ཀྱི་ངག་ལས་རང་དབང་མེད་པར་ཨ་ལ་ལ་སློབ་མ་མང་བ་ལ་ཨང་ཞེས་འཆོར་སྲིད་མོད།བྱིས་པ་སློབ་གྲྭར་ཞུགས་ཚད་ནི40%ཡང་མི་ཟིན།འཛིན་གྲྭ་རེར་སློབ་མ100ལྷག་འཚང་ཁ་བརྒྱབ་སྟེ་ཡོད་ལ།མང་ཆེ་བར་མདུན་ཅོག་དང་འདུག་སྟེགས་མེད་པར་ས་རྗེན་དུ་བསྡད་ཡོད།སྡོམ་རྩིས་བྱས་པ་ལྟར་ན་རྒྱལ་ཁབ་དེར་ཆ་སྙོམས་ཀྱིས་སློབ་ཕྲུག47རེར་མདུན་ཅོག་རེ་ཐེམས་ཟེར།འཛིན་གྲྭ་མང་བོར་སློབ་ཁང་མེད་པར་ལྗོན་ཤིང་ཆེན་པོའི་འོག་ཏུ་འཚོགས་བཞིན་འདུགང་ཚོ་བོད་པ་ནང་བཞིན་གྲང་ངར་ལ་སེམས་ཁྲལ་མེད་མོད།དེ་ལས་ལྡོག་སྟེ་ཚ་བ་དང་།འབུ་སྲིན།ཆར་ཆུ་སོགས་ཀྱིས་བསྐྱལ་བའི་སྡུག་བསྔལ་མྱོང་དགོས་འདུགང་བསླེབས་པའི་དུས་ནི་རྒྱལ་ཁབ་དེར་སློབ་ཆུང་སློབ་གསོ་ལ་སློབ་ཡོན་མི་དགོས་པར་ཐག་བཅད་མ་ཐག་ཙམ་ཡིན་པས་སློབ་ཁང་དང་།བསླབ་དེབ།དགེ་རྒན་བཅས་མི་འདང་བ་ནི་སློབ་གྲྭ་ཡོངས་ཀྱི་ཐུན་མོང་གི་དཀའ་ངལ་ཆེ་ཤོས་ཡིན་འདུག་མོད།སྲིད་ཇུས་དེ་ལ་བསྟོད་བསྔགས་མི་བྱེད་མཁན་མེད།
དབུས་ཕོངས་ཀྱི་དབང་གིས་བྱིས་པ་མང་བོ་ཡང་ཕ་མའི་རྗེས་སུ་འབྲངས་ཏེ་ཟས་འཚོལ་དུ་འགྲོ་དགོས་འདུག གྲོང་སྡེ་དག་གི་ལམ་འགྲམ་ན་རུས་ཀྲང་སྐྱི་ལྤགས་ཀྱིས་མ་བཏང་བ་ཙམ་དུ་ཡོད་པའི་བྱིས་པ་ཤ་རིད་དག་གིས་སོལ་བ་དང་། བུད་ཤིང་། དངོས་པོ་ཙག་ཙིག་སོགས་འཚོང་བཞིན་པ་ག་སར་མཐོང་རྒྱུ་ཡོད། དགེ་རྒན་ཞིག་གིས་བརྗོད་པ་ལྟར་ན། སྟོན་ཐོག་བསྡུས་ཏེ་ཁྱིམ་དུ་ཟ་རྒྱུ་ཡོད་སྐབས་སློབ་གྲྭར་སློབ་མའང་མང་ཙམ་ཡོང་ལ། ཁྱིམ་གྱི་བཟའ་འབྲུ་ཟད་པ་དང་སློབ་གྲྭར་ཡོང་མཁན་གྱི་བྱིས་པའང་ཉུང་དུ་འགྲོ་ཟེར། གཏམ་དེ་དག་ཐོས་པས་བདག་ལའང་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ལ། སེམས་གཏིང་ནས་མི་ལུས་རིན་ཆེན་ནི་འདི་དག་གིས་ཀྱང་རྙེད་མོད་ད་དུང་ཡི་དྭགས་དངོས་ལྟ་བུའི་སྡུག་བསྔལ་མངོན་སུམ་དུ་མྱོང་དགོས་པ་འདི་ཅི་ཞེས་ཡིད་སྐྱོ་བའི་སྨྲེ་སྔགས་ཀྱང་དབང་མེད་དུ་ཤོར།
དབུལ་ཕོངས་ཀྱིས་ཇི་ལྟར་མནར་ཀྱང་མཱ་མ་ཝེ་ཡི་མི་ཕལ་ཆེ་བ་ནི་གཞན་ལ་གུས་པ་ལྡན་ཞིང་གཞུང་དྲང་ཅན་ཏག་ཏག་ཡིན། གྲོང་གསེབ་ཏུ་སོང་ན་ཁོར་ཚོར་མགྲོན་པོ་ཁྱིམ་ལ་བསུས་ཏེ་ཟས་མོད་པོ་མདུན་ལ་བསྒྲིག་རྒྱུ་མེད་ལ་དེ་ལྟར་བྱེད་པའི་ལུགས་སྲོལ་ཡང་མེད་མོད། ཡིན་ནའང་མི་རྣམས་ཀྱིས་མགྲོན་པོ་དག་ལ་བཅོས་མིན་འཛུམ་གྱིས་བསུ་ཞིང་འཚམས་འདྲི་ཡི་སྐད་ཆ་སྙན་མོ་ལྷུག་པར་བརྗོད་པས་ཁོ་ཚོ་ལ་བཟུང་བའི་བསམ་བློའི་བར་ཐག་དེ་ཡང་རང་བཞིན་གྱིས་མེད་པར་འགྱུར་བ་དང་མཛའ་བརྩེ་ཡི་སྣང་བ་ཞིག་ངང་གིས་སྐྱེས་འོང་།
སྔར་རང་ཡུལ་དུ་ཡོད་དུས་ཕྱི་གླིང་པ་སྐྲ་སེར་དག་ཁྲིད་དེ་གྲོང་གསེབ་ཏུ་འགྲོ་སྐབས་ཡུལ་མི་རྣམས་རུབ་སྟེ་ཧ་ལས་པའི་ངང་ལྟ་བར་བྱེད་ལ། ད་ལྟ་རང་ཉིད་ཀྱིས་ཀྱང་ཚོར་བ་དེ་དངོས་སུ་མྱོང་དགོས་བྱུང་། ང་གར་ཕྱིན་ཀྱང་བྱིས་པ་མང་བོ་རྗེས་སུ་འབྲངས་ཏེ་ལྟད་མོར་ལྟ་བས། ངས་ཀྱང་རྟག་པར་ཀུ་རེའི་ཚུལ་གྱིས་ཁོ་ཚོར་ཞེད་སྣང་ཡང་བསླངས་མྱོང་།
ཡུལ་དེའི་མི་མང་ཆེ་བས་ཡེ་ཤུ་ཆོས་ལུགས་ལ་དད་པ་བྱེད་ཅིང་། གདོད་མའི་ཆོས་ལུགས་དང་ཡི་ཟི་ལམ་ཆོས་ལུགས་ལ་དད་མཁན་ཡང་ཡོད། གྲོང་གསེབ་ཏུ་སོང་ཐེངས་རེར་ང་ཚོ་རླངས་འཁོར་ལ་བསྡད་རྗེས་ཁ་ལོ་པས་ལག་པས་ཁ་སྒྱུར་འཁོར་ལོར་འཇུས་ཤིང་མགོ་བསྒུར་ཏེ་རང་གི་ལས་འགན་ཞིག་སྒྲུབ་པ་ལྟར་ཡེ་ཤུའི་ལྷ་ལ་གསོལ་བ་བཏབ་རྗེས་ད་གཟོད་གཞི་ནས་ལམ་དུ་ཆས། ཚོགས་འདུ་འཚོགས་སྐབས་ཀྱང་དེ་དང་འདྲ་བར་ཡེ་ཤུ་ཡི་སྐྱབས་འགྲོ་ཤིག་སྔོན་དུ་འགྲོ།
གྲོང་ཁྱེར་གྱི་འཚོ་བ་ནི་གྲོང་གསེབ་དང་མི་འདྲ་བར་འདུ་འཛི་ཧ་ཅང་ཆེ་སྟེ། རྒྱལ་ས་ལི་ལོང་ཀུའེ་ནི་མཐའ་ཡས་པའི་རྩྭ་ཐང་ཞིག་ཏུ་ཆགས་ཡོད། ས་ཁྱོན་ཆེ་ནའང་ཐོག་ཁང་དང་གཞུང་ལམ་སོགས་ནི་ང་ཚོའི་ཁུལ་ཞིག་ལས་སྐྱོ་བ་འདུག རང་འདེམ་ཚོང་ཁང་ཅུང་ཆེ་བ་རེ་གཉིས་ཙམ་ཡོད་ལ། ཚོང་ཁང་ཆུང་བ་ཅ་ལག་རིན་གོང་དམའ་བ་ཀྲུང་གོ་ནས་ཐོན་པའི་ཁུག་མ་སོགས་འཚོང་བ་ཡང་ཡོད། བདག་པོ་ཀྲུང་གོ་ལན་གྲུ་ནས་ཡིན་པའི་ཟ་ཁང་ཞིག་ཀྱང་མཐོང་མོད། ཡིད་ཕངས་པ་ལ་དེའི་ཚོད་ཐོ་སྟེང་དུ་ལན་གྲུའི་སྐམ་ཤའི་བཅད་ཐུག་མི་འདུག གལ་སྲིད་དེ་ཡོད་ཚེ་ངས་སྐབས་དེར་འཐུང་ཐེངས་གཅིག་གིས་དཀར་ཡོལ་བཞི་ལྔ་ཞིག་འཐུང་ངེས་ཡིན།
ང་བདག་པོ་ཀོ་རི་ཡ་ནས་ཡིན་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་ལ། ཞོགས་པ་དང་ལས་ཀ་གྲོལ་རྗེས་སྤྱི་སྤྱོད་རླངས་འཁོར་དུ་སྡོད་དགོས། ས་དེའི་སྤྱི་སྤྱོད་རླངས་འཁོར་ཡང་དངོས་གནས་གླེང་རིན་ཡོད་པ་ཞིག་རེད། མང་ཆེ་བ་ནི་རླངས་འཁོར་ཆུང་བ་འདུག་སྟེགས་ལྟར་ན་མི་བཅུ་ཙམ་ཤོང་བ་ཡིན་མོད། རྟག་པར་ནང་དུ་མི་ཉི་ཤུ་ལྷག་བརྫངས་འདུག་ངེས་ལ། དེར་སྡོད་མཁན་རྣམས་ཀྱང་ཧ་ཧ་ཧོ་ཧོ་ཡི་དགོས་སྒྲས་ཁེངས་པ་ལས་འཁང་རའི་ཚིག་ནི་གཅིག་ཀྱང་ཐོས་མ་མྱོང་། རླངས་འཁོར་མང་ཤོས་ནི་རྙིང་བ་རྙིང་ཧྲུལ་དུ་གྱུར་པ་སྒོ་ཐག་པས་བསྡམས་པ་དང་། ཁ་ལོ་པའི་མདུན་གྱི་མགྱོགས་ཚད་དང་སྣུམ་སོགས་འཇལ་བྱེད་ཀྱི་བརྟག་དཔྱད་འཕྲུལ་ཆས་གཅིག་ཀྱང་མ་ལྷག་པར་བཀོག་ཟིན་པ། མཐིལ་བརྡོལ་པའི་ཁུང་བུའི་ནང་དུ་རྐང་བ་ཚུད་པའི་ཉེན་ཁ་ཡོད་པ་སྟེ། མདོར་ན་དེ་འདྲའི་ཆ་ལག་མི་ཚང་བའི་རླངས་འཁོར་ཞིག་ད་དུང་ལམ་དུ་རྒྱུག་ཐུབ་པ་ནི་ངོ་མཚར་ཆེའོ་བསམ་པ་དབང་མེད་དུ་སྐྱེས་འོང་།
ང་སྡོད་སའི་མགྲོན་ཁང་ནས་གྲོང་ཁྱེར་དཀྱིལ་གྱི་འདུ་འཛི་ཆེ་སར་ཐག་ཅུང་རིང་ལ། གྲོགས་པོ་རྣམས་ཀྱིས་ཀྱང་ལན་གཅིག་མིན་པར་མཚན་མོ་ཕྱིར་སོང་ན་ཉེན་ཁ་ཆེ་ཚུལ་བརྗོད་པས་ཟླ་དང་པོའི་ནང་དུ་མཚན་མོར་སྒོ་ཕྱིར་འགྲོ་མ་ཕོད་པར་ནང་དུ་བསྡད་དེ་དེབ་རེ་ཀློག་པའམ་ཉིན་ཐོ་འདྲ་བྲིས་ཏེ་སྡོད་དགོས་བྱུང་།
ཉིན་ཞིག་རྒྱལ་ཁང་གཞན་ཞིག་གི་ང་ཚོ་དང་ཚོགས་པ་གཅིག་ཡིན་པའི་ཕོ་མོ་གཉིས་ང་ཚོའི་ལས་ཁུངས་སུ་ཉམས་མྱོང་བརྗེ་རེས་བྱ་རུ་འོངས་པས། དགོང་མོ་ཞོག་ལ་ང་ཚོས་དེ་གཉིས་ཕྱིར་ཁྲིད་དེ་མགྲོན་བྱས་པ་ཡིན།
དགོས་འཚལ་གྱི་རྗེས་སུ་ང་ཚོ་ཆང་ཁང་དུ་ཆས་པར། སྐྱེས་མ་དེས་དེ་ནི་ཁྱོད་ཚོ་སྐྱེས་པ་དག་འགྲོ་ས་ཡིན་ཟེར་ཏེ་ཕྱིར་ལོགང་ཚོ་སྐྱེས་པ་རྣམས་ཆང་ཁང་ཞིག་ཏུ་ཕྱིན།སྐྱེས་མ་དེས་བརྗོད་པ་ཡང་བདེན་པ་འདྲ།དེར་ཕོ་ལས་མོ་རིག་རྒྱུ་མི་འདུགང་ཚོས་དབུ་ཆང་འཐུང་བཞིན་ལབ་གླེང་སྣ་ཚོགས་བྱས་ཏེ་བསྡད།དུས་ཚོད་ཅི་ཙམ་འགོར་པའང་མི་ཤེས་ལ་ས་ནི་ཡོངས་སུ་རུབ་ནས་ཡུད་ཙམ་འགོར།སྐབས་དེར་གང་ནས་འོངས་པ་ཡང་མ་ཤེས་པར་སྨན་ཤར་གདོང་ལ་སྐག་ཚོས་མཐུག་པོ་བྱུགས་པ་རེ་གཉིས་བསྟུད་མར་དེར་བསླེབས་བྱུང་ལ།དེ་འདྲའི་སྨན་ཤར་ཇེ་མང་དུ་སོང་བ་དང་ཁུ་སིམ་པའི་ཆང་ཁང་དེ་ཡང་འཁྲུག་ཆ་དོད་པོར་གྱུར།བུད་མེད་དེ་རྣམས་དང་པོ་སྐྱེས་པ་རྣམས་དང་ཐག་མི་རིང་སར་བསྡད་དེ་དབུ་ཆང་རེ་འཐུང་བཞིན་འདུག་ལ།དེ་ནས་རིམ་གྱིས་སྐྱེས་པ་དག་གི་གན་དུ་བཅར་ཏེ་ཆགས་པ་སློང་བའི་གཏམ་དང་རྣམ་འགྱུར་ཅི་རིགས་སྟོན་པར་བྱེད།“ཀྭ་ཡེ་གྲོགས་པོ།ཁྱེད་རང་རྒྱལ་ཁབ་གང་གི་ཡིན།དོ་དགོང་ང་དང་མཉམ་དུ་ཆང་ཞིག་བཏུང་ན་ཅི་འདྲ་རེད།” སྤྱི་སྤྱོད་རླངས་འཁོར སྐབས་དེར་བུད་མེད་ཅིག་ངའི་འཁྲིས་ཀྱི་འདུག་སྟེགས་སུ་བསྡད་འདུགངས་དེ་ལ་ཁ་ཡ་མ་བྱས་པར་ཁ་ཕར་འཁོར་ཏེ་གྲོགས་པོ་དང་གཏམ་གླེང་ཁུལ་བྱས་ཏེ་བསྡད་པར།བུད་མེད་དེས་ད་དུང་རྒྱབ་ཏུ་ཁེར་ལབ་རྒྱག་གིན་འདུག་ལ།མཐར་འུ་ཐུག་སྟེ་འཁང་རའི་ཚིག་འགའ་སྨྲ་བཞིན་བུད་སོང་།ཅང་མ་འགོར་པར་བུད་མེད་དེ་སྐྱེས་པ་གཞན་ཞིག་གི་གན་དུ་བསྡད་འདུགངས་འཁྲིས་ཀྱི་གྲོགས་པོ་ཞིག་ལ“བུད་མེད་འདི་དག་ཅི་བྱེད་མཁན་ཡིན་ནམ”ཞེས་དྲིས་པར།“དེ་ཁྱེད་ཀྱིས་བལྟས་ཚོད་ཀྱིས་མངོན་གསལ་མ་ཡིན་ནམ”ཞེས་ཅུང་མ་རངས་པའི་ཚུལ་གྱིས་ལན་བཏབ་བྱུང་།རེད་ཡ།ངའི་དྲི་བ་དེ་ནི་དངོས་གནས་ཤེས་བཞིན་དྲིས་པའི་དྲི་བ་ལྷག་མ་ཞིག་རེད།ཡང་དེ་དག་གང་ནས་ཡོང་ཚུལ་དྲིས་པར།“འགའ་རེ་ནི་ཁྱེད་རང་སོང་མྱོང་བའི་གྲོང་གསེབ་ཀྱི་རྩྭའི་སྤྱིལ་བུ་དེ་དག་ནས་འོངས་པ་ཡིན་པ་ཁྱོད་ཀྱི་བསམ་ཡུལ་ལས་འདས་ངེས”ཞེས་ཟེར།
རྗེས་སུ་ངས་གནས་ཚུལ་དེ་དག་ལ་དོ་སྣང་བྱས་ཤིང་རིམ་གྱིས་རྒྱུས་ལོན་ཕྲན་ཙམ་བྱུང་། ས་ཆ་དེར་བུད་མེད་སྨད་འཚོང་མ་མང་པོ་ཡོད་པ་ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། དེ་དག་ལས་མང་པོ་ནི་དབུལ་ཕོངས་ཀྱིས་ཁྱིམ་ནས་སྒོར་དེད་ནས་ལས་དེ་ལ་མི་འདོད་བཞིན་དུ་ཞུགས་པ་རེད། ཡང་འགའ་རེས་དེ་ནི་སྤྱི་ཚོགས་གང་དུའང་ཡོད་པའི་ཐུན་མོང་གི་གནད་དོན་ཞིག་གོ་ཞེས་ཀྱང་བརྗོད་སྲིད་མོད། དེའི་རྒྱབ་ཀྱི་གནད་དོན་སྐྱི་གཡའ་བ་དེ་ལ་ངེས་པར་གདེང་འཇོག་ནན་མོ་བྱེད་དགོས་པ་ཞིག་སྟེ། དེ་ནི་ཨེད་ཙི་ཟེར་བ་དེའི་མིང་ཙམ་ཐོས་པས་ཀྱང་འཛམ་གླིང་གི་མི་རྣམས་འཇིགས་ཡེར་བར་གཏོང་བའི་ནད་དེ་རེད།
1986ལོར་ཨེར་ཙི(AIDS)ཡི་ནད་གཞི་དེ་དང་པོ་ངོས་བཟུང་བ་ནས་ད་ལྟའི་བར་གྱི་མི་ལོ20རིང་ལ་འཛམ་གླིང་སྟེང་གི་མི་བྱེ་བ་གསུམ་ལྷག་གི་ཚེ་སྲོག་ནད་དེས་རྨེག་མེད་དུ་ཕྲོགས་ལ།གལ་སྲིད་ཨེད་ཙི་འགོས་ཚེ་དེ་ལ་ད་ལྟའི་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་འཕྲུལ་ཆས་དང་སྨན་བཅོས་བྱེད་ཐབས་སྤྱད་ཀྱང་དེའི་ནད་དུགHIVགསོད་ཐབས་མེད་པས། འཆི་བདག་གི་ཕོ་ཉ་ནམ་འབྱོར་ལ་བསྒུགས་ཏེ་སྡོད་པ་ལས་བྱེད་ཐབས་ཅི་ཡང་མེད་དོ།།དེས་ན་ནད་དེ་ནི་ང་ཚོས་ཀྱང་ངེས་པར་རྒྱུས་ལོན་བྱ་དགོས་པ་ཞིག་སྟེ།དེའི་འབྱུང་རྐྱེན་དང་འགོག་ཐབས་སོགས་ངེས་ན་ད་གཟོད་དེ་ལ་དོན་མེད་དུ་ཞེད་དགོས་དོན་མེད་ལ། ལུགས་མཐུན་གྱི་སྔོན་འགོག་བྱེད་པ་ནི་རང་ཉིད་དང་ཁྱིམ་མི།མཐའ་ན་མི་རིགས་བཅས་ཆགས་འཇིག་དེའི་ནང་དུ་མི་ལྷུང་བའི་ཐབས་དམ་པའོ།།ནད་དེའི་རང་བཞིན་ནི་དེའི་ནད་དུག་མི་ཞིག་གི་སྟེང་དུ་འགོས་ཚེ་ནད་དེས་རིམ་གྱིས་མི་དེའི་ལུས་སྟེང་དུ་བག་ལ་ཡོད་པའི་ནད་འགོག་གི་ནུས་པ་རྣམས་རྩ་མེད་དུ་བཅོམ་སྟེ།སྨན་བཅོས་ཅིས་ཀྱང་རྔོ་མི་ཐོགས་པར་མི་དེའི་ཚེ་སྲོག་འཕྲོག་པར་བྱེད།ནད་དེ་འགོས་ཀྱང་འཕྲལ་དུ་ནད་རྟགས་མི་མངོན་ལ་ལོ་འགའི་རྗེས་སུ་རིམ་གྱིས་ཚ་བ་དང་གློ་ནད།གྲོད་པ་བཤལ་བ།ལུས་ཟུངས་ཉམས་པ་སོགས་ཀྱི་རྟགས་ཐོན་འོངས་ལ་རིམ་གྱིས་ལུས་ཀྱི་ཟུངས་ཟད་དེ་ལྔ་ལམ་དུ་འགྲོ་བ་ལས་ལམ་གཞན་མེད་དོ།།ནད་དེ་འགོ་ཚུལ་ལ་ལམ་གསུམ་ཡོད་དེ།ཁྲག་དང་།འཁྲིག་སྤྱོད།མངལ་བཅས་བརྒྱུད་དེ་འགོ་བར་བྱེད།དེས་ན་སྔོན་འགོག་ལའང་ཐབས་དེ་དག་གི་སྟེང་ནས་འབད་དགོས་ཏེ།གཞན་གྱིས་སྤྱད་པའི་སྨན་ཁབ་དང་སོ་འབལ་བྱེད་ཀྱི་ཡོ་བྱད་སོགས་གང་བྱུང་མི་སྤྱོད་པ་དང་།ནད་པར་ཟུངས་ཁྲག་སྤྱོད་པར་ཁྲག་གི་ཡོང་ཁུངས་ལ་གཟབ་དགོས།ནད་ཀྱི་སྲིན་འབུ་དེ་ཁྲག་དང་།སྐྱེས་པའི་ཁུ་བ།སྐྱེས་མའི་གཡའ་ཆུ།ནུ་ཞོ་སོགས་སུ་གནས་ཡོད་པས་སྔོན་འགོག་གི་ཐབས་མ་སྤྱད་པར་ནད་དེ་འགོས་ཡོད་པའི་མི་དང་འཁྲིག་པ་སྤྱད་ཚེ་ནད་དེ་རང་ཉིད་ལ་འགོ་བའི་ཉེན་ཁ་ཧ་ཅང་ཆེ་བས།འདིར་ནན་གྱིས་ཞུ་རྒྱུ་ཞིག་ལ།རང་དང་གཞན་ཀུན་གྱི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་གང་བྱུང་དུ་མི་རྒྱུས་མེད་དང་ལུས་འབྲེལ་འབྱུང་བ་སྤང་རྒྱུ་དང་།གལ་ཏེ་བྱུང་ཡང་སྔོན་འགོག་གི་ཐབས་ཏེ།སྲུང་ཤུབས་བེད་སྤྱོད་བྱས་ན།དེ་ནི་ནད་དེ་མི་འགོ་བའི་ཐབས་ཡིན་ནོ།།སྨད་འཚོང་མ་དག་ནི་ནད་དེ་འགོ་བའི་མི་ཚོགས་ཉེན་ཁ་ཆེས་ཆེ་ཤོས་ཡིན་པས་དེ་ལ་སྤྱོད་པའི་ཆགས་ལྡན་སྐྱེས་པ་རྣམས་ཀྱིས་ཧ་ཅང་གཟབ་དགོས་ལ།རང་ཉིད་ཀྱི་ཚེ་སྲོག་རྒྱན་པོར་བཞག་སྟེ་སྐད་ཅིག་གི་ལུས་ཀྱི་བདེ་བར་རོལ་བ་རྣམས་ཀྱིས་ངེས་པར་བསམ་བློ་ཞིབ་ཏུ་གཏོང་རིགས་སོ།།མངལ་ལས་འགོ་ཚུལ་ནི་ནད་དེའི་སྲིན་འབུ་ལུས་ལ་འགོས་ཟིན་པའི་སྦྲུམ་མ་ལས་མངལ་གྱི་ཕྲུ་གུ་ལ་འགོ་བའམ།བཙའ་སྐབས་འགོ་བ།བཙས་རྗེས་ནུ་ཞོ་ལས་འགོ་བ་བཅས་ཡོད་པས་སྐྱེས་མ་རང་ཉིད་ལ་ནད་དེ་ཡོད་པར་དོགས་པ་རྣམས་སྨན་པ་བསྟེན་དགོས།མདོར་ན་གལ་བོ་ཆེ་ལ་ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ།ནད་དེ་ང་ཚོ་དང་ཐག་རིང་བས་ང་ལ་དེ་འགོ་མི་སྲིད་དོ་སྙམ་པའི་བློས་རང་མགོ་རང་གིས་གཡོགས་ཏེ་འདུག་མི་རིགས་ཏེ།དེ་ང་ཚོའི་གན་དུ་མེད་ན་ནི་བཟང་མོད།ནམ་ཞིག་དེ་རྐང་འཇབ་ལག་འཇབ་ཀྱིས་ཁྱོད་ཀྱི་འཁྲིས་སུ་བསླེབས་ཚར་དུས་ཧ་ཅང་འཕྱིས་དྲགས་ཏེ་བཅོས་ཐབས་མེད་དོ།།
འཛམ་གླིང་དུ་ད་ལྟ་ཉིན་རེར་མི8000ནད་དེའི་རྐྱེན་དབང་དུ་འགྱུར་བཞིན་ཡོད་ལ། 2006ལོའི་ཟླ10པའི་བར་ཀྲུང་གོར་ནད་དེ་འགོས་ཡོད་མཁན་མི་ཁྲི18ལྷག་དང་། ཁྱོན་བསྡོམས་མི12000ལྷག་ཤི་ཟིན་པ་སྲིད་གཞུང་གིས་བསྒྲགས་ཡོད། ནད་དེ་འཛམ་གླིང་དུ་ཁྱབ་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་སློབ་གསོ་དང་སྔོན་འགོག་ལ་ཤུགས་སྣོན་བྱས་པས་གནོད་འཚེ་ཁྱབ་ཆེན་པོ་བྱུང་མེད་ལ། ཨ་ཧྥེ་རི་ཁ་ནི་ནད་དེའི་གནོད་འཚེ་ཆེ་ཁུལ་དུ་གྱུར་ཡོད། ད་ལྟ་ཀྲུང་གོ་ཐེ་བའི་ཡ་གླིང་གི་རྒྱལ་ཁབ་ཁག་ཅིག་ནི་མ་འོངས་པར་ནད་དེའི་གཞི་ས་ལྟ་བུར་འགྱུར་བར་ཆེད་མཁས་དག་གིས་ཚོད་དཔག་བྱས་ཏེ་སེམས་ཁྲལ་བྱེད་བཞིན་ཡོད་དོ། །
ང་ཚོ་གཞི་རིམ་དུ་འགྲོ་སྐབས་རྟག་པར་མཐོང་ཐུབ་པ་ནི་འདི་འདྲ་ཞིག་སྟེ། སྡེ་བའི་ལམ་ཕྲན་སྟེང་སྐྱེས་པ་རྣམས་ཀྱིས་རོ་སྒམ་འཁུར་ཞིང་། བུད་མེད་དང་བྱིས་པ་རྣམས་རྗེས་དེད་ནས་དལ་གྱིས་སྡེ་བའི་ཕྱི་རོལ་ཏུ་འགྲོ། ངའི་ལས་གྲོགས་ཀྱི་ངག་ལས།“ཡང་གཅིག ནད་གདོན་འདིས་ང་ཚོ་མི་རིགས་ཀྱི་སྔ་རྐང་བཅག་སོང”ཞེས་ཤོར། གྲོང་མི་ཚོར་ཚད་ལས་འདས་པའི་སྐྱོ་བའི་ངུ་འབོད་སོགས་མི་འདུག་སྟེ། ངའི་གྲོགས་པོ་ཚོས་བཤད་པ་ལྟར་ན་གྲོང་ཚོ་རུ་མི་ཤི་བ་མང་དྲགས་པས་ཁོ་ཚོའི་མིག་ཆུ་ཡང་བསྐམས་ཟིན་ལ། འདས་མཆོད་ནི་ཁོ་ཚོའི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཟེར།
ཡང་ཉིན་ཞིག་ང་ཚོ་སྲང་དུ་སོང་སྟེ། ཅོག་ཙེ་དང་འདུག་སྟེགས་སོགས་ཁྱིམ་གྱི་ཡོ་བྱད་འཚོང་སའི་ཚོང་ར་ཞིག་ཏུ་འབྱོར། དེར་ཤིང་བཟོ་ཞིག་དང་ལབ་གླེང་བྱས། ཁོ་ནི་སྔར་མདུན་ཅོག་སོགས་ཁྱིམ་གྱི་མཁོ་ཆས་ལས་ཏེ་འཚོང་མཁན་ཞིག་ཡིན་ལ། ཚོང་མ་བྲིན་པས་ད་ལྟ་རོ་སྒམ་ལས་ཏེ་འཚོང་བཞིན་ཡོད་ཟེར། ཁོའི་སྐད་ཆ་དེ་ངས་ནམ་ཡང་བརྗེད་ཐབས་བྲལ།
ཨེད་ཙི་ལ་གཟབ་དགོས་པའི་སྐོར་གྱི་དྲིལ་སྒྲོག་བྱེད་པ་ནི་ག་ས་གར་མཐོང་ཐུབ། སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ཡོངས་ཀྱི་རྒྱབ་ཤོག་སྟེང་དུའང་དེ་སྔོན་འགོག་དང་།ནད་དེ་འགོས་པའི་སློབ་གྲོགས་ལ་བརྙས་བཅོས་བྱེད་མི་ཆོག་ཚུལ་གྱི་ཚིག་བྲིས་འདུགསྲང་མདོ་སོགས་མི་ཚོགས་འདུ་ས་དག་ཏུ་ཡང་དྲིལ་སྒྲོག་གི་བྱང་བུ་ཆེ་ཆུང་མང་བོ་བཙུགས་འདུགབརྙན་འཕྲིན་དང་རྒྱང་སྒྲོགཚགས་པར་སོགས་ཀྱི་སྟེང་དུའང་དེ་ནི་མེད་དུ་མི་རུང་བའི་ལས་ཚན་ལྟ་བུར་གྱུར་ཡོད།ང་ལ་བག་ཆགས་ཆེས་ཟབ་མོ་བཞག་པ་ནི་རྒྱང་སྒྲོག་གི་ཚིག་ཅིག་སྟེ།དེ་ནི་ཉིན་རེ་བཞིན་བསྐྱར་སྒྲོག་བྱེད་པས་ང་ལའང་རྣ་བྱང་དུ་གྱུར།བུ་མོའི་སྐད་གཉོམ་ཆུང་ཞིག་གིས་ངུ་ངག་དང་ཞུ་བ་འདྲེས་མའི་ཚིག་གིས་འདི་ལྟར་སྨྲ།“ལོ་ཤས་ཀྱི་སྔོན་དུ་སྙིང་རྗེ་མེད་པའི་ཨེད་ཙི་ཡིས་ངའི་ཨ་ཕའི་ཚེ་སྲོག་ཕྲོགས་ཏེ་ང་ཚོ་མ་སྨད་རྣམས་ཤུལ་དུ་བསྐྱུར།ན་ནིང་ངའི་ཨ་མ་ཡང་འཆི་བདག་གིས་ཁྲིད་དེ་ང་ཚོ་སྤུན་མཆེད་རྣམས་དྭ་ཕྲུག་ཏུ་ལུས།བསམ་ཡུལ་ལས་འདས་པ་ཞིག་ལ།ད་ལྟ་ནད་གདོན་དེས་བདག་གི་ཕུ་བོ་བཟུང་འདུགགྲོགས་པོ་ཚོ།ངས་ཁྱོད་ཚོར་ནན་གྱིས་ཞུ་བ་བྱ་རྒྱུ་ཞིག་ནི།རང་དང་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ།ཚང་མས་དཔུང་བ་མཉམ་གཤིབ་ཀྱིས་ནད་གདོན་དེ་ལ་སྔོན་འགོག་གྱིས་དང་།”དེ་ནི་དྲིལ་སྒྲོག་བྱེད་པ་ཞིག་ཡིན་ནའང་།ཡུལ་དེར་སྡུག་བསྔལ་དེ་འདྲ་དངོས་སུ་མྱངས་དང་མྱོང་བཞིན་པའི་ཁྱིམ་ཚང་ནི་ཁྲི་ཕྲག་མང་བོ་ཡོད།
ཨེད་ཙིའི་ནད་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་ཡང་མང་བོ་ཞིག་བསླངས་ཡོད་དེ། ཕ་མ་ཤི་བས་ཕྲུ་གུ་དྭ་ཕྲུག་ཏུ་ལུས་པ་དང་། དེ་དག་ཀྱང་འཚོ་བའི་དཀའ་ངལ་གྱི་དབང་གིས་སྤྱི་ཚོགས་སུ་འཁྱམ་པའམ། བུ་མོ་རྣམས་སྨད་འཚོང་གི་ལས་ལ་ཞུགས་པ། མི་རབས་སྔོན་མས་ཞིང་ཕྱུགས་ལས་སོགས་འཚོ་བའི་རྒྱུན་ཤེས་དང་ལག་རྩལ་མི་རབས་རྗེས་མར་མ་བསླབས་པར་དུས་མིན་དུ་ཤི་བས་ལག་རྩལ་མང་པོ་རྒྱུན་ཆད་པ་སོགས་སྡུག་ཐོག་ཏུ་སྡུག་བརྩེགས་ཏེ་ཡོད་དོ། །ཡང་ཨ་ཧྥེ་རི་ཁ་ལྷོ་མའི་ཀུང་སི་ཞིག་གིས་བསྒྲགས་པ་ལྟར་ན། ཁོ་ཚོས་ལག་ཤེས་བཟོ་ལས་པ་གསོ་སྐྱོང་བྱེད་པར། མི་གཅིག་གི་གོ་སར་ངེས་པར་མི་གསུམ་རེ་སྐྱེད་སྲིང་བྱེད་དགོས་ཏེ། གསུམ་ལས་གཉིས་ཨེད་ཙི་ཡིས་དུས་མིན་དུ་འཆི་སྲིད་པས་སོ། །
གོང་དུ་ཀློག་མཁན་ཚོའི་རྣ་བར་གཟན་པའི་སྐད་ཆ་མང་བོ་ཞིག་བཤད་ཀྱང་། ཁྱོད་ཚོས་དེ་ནི་རི་བོང་གནས་རྡིབ་ཀྱི་སེམས་ཁྲལ་ཞིག་གོ་ཞེས་མི་སེམས་པར་ནམ་ཡང་རང་ཉིད་ཀྱི་སྤྱོད་པར་གཟབ་ན། ནད་དེའང་འགོག་ཐབས་མེད་པ་ཞིག་མིན་ནོ། །ཤེས་ཡོན་ཅན་རྣམས་ཀྱིས་དེའི་སྐོར་གཞན་ལ་དྲིལ་སྒྲོག་བྱེད་པ་ཡང་ཧ་ཅང་གལ་ཆེ་སྟེ། དེ་འདྲའི་བཙོག་གཏམ་ང་ལ་མི་འོས་སོ་ཞེས་རང་ཉིད་ཀྱི་ཁ་སློད་པར་དོགས་ནས་སྡོད་མི་རིགས་སོ། །གཏམ་དེ་དག་ནི་ཁོ་བོས་ལྷ་སྒྲུང་ནང་བཞིན་རྟོག་བཟོ་བྱས་པ་ཞིག་གཏན་ནས་མ་ཡིན་པར་མིག་ཟུང་གིས་དངོས་སུ་མཐོང་ཞིང་རྣ་བས་དངོས་སུ་ཐོབ་པ་དག་མ་བཅོས་མ་བསྐུངས་པར་བཤད་པ་ཤ་སྟག་ཡིན་ལ། འདིར་ཚིག་ཚོགས་ལ་མ་འཛེམས་པར་བརྗོད་པའི་རྒྱུ་མཚན་ཡང་རང་རིགས་སྤུན་མཆེད་ཡོངས་ལ་གཞེན་སྐུལ་དང་ཉེན་བརྡའི་ཚུལ་དུ་ཞུས་པ་ཡིན་ལགས།
ཨ་ཧྥེ་རི་ཁ་ནི་ཅི་འདྲའི་དབུལ་བོ་ཡིན་ཚུལ་ནི་བཤད་ཟིན་པ་ལྟར། དེའི་རྒྱུ་མཚན་གྱིས་འཛམ་གླིང་གི་རོགས་སྐྱོར་ཚོགས་པ་མང་བོ་ཡང་དེར་འདུས་ཏེ་དབུལ་སྐྱོབ་ཀྱི་ལས་སྒོ་འདྲ་མིན་སྣ་ཚོགས་སྤེལ་ཏེ། མང་ཚོགས་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པར་བརྩོན་བཞིན་པ་ལ་ནི་ངེས་པར་རྗེས་སུ་ཡི་རང་གི་བསྟོད་ཚིག་སྒྲོག་འོས་མོད། དེ་དང་མཉམ་དུ་ཡང་བརྗེད་མི་རུང་བ་ཞིག་ནི། ཡོད་ཚད་གཞན་ལ་རེ་ན་མི་གཤིས་ཀྱི་བག་ལ་ཉལ་བའི་སྒྱིད་ལུག་གི་ཕག་པ་དེ་ཆེ་རུ་འགྲོ་བ་དང་བརྩོན་འགྲུས་ཀྱི་རྟ་བོ་སྒྲོག་ཏུ་ཚུད་ངེས་ཏེ། ནམ་ཡང་ལག་པ་གཞན་ལ་བསྲིང་རྐྱང་བྱས་ཏེ་བསྡད་ཚེ་ནམ་ཞིག་རང་གི་ལས་དབང་གཞན་ལག་ལ་རེ་དགོས་པའི་སྐྱི་གཡའ་བའི་དུས་ཀྱང་འཆར་ངེས་པས། གཞན་གྱི་རོགས་སྐྱོར་ནི་རང་ཉིད་འཕེལ་རྒྱས་ཀྱི་གྲོགས་སམ་ཕྱིའི་རྐྱེན་ཞིག་ཏུ་བརྩིས་ཏེ་གཙོ་ཆེར་རང་ཁ་རང་གསོ་ཡི་ལས་ལ་འབད་པར་རིགས་སོ། །
ཨ་ཧྥེ་རི་ཁའི་མི་དམངས་ནི་དེ་འདྲའི་དབུལ་བོ་ཡིན་ནའང་། ཁོ་ཚོ་འཚོ་སའི་གནས་ནི་འཛམ་གླིང་གི་གནས་སྐོར་པ་དག་གིས་རྨི་ལམ་དུ་ཡང་རེ་བ་བྱ་བའི་གནས་ཤིག་ཡིན་ཅེས་བརྗོད་ན་ནི་འུད་བརྗོད་ཀྱི་ཚིག་ཅུང་ཟད་ཀྱང་འདྲེས་མེད་ཅེས་སྨྲ་ཆོག མཱ་ལ་ཝེ་ནི་ཨ་ཧྥེ་རི་ཁ་གླིང་གི་ཤར་ལྷོ་རུ་ཡོད་ལ། མང་ཆེ་བ་ནི་མཐའ་ཡས་པའི་རྩྭ་ཐང་ཡིན། ཆར་དུས་སུ་དེར་ཆར་ཆུ་ཧ་ཅང་མོད་པས་རྩྭ་ཐང་ཡོངས་རྫོགས་མིའི་གཟུགས་ཚད་ལས་བརྒལ་པའི་རྩྭ་ཡིས་ཡོངས་སུ་ཁེབས་ཡོད་ལ། དེའི་སྟེང་དུ་ལོ་མ་ཧ་ཅང་སྟུག་པའི་ཚ་ཁུལ་གྱི་ལྗོན་ཤིང་ཨ་མྲ་དང་ཤིང་ཏ་ལ་སོགས་མིང་ཐོགས་པ་དང་མི་ཐོགས་པའི་འབྲས་ལྡན་དང་འབྲས་བུ་མེད་པའི་ཤིང་སྣ་ཚོགས་ཀྱིས་བརྒྱན་འདུག ས་ཅུང་མཐོ་སའི་དེའུ་འབུར་གྱི་སྟེང་ནས་རྒྱང་ལྟ་བྱས་ཚེ་རྩྭ་ཐང་བརྒྱུད་དེ་གྱ་མ་གྱུ་ཡིས་བཞུར་བའི་དལ་འགྲོ་རིང་མོ་ཡང་ཉི་མའི་འོད་ཟེར་ནང་དུ་འོད་ལམ་ལམ་བྱེད་པ་ངོ་མཚར་ཆེ་ལ། ལྗོན་ཤིང་གི་གསེབ་ཏུ་མཚམས་མཚམས་སུ་དུད་ཚང་གི་སྤྱིལ་བུ་འགའ་རེ་མངོན་པའང་རང་བྱུང་ཁམས་ཆེན་པོར་ཡོངས་སུ་འཐིམ་ནས་འདུག མཚེའུ་མཱ་ལ་ཝེ་ནི་རྒྱལ་ཁབ་དེའི་ཤར་རྒྱུད་དུ་འཁྱིལ་ཞིང་དེའི་ཤར་ཕྱོགས་ཀྱི་ངོགས་ནི་རྒྱལ་ཁབ་གཞན་དང་འབྲེལ་ཡོད་ལ། ལྷོ་བྱང་དུ་ནར་མོའི་དབྱིབས་སུ་འཁྱིལ་ཡོད་པས་ཞེང་ཆུང་སར་ཆུའི་ཕ་རོལ་གྱི་ཐན་སང་ནི་ཡཱ་དང་མོ་སང་པི་ཁེ་རྒྱལ་ཁབ་གཉིས་ཀྱང་མཐོང་ཐུབ། མཚེའུ་ཡི་ངོགས་ཀྱི་ལྗོན་ཤིང་གི་ལོ་མ་སྟུག་པོའི་གྲིབ་བསིལ་གྱི་འོག་ཏུ་བསྡད་དེ་ཤིང་འབྲས་ལ་རོལ་ཞིང་མཚེའུའི་རླབས་སྒྲར་ཉན་ཏེ་འདུག་སྐབས་ཕྱི་རོལ་གྱི་འཇིག་རྟེན་ཁམས་ཀྱང་ཡོངས་སུ་རྗེད་པར་བྱེད།
སྐབས་འདིར་བསླེབས་སྐབས་ཁྱོད་ཚོའི་ནང་གི་ཁ་ཤས་ཀྱིས་སྒུག་མི་ཚུགས་པར། “འོ་ན་ཁྱོད་ཀྱིས་ནམ་རྒྱུན་བརྙན་འཕྲིན་དུ་སྟོན་པའི་ཨ་ཧྥེ་རི་ཁའི་རི་དྭགས་ཏེ། སེང་གེ་དང་། གཟིག ཤ་སྐེ་རིང་། རྟ་སྲེ། ཆུ་སྲིན་རྨིགས་པ། བསེ་རུ་སོགས་མཐོང་བྱུང་ངམ”ཞེས་འདྲི་ཚེ། ངས་ནི་ངོ་གནོང་བཞིན་མགོ་གཡུག་པ་ལས་ཐབས་མེད། རི་དྭགས་ཀྱི་ཞིང་ཁམས་སུ་བསླེབས་ནས་རི་སྐྱེས་སྲོག་ཆགས་གཅིག་ཀྱང་མཐོང་མ་ཐུབ་པ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད། ངའི་གྲོགས་པོ་རྣམས་ཀྱིས་བརྗོད་པ་ལྟར་ན། ང་དེར་སྡོད་དུས་ནི་ཆར་དུས་ཡིན་པས་རི་སྐྱེས་སྲོག་ཆགས་མཐོང་དཀའ་ལ། རྩྭ་ཐང་གི་རྩྭ་རྣམས་རྙིད་ཅིང་ཆུ་ཕྲན་མང་བོའང་བསྐམས་པའི་སྐབས་སུ་གཙང་བོའི་འགྲམ་སོགས་སུ་རི་དྭགས་མང་བོ་མཐོང་ཐུབ་ཟེར། རྗེས་སུ་རྒྱལ་ཁབ་དེ་དང་བྲལ་ནས་ཕྱིར་ཡོང་སྐབས་ཨ་ཧྥེ་རི་ཁ་ལྷོ་མ་རུ་ཉིན་འགར་བསྡད་ཅིང་ཆེད་དུ་སྤྱི་གླིང་དུ་རི་དྭགས་ལ་བལྟ་རུ་ཕྱིན་པས་གཞི་ནས་རི་དྭགས་མང་བོ་མཐོང་ཐུབ་སོང་། འོན་ཀྱང་ཡངས་པའི་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བཞིན་པའི་རི་དྭགས་ཀྱི་ཉམས་དེ་དག་སྤྱི་གླིང་དུ་ག་ལ་མཐོང་ཐུབ།
ཨ་ཧྥེ་རི་ཁ་ནི་ས་གཤིས་དང་གནམ་གཤིས་གང་གི་ཆ་ནས་ཀྱང་རྒྱ་གར་ལྷོ་ཕྱོགས་དང་འདྲ་བ་ཡིན་པས།མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ》རུ་གསུངས་པའི་ཤིང་འགའ་རེ་དེར་ཡང་ངོ་འཕྲོད་བྱུང་བས་དཔེ་མེད་ཀྱི་དགའ་བ་ཞིག་བྱུང་།ནྱ་གྲོ་དྷའམ་རྐང་མང་ཟེར་བ་འཁོབས་རྒྱ་ཧ་ཅང་ཆེ་བ་དེ་འདྲ་ཡང་མཐོང་ལ་དེ་ནི་རྒྱ་ནག་སྐད་དུ榕树ཟེར་བ་རེད།བེ་ཏའི་སྡོང་བོ་ཁང་ཚད་བཞི་ལྔ་ཙམ་གྱི་མཐོ་ཚད་ཡོད་ཅིང་།ཀ་བ་བཞིན་དུ་ཧྲེང་ངེར་ཡོད་པ་དེ་ནི་ག་ས་གང་དུ་མཐོང་།དེའི་རྩེ་ལ་ཐོགས་པའི་འབྲས་བུ་ཆེ་ཞིང་ལྕི་བས་སྐབས་འགར་ལྷུང་འོང་སྟེ་སྟབས་མ་ལེགས་པར་མགོ་ལ་ཁེལ་ན་གསོད་ཟེར་བ་ཡང་ངེས་པར་བདེན།འབྲས་བུ་རེར་རྒྱ་མ་ལྔ་ཙམ་ཡོད་ལ་ཤུན་ལྤགས་ཤིན་ཏུ་སྲ་བས་དེ་ཁང་ཚད་བཞི་ལྔ་ནས་མར་ལྷུང་སྟེ་མིའི་མགོར་ཕོག་ཚེ་ངེས་པར་འཆིའོ།།དེའི་ནང་ཁོང་གི་ཆུ་བསིལ་མངར་ཅན་དེ་ཡང་བཏུང་བ་ཡིན།ཚ་བ་ཆེ་དུས་ནང་གི་སིལ་ཁུ་དེ་ཡང་ཅུང་དྲོན་མོ་འདུགཡང་གྲོག་མཁར་ཟེར་བ་དོན་ལ་གྲོག་མ་དཀར་པོའི་ཚང་ཆེན་པོ་ས་འབུར་ཁང་ཚད་གཅིག་གི་མཐོ་ཚད་ཙམ་ཡོད་པ་ངས་མཐོང་མོད།འོན་ཀྱང་ནངས་པར་བལྟས་ཚེ་དེའི་ནང་ནས་གྲོག་མའི་ཁ་རླངས་དུ་བ་བཞིན་དུ་འོང་ཟེར་བ་མཐོང་མ་ཐུབ།དེ་གའི་མིས་གྲོག་མ་དཀར་པོ་ཟ་བས་དེའི་གནོད་པར་མི་འཇིགས།དྲང་སྲོང་གྲོག་མཁར་སྒོམ་ལ་ཡུར་བ་ཕྱི་ནས་གྲོག་མ་རྣམས་ཀྱིས་གྲོག་མཁར་བརྩིགས་ཏེ་ལུས་ཧྲིལ་པོ་གཡོགས་ཀྱང་མ་ཟོས་པར་གྲགས་པའི་སྒྲུང་དེ་བདེན་འདུག་གི་ངེས་ཤེས་དངོས་སུ་བྱུང་།ཉིན་ཞིག་གྲོང་རྡལ་གྱི་མགྲོན་ཁང་ཆུང་ངུ་ཞིག་ཏུ་སྡོད་སྐབས་དགོང་མོ་ལུས་ཡོངས་ཟ་འཕྲུག་གིས་གཉིད་ལས་བསླངས།གློག་བཀར་ཏེ་བལྟས་པ་ན་གྲོག་མ་སྟོང་ཕྲག་མང་པོས་ངའི་ལུས་དང་ཉལ་ཁྲི་ཡོངས་སུ་ཁེབས་འདུག་པ་མཐོང་འཕྲལ་ཞེད་དེ་སྐད་ངན་ཡང་ཤོར་ཅིང་ཉལ་ཁྲི་ལས་མཆོངས་ཏེ་ལུས་ཡོངས་ལག་རས་ཀྱིས་ཕྱིས་རྗེས་ཞག་གང་བོར་ཉལ་མ་ནུས་པར་བསྡད།ཕྱི་ཉིན་སྔ་དྲོ་ས་དེའི་གྲོགས་པོ་རྣམས་ལ་ལབ་ཀྱང་ཡིད་མི་ཆེས་ཙམ་བྱས།མི་ཞིག་ཁྲིད་དེ་བལྟ་རུ་ཕྱིན་པ་ན་གྲོག་མ་རྣམས་ད་དུང་ཉལ་ཁྲིའི་སྟེང་དུ་ཁེངས་འདུག་པ་མཐོང་བས་ཁོའི་ངག་ལས་ཀྱང་ཨ་ཁ་ཁ་ཞེས་སྐད་ཤོར།གྲོག་མ་དེ་དག་གིས་མིའི་ལུས་ལ་མི་རྨུག་པ་འདྲ་ལ་སྣུམ་ཟས་ལ་ཧ་ཅང་དགའ་འདུགཉིན་ཞིག་བ་དམ་བརྔོས་མ་ཟ་འཕྲོ་སྤོས་འགྱིག་ཁུག་མ་ཕྱེད་ཙམ་ཅོག་ཙེ་སྟེང་བཞག་པ།ཅང་མ་འགོར་པར་ཕྱིར་བསླེབས་དུས་ཁུག་མའི་ནང་དུ་གྲོག་མས་འཚང་ཁ་ཤིགས་ཤིགས་རྒྱག་བཞིན་པ་མཐོང་།
ཟླ་གསུམ་གྱི་དུས་ཚོད་ནི་ཇི་ལྟར་འདས་པའང་མ་ཤེས་ལ། བདག་ནི་ལས་གྲོགས་རྣམས་དང་། རྟག་པར་འགྲོ་སའི་གྲོང་ཚོ་དག དེའི་ཁོར་ཡུག་བཅས་ལ་རིམ་གྱིས་བཅོས་མིན་གྱི་བརྩེ་དུངས་ཇེ་ཟབ་ཏུ་འགྲོ་བཞིན་པའི་སྐབས་དེར། ངའི་དངོས་སྦྱོང་གི་དུས་ཚོད་ཀྱི་ཚད་ལོངས་ཏེ་ཕྱིར་ལྡོག་དགོས་བྱུང་། ལས་གྲོགས་འགས་གནམ་གྲུ་ཐང་བར་ང་ལ་སྐྱེལ་མ་བྱས། གྲོང་ཁྱེར་ནས་གནམ་གྲུ་ཐང་བར་གྱི་ལམ་གྱ་གྱུ་དེ་ནི་ང་ལ་ཧ་ཅང་ཆ་རྒྱུས་ཡོད་ཅིང་། ལམ་འགྲམ་གྱི་རྩྭའི་སྤྱིལ་བུ། རྩྭ་ཐང་དུ་ཀྲོང་ངེར་འགྲེང་བའི་ལྗོན་ཤིང་། གྱ་གྱུར་བཞུར་བའི་གཙང་པོ། ཐ་ན་རྩྭ་གསེབ་ཏུ་ཡིབས་ཏེ་ང་ལ་མཐོང་བའི་གོ་སྐབས་མ་སྦྱིན་པའི་རི་སྐྱེས་སྲོག་ཆགས་ཚོགས་རྣམས་ཀྱིས་ཀྱང་རང་ལ་སྐྱེལ་མ་བྱེད་ཀྱིན་མེད་དམ་སྙམ་ཞིང་སེམས་ཀྱང་སྨྲེང་སྨྲེང་པོར་གྱུར། གནམ་གྲུས་རིམ་གྱིས་དགུང་བསྟད་ཅིང་སྒེའུ་ཁུང་ཕྱི་རོལ་གྱི་ཡངས་ཤིང་ཆེ་བའི་རྩྭ་ཐང་དུ་ཀྲོང་ངེར་ལངས་པའི་ལྗོན་ཤིང་དག་གིས་ང་ལ་སླར་ཡང་ཕེབས་ཤོག་ཟེར་བ་དང་མཚུངས་སོ། །
ཡོང་ཁུངས།:(2007ལོའི《སྦྲང་ཆར》དེབ་བཞི་བར་བཀོད།)
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆