-----
བྱིས་པའི་སྐད་གདངས་མཐོན་པོའི་ཀློག་འདོན་གྱི་ཕན་ནུས་རགས་ཙམ་གླེང་བ།
ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་གྱིས་སྒྱུར་སྒྲིག་བྱས།
བྱིས་པའི་སྐད་ཡིག་སློབ་སྦྱོང་གི་གནས་ཚུལ་གླེང་ཚེ། ང་ཚོས་དུས་རྒྱུན་བཤད་བཞིན་པའི་སྐད་ཆ་གཅིག་ནི་སྐད་ཡིག་གི་བྱང་ཚད་ཟེར་བ་དེ་རེད།ད་བར་ཕ་མ་མང་པོས་ད་ལྟ་ཁོང་ཚོའི་བྱིས་པའི་སྐད་ཡིག་གི་ཤེས་བྱ་དྲན་ཤེས་ཐོག་ནས་གསོ་སྐྱོང་བྱེད་བཞིན་ཡོད།དཔེར་ན་བྱིས་པར་སྨྱུ་གུ་སྤྱད་ནས་ཡི་གེ་མང་དུ་འབྲི་རུ་འཇུག་པ་དང་།དཔེ་ཀློག་མང་དུ་བྱེད་པ།ཉིན་ཐོ་འབྲི་བ་སོགས་ལྟ་བུ།འདི་དག་ཚང་མ་སྐད་ཡིག་གི་བྱང་ཚད་མཐོར་འདེགས་གཏོང་བའི་ཐབས་ལམ་ཡག་ཤོས་སུ་ཆགས་བསྡད་ཡོད།དོན་ངོ་མར་བཤད་ན་ད་རུང་ཧ་ཅང་སྟབས་བདེ་དང་སླ་མོའི་ངང་འགྱུར་བ་གཏོང་ཐུབ་པའི་ཐབས་ལམ་གཅིག་ཡོད་པ་ནི་སྐད་གདངས་མཐོན་པོའི་ཀློག་འདོན་རེད།ང་ཚོས་འདིར་བརྗོད་པའི་ཀློག་འདོན་ནི་བྱིས་པར་སྐད་ཆེན་པོས་རྩོམ་ཡིག་ཀློག་ཐུབ་པར།གསལ་དག་སྙན་གསུམ་ལྡན་པ་དང་ཡིད་ཆེས་བརྟན་པོ་ཡོད་དགོས་པ་ལས་སྐད་དམའ་མོས་ལྡ་ལྡི་བྱ་མི་རུང་བ་དེ་ཡིན།ཁྱིམ་བདག་དང་བྱིས་པ་མང་དག་ཅིག་གིས་སྐད་ཡིག་སློབ་སྦྱོང་གི་ཁྲོད་ནས་དོན་ངོ་མས་སྐད་ཆེན་པོའི་ཀློག་འདོན་ཐབས་ལམ་ལ་སྣང་ཆུང་བྱེད་པ་རེད།བྱིས་པ་མང་པོ་ཞིག་གི་རང་གཤིས་ཅུང་ཙམ་སྒམ་པོ་སྨྲ་ཉུང་ཅན་ཡིན་པས་སྐད་ཕྱིར་བཏོན་ནས་སློབ་ཚན་ཀློག་མི་འདོད་པ་ཡིན།ཞིབ་ཏུ་བསམ་ན་སྐད་ཆེན་པོའི་ཀློག་འདོན་ནི་ཡིད་འཛིན་ལ་ཕན་པ་ཤིན་ཏུ་ཆེ་བ་ཡིན།སློབ་ཚན་བློར་འཛིན་ལ་ཅུང་ཙམ་མྱུར་ཞིང་ངར་བ་ཡིན་པའི་སློབ་མ་དེ་ཚོ་ནི་ནམ་རྒྱུན་སྐད་ཤུགས་ཆེན་པོས་ཡང་ཡང་ཀློག་ཐུབ་པ་ཡིན།སྐད་ཆེན་པོས་ཀློག་པའི་ཁེ་ཕན་དེ་ལས་ཀྱང་མང་བ་ཡོད།སྐད་ཆེན་པོས་ཀློག་པ་དེས་བྱིས་པ་ཚོར་རང་ཉིད་ལ་ཡིད་ཆེས་འཛུགས་ཐུབ་པ་དང་།སེམས་ཁམས་ཀྱི་དཀའ་ངལ་ལེགས་བཅོས་དང་ཀླད་པ་སྤྲོ་སྣང་གི་གནས་སུ་བཞག་པ།ཀླད་པའི་ནང་ངར་སེམས་བསྐྱེད་པའི་གནས་སྟངས་ལ་སླེབས་པར་བྱ་ཐུབ་པ་ཡིན།
གཅིག ཀླད་པའི་གཡས་པ་ཡར་རྒྱས་གཏོང་བར་ཕན་པ་ཡོད།
སྐད་ཆེན་པོའི་ཀློག་འདོན་ནི་གང་ཡིན་ཟེར་ན། དོན་གྱི་སྙིང་བོ་ནི་ཀློག་པ་པོས་རང་ཉིད་ཀྱི་སྐད་སྒྲ་རང་གིས་མྱོང་རོལ་བེད་སྤྱོད་གཏོང་བ་ཡིན། དུས་ཚོད་དང་བསྟུན་ནས་བྱིས་པའི་སྣང་བརྙན་བསམ་གཞིག་གི་ནུས་པ་རང་འགུལ་ངང་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོད། བརྗོད་པའི་བྱ་རིམ་ཁྲོད་ཚིག་དེ་སྒྲ་ལ་བསྒྱུར་ནས་ཡི་གེ་རེ་རེ་སྐད་སྒྲའི་ངག་གི་རང་བཞིན་དུ་འགྱུར་བ་དང་། སྒྲ་དབྱངས་དང་། འགྱུར་ཁུགས། སྣང་བརྙན། སེམས་འགུལ་བཅས་མཉམ་དུ་བསྡེབས་ནས་མི་རྣམས་བླ་ན་མེད་པའི་མཛེས་པའི་སྒྱུ་རྩལ་མྱོང་རོལ་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུལ་འགྲོ་བ་དེས་ཀླད་པ་གཡས་པ་ཧ་ཅང་ཚད་མཐོན་པོས་ཡར་རྒྱས་དང་སྦྱོང་བརྡར་བྱེད་ཐུབ་པ་ཡོད།
གཉིས་པ། བྱིས་པ་སྔར་ལས་སྤྲོ་དགའ་ཅན་ཞིག་ཏུ་འགྱུར་བ་གཏོང་ཐུབ།
རང་གཤིས་སྨྲ་ཉུང་ཅན་གྱི་བྱིས་པ་ནི་ཏག་ཏག་སྨྲ་བརྗོད་ཀྱི་སྐད་སྒྲ་ཅུང་དམའ་བ་ཡིན་ཏེ།གལ་ཏེ་བྱིས་པར་སྐད་ཆེན་པོས་སློབ་ཚན་དང་རྩོམ་ཡིག དཔེ་དེབ་སོགས་ཀློག་པར་རྒྱུན་འཁྱོངས་བྱེད་ཐུབ་ཚེ། མཛེས་པའི་སྐད་བརྗོད་ཀྱི་སྤྲོ་སྣང་མྱོང་བ་བརྒྱུད་ནས་ཁོ་ཚོ་རིམ་གྱིས་ཡིད་ཆེས་ཀྱི་སྙིང་སྟོབས་བསྐྱེད་པ་དང་། དེ་ནས་ཡུན་གྱིས་སྤྲོ་བར་འགྱུར་སྲིད་དོ།
གསུམ་པ།བྱིས་པའི་རྒྱུད་ཀྱི་རང་རྟོན་སྐུལ་སྤེལ་བྱེད་པ།
གྱེར་འདོན་གྱིས་བྱིས་པའི་རྒྱུད་ཀྱི་སྤོབས་པའི་ངར་སེམས་སྐུལ་སྤེལ་གཏོང་ཆོག་པ་དང་རང་རྟོན་གྱི་སེམས་པ་མཐོར་འདེགས་གནང་བ། ཡང་དང་བསྐྱར་དུ་ཀློག་པའི་གྱེར་འདོན་གྱིས་བྱིས་པའི་སྙིང་སྟོབས་བསླངས་ཐུབ་པ་ཡིན། ནང་སྒོས་སུ་སྤྱི་དང་ཐུན་མོང་མཉམ་ཀློག་གི་སྐབས་སུ་སྐད་ཆེན་པོའི་ཀློག་འདོན་གྱིས་ཕན་ཚུན་དབར་ལ་ལ་རྒྱའི་སྙིང་སྟོབས་གསོ་ཐུབ་པ་མ་ཟད། དེ་ནས་ཀློག་འདོན་གྱི་སྤྲོ་ཤུགས་དང་དགའ་སྣང་ཡང་འབྱུང་ཐུབ་ངེས་ཡིན།
བཞི་བ། ཀླད་པའི་དབང་རྩའི་ངར་ཤུགས་བསྐྱེད་པར་བྱེད་པ།
མིའི་ཀློག་འདོན་སྐབས་སུ་མགྲིན་སྦུགས་དང་ཤ་གནད། ལྕེ། རླུང་རྒྱུན་སོགས་ཀྱི་འགུལ་སྐྱོད་ཀྱིས་ཀླད་ཆེན་གྱི་གནས་ཡུལ་སོ་སོའི་འགུལ་སྐྱོད་ལ་སྒུལ་ཤུགས་ཐེབས་ཐུབ་པ་དང་། ལྷག་པར་དུ་མིའི་རིགས་ཀྱི་ཀླད་པའི་དབང་རྩའི་མ་ལག་གི་གྲུབ་ཆ་ལས་དཔྲལ་འདབ་དང་གཙུག་འདབ།རྣ་འདབ། ད་དུང་ཀླད་ཤུན་གྱི་འགོག་ཤུགས་དང་ངར་སེམས་བཅས་སྙོམས་གནས་ཀྱི་ཚད་དུ་སླེབས་པར་བྱེད་པ་མ་ཟད། ཁྲག་རྒྱུན་གྲངས་ཚད་དམ་དབང་རྩའི་ནུས་པའི་སྙོམས་སྒྲིག་ནི་ཆེས་བཟང་པའི་གནས་སྟངས་ནང་ཐོན་པར་བྱེད་པ་ཡིན། སྐད་ཆེན་པོའི་ཀློག་འདོན་རྒྱུན་འཁྱོངས་བྱས་ན་ཀླད་ཆེན་གྱི་ནུས་པ་སྔར་ལས་ལྷག་པར་ཚོར་རྣོན་ཆེ་ལ་སྤྱོད་བདེ་པོ་གཏོང་ཐུབ། དྲན་ཤེས་ནུས་པ་དང་མཉམ་འཇོག་ནུས་པ་སོགས་སློབ་སྦྱོང་གི་ནུས་པ་ནི་རིམ་འཕེལ་གྱིས་མཐོར་འདེགས་ཡོང་ཐུབ་པའོ།
ལྔ་བ། དྲན་ཤེས་གྲངས་ཐོ་ལ་ཕན་པ།
དུས་རྒྱུན་སྐད་གསེང་མཐོན་པོས་ཀློག་པ་དང་གྲངས་མང་པོས་བཀླག་ན་ང་ཚོའི་ཀླད་ལྤགས་ཕྱི་ཤུན་ནས་གཏིང་རིམ་གྱི་དྲན་ཤེས་ཕྱིར་ལམ་གྱི་སྒོ་འབྱེད་པར་རོགས་བྱེད་ཐུབ་པ་ཡིན་ལ། དྲན་ཤེས་སྤུས་ཚད་ལེགས་བཅོས་གཏོང་ཐུབ། གཏིང་ཟབ་པའི་དྲན་ཤེས་ཕྱིར་ལམ་ནི་ཀླད་པའི་གཞོགས་གཡས་དང་འབྲེལ་མཐུད་བྱས་ནས་ཡོད། གལ་ཏེ་ཕྱིར་ལམ་འདི་ཉིད་ཡོངས་སུ་ཕྱེས་ཏེ་ཀླད་གཞོགས་གཡས་པའི་དྲན་ཤེས་ཕྱིར་ལམ་དང་འབྲེལ་མཐུད་བྱུང་བ་ན། སྤུས་ཚད་མཐོ་བའི་དྲན་ཤེས་སུ་གྱུར་ནས་བྱིས་པ་ཁ་ཅིག་ནི་མཐོང་བ་ཙམ་གྱིས་ནམ་ཡང་བརྗེད་ངེས་རྐུན་པོས་ཁྱེར་དཀའོ།
དྲུག་པ། གོ་རྟོགས་ནུས་པ་གྲུབ་པ།
ང་ཚོས་ཡང་དང་བསྐྱར་དུ་སྐད་ཆེན་པོའི་གྱེར་ཀློག་བྱས་ན། བྱིས་པའི་གོ་རྟོགས་ནུས་པ་འཕེལ་ཐུབ་པ་མ་ཟད།ཀླད་པའི་གཞོགས་གཡས་ནང་ཤོང་བའི་བརྡ་འཕྲིན་གྲུབ་པའི་རིག་ལམ་གྱིས་ཤིན་ཏུ་དཀོན་པའི་ཚེ་སྲོག་གི་ཉམས་མྱོང་དང་ཚོར་སྣང་ཟབ་མོ་འཐོབ་ཐུབ་པ་དང་། དེ་ལས་ནུས་ཤུགས་མང་པོ་ཞིག་བསགས་པ་དང་དེ་ནས་རིན་ཐང་ཅན་གྱི་གོ་རྟོགས་དེ་ཉིད་རིག་པ་སྒྲིམ་པ་དང་གསོག་འཇོག་བྱེད་པ་ཡིན། ན་ཚོད་འཕེལ་བ་དང་ལོ་ཟླའི་འགྱུར་ལྡོག་དང་བསྟུན་ནས། ཁོང་ཚོར་གོམ་གང་མདུན་སྤོས་ཀྱིས་ཧ་གོ་བ་དང་སེལ་རྟོགས་བྱུང་སྲིད། དེར་བརྟེན་བྱིས་པའི་འབྱུང་འགྱུར་གྱི་འཚར་ལོངས་སེལ་རྟོགས་དང་ཤེས་རྟོགས་ཆུ་ཚད་མཐོར་འདེགས་ཐད་ཤུགས་རྐྱེན་ཐེབས་ཐུབ་པ་ཡིན།
བདུན་པ། མཛེས་པའི་ཚོར་སྣང་སྐྱེས་སླ་བ་ཡིན།
རྩོམ་ཡིག་དང་དཔེ་དེབ་རེ་རེའི་ནང་དུ་གཅིག་མཚུངས་མ་ཡིན་པའི་མཛེས་པ་ཡོད་ལ།རྩོམ་མཁན་གྱི་མཛེས་པ་མྱོང་བའི་ཚོར་སྣང་ཡང་ཚུད་ཡོད་པ་དང་སྐད་ཆེན་པོའི་ཀློག་འདོན་གྱིས་འདི་ལྟ་བུའི་མཛེས་པ་མྱོང་རོལ་གྱི་རང་གཟུགས་ཚུར་སྣང་བྱས་ཡོད་པ་ཡིན།ཚིག་དྲང་ཞིང་གདངས་ཟླུམ་པ་སྟེ་སྐད་ཆེན་པོའི་ཀློག་འདོན་ནི་སྣ་ཁ་མང་བའི་རིག་གནས་སྒྱུ་རྩལ་གྱི་མྱོང་དཔྱོད་ཅིག་ཡིན། དེ་ནི་ཡི་གེ་རང་བཞིན་གྱི་རྣམ་པས་མཚོན་པ་ཞིག་ཡིན་སྟེ། སྐད་དང་སེམས་ཚོར་གྱི་ཁྲོད་ནས་མི་རྣམས་ཀྱི་བསམ་བློའི་རྣམ་ཤེས་ལ་འདྲེས་ནས་ཕྱིར་མཚོན་པ་དང་། རྣམ་ཤེས་ཀྱི་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་ཀྱིས་མཚོན་པར་བྱས་ཡོད།
བརྒྱད་པ། ཀླད་པའི་དབུགས་འབྱིན་རྔུབ་ཀྱི་ཐད་ལ་སྟོབས་བསྒྱུར་བ།
སྐད་ཆེན་པོའི་ཀློག་འདོན་བྱེད་པ་ནི་རིགས་འགའ་ཡི་གལ་གནད་སྟེང་ནས་གླུ་དབྱངས་ལེན་པ་དང་འདྲ་ས་ཡོད། དེའི་རྩ་དོན་ནི་ཕོ་བའི་དབུགས་འབྱིན་རྔུབ་ལ་བརྟེན་ནས་མིའི་ལུས་ཕུང་གི་ཤ་གནད་སོ་སོ་འགུལ་སྐྱོད་བྱེད་པར་བཀོད་སྒྲིག་བྱེད་པ་ལས་གཞན། ད་དུང་དབུགས་འབྱིན་རྔུབ་སྦུགས་ལམ་དང་བསུས་པ་སྦྱོང་བརྡར་བྱེད་བཞིན་ཀླད་པའི་དབུགས་འབྱིན་རྔུབ་ཀྱི་ཐད་ལ་སྟོབས་བསྒྱུར་བ་ཡིན། མི་ནི་སྐད་ཕྱིར་འདོན་དུས་རང་བཞིན་གྱིས་དབུགས་འབྱིན་རྔུབ་ཀྱི་གྲངས་ཚད་འཕར་སྣོན་བྱུང་སྲིད་པ་རེད། དབྱང་དབུགས་ཧ་ཅང་མང་པོ་ཞིག་རྔུབ་ནས་ཁྲག་གི་དབྱང་རླུང་ཚད་ཇེ་མཐོར་བཏང་ནས་རྙིང་ཚབ་གསར་བརྗེ་ལ་གོང་སྤེལ་གཏོང་བ་ཡིན།
དགུ་བ། རྩོམ་འབྲི་ནུས་པ་གོང་འཕེལ་གཏོང་བར་རོགས་རམ་བྱེད་ཐུབ་པ་ཡིན།
སྐད་ཆེན་པོའི་ཀློག་འདོན་ནི་གཞན་གྱི་བརྩམས་ཆོས་སློབ་སྦྱོང་བྱེད་པའི་གོ་རིམ་ཡིན་ལ།རང་གི་བརྩམས་ཆོས་དག་བཅོས་ནས་འཐུས་ཚང་དུ་གཏོང་བའི་གོ་རིམ་ཞིག་ཀྱང་ཡིན། སེམས་ཤུགས་ཆེན་པོས་གྱེར་ཀློག་དང་བློར་འཛིན་བྱས་ན་སེམས་ཀྱི་འགྱུར་བ་སྣ་ཚོགས་བརྗེ་སྒྱུར་བྱུང་ནས། བརྩམས་ཆོས་གྲགས་ཅན་གྱི་སྒྲ་རིག་གི་མཛེས་པ་དང་ཚིག་འགྲོས་མཛེས་པ། ཚིག་ཉམས་ཀྱི་མཛེས་པ་སོགས་བདེན་ཐུབ་ཀྱིས་ཚོར་བ་དངོས་མྱོང་ཐུབ་པ་མ་ཟད། ད་དུང་རྩོམ་ཡིག་གི་འབྱུང་ཁུངས་དང་རྒྱུད་འཛིན་དང་བརྒྱུད་སྤྲོད་དང་མཇུག་སྡོམ་བཅས་ཀྱི་བརྒྱུད་རིམ་ཁ་ཚང་ད་གཟོད་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཉམས་མྱོང་ཤེས་རྟོགས་བྱུང་ཐུབ་པ་ཡིན།
བཅུ་པ། བརྗོད་ཚུལ་ལེགས་སུ་གཏོང་བ།
སྐད་མཐོན་པོས་གྱེར་ཀློག་སྐབས་སུ། སྐད་ཆ་གསལ་བོ་བཤད་པ། ཚིག་དྲང་ཞིང་སྐད་གདངས་ཟླུམ་པ། གཅིག་གྱུར་དང་བདེ་བླག་ཡོང་བ་ནི་གཞི་རྩའི་ཆ་རྐྱེན་ཡིན། དེ་ལྟ་བུའི་སྦྱོང་བརྡར་གྱིས་བྱིས་པ་ཚོས་གསུང་བཤད་དང་རྩོད་གླེང་ནང་ལས་དོན་ཡག་པོ་དང་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་ལ། དེ་བཞིན་ཁོང་ཚོའི་གནད་དོན་གཞན་དག་ཐད་འབྲེལ་འདྲིས་དང་བརྗེ་རེས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་ཕན་ཐོགས་ཡོད།
བྱིས་པའི་སྐད་གསེང་མཐོན་པོས་ཀློག་པའི་གོམས་གཤིས་གསོ་སྐྱོང་བྱེད་དགོས་པ་ལ་ཐབས་མཚར་གང་དག་ཡོད་དམ།
༡ བྱིས་པ་ཚོས་རང་ཉིད་ཀྱི་དཔེ་དེབ་འདེམས་རྒྱུར་སྐུལ་མ་གཏོང་བ།
བྱིས་པ་ཚོས་སློབ་དེབ་ནང་དུ་ངེས་པར་དུ་བཀླག་དགོས་པའི་རྩོམ་ཡིག་ཁག་མ་ཟད། ཕ་མ་ཚོས་ཕྲུ་གུ་ཚོར་རང་ཉིད་ཀྱིས་དེབ་འདེམས་རྒྱུར་སྐུལ་མ་གཏོང་འདོད་ཡོད་སྲིད། དེ་ལྟར་བྱས་ན་བྱིས་པ་ཚོས་དམིགས་བསལ་གྱི་ངོ་རྒོལ་མི་བྱེད་པར་ཧུར་ཐག་དང་སྤྲོ་བ་ཆེན་པོས་མཉམ་ཞུགས་བྱེད་སྲིད་པ་ཡིན།
༢ མ་བཀླག་སྔོན་དུ་ཐོག་མར་གོ་བ་ལེན་དགོས།
སྐད་ཆེན་པོས་ཀློག་པ་ནི་ཀློག་པའི་ཆེད་དུ་ཀློག་པ་མ་ཡིན། འོབ་ཚོད་ནས་འགོ་བཙུགས་པ་དང་། བྲེལ་འཚུབ་ངང་འགོ་རྩོམ་པ། མགྱོགས་པོས་ཡོད་ཚད་ཁྱུར་མིད་གཏོང་པ་དེས་དེ་ལས་ལྡོག་པར་གོམས་གཤིས་འདིའི་ཕན་གནོད་ལ་ཕན་འབྲས་མེད་པ་བཟོ་བ་རེད། སྐད་གསེང་མཐོན་པོས་དཔེ་ཀློག་མ་བྱས་གོང་ལ་ཕ་མ་ཚོས་ཀྱང་དེའི་ནང་ཞུགས་ནས་བྱིས་པའི་ནངས་སྦྱོང་ལ་རོགས་རམ་བྱེད་དགོས། དཔེར་ན། རྩོམ་ཡིག་ནང་དུ་ཡོད་པའི་མིང་བརྡ་དང་། གདངས་མང་བའི་ཡི་གེ དེ་བཞིན་དོན་སྣ་ཚོགས་ཀྱི་ཚིག་བཅས་ལ་ཐོག་མར་རྩོམ་ཡིག་འདིའི་ནང་དུ་དེ་དག་གི་སྒྲ་གདངས་དང་དོན་སྙིང་ཧ་གོ་དགོས། རྩོམ་པ་པོའི་ལོ་རྒྱུས་དང་རྩོམ་གྱི་རྒྱབ་ལྗོངས་ལ་སྤྱིར་བཏང་གིས་གོ་བ་ལོན་དགོས། བྱིས་པ་ཚོས་རྩོམ་ཡིག་ནང་གི་ཚིག་གྲུབ་འགའ་ཤས་ལ་ཉམས་མྱོང་ཚད་གཞི་ཆུང་བའི་རྐྱེན་གྱིས་ཤེས་རྟོགས་ཡོང་ཐུབ་མེད། དེ་ཕྱིར་ཕ་མ་ཚོས་བྱིས་པ་དེ་ཚོ་དབྱེ་ཞིབ་བྱེད་པར་བཅུག་ནས་དེ་ལ་གོ་བ་ལེན་པར་འབད་བརྩོན་བྱེད་དགོས། འདི་ལྟར་བྱས་ན་ཁྱོད་ཀྱིས་ད་གཟོད་དཔེ་ཀློག་ཡག་པོ་ཞིག་བྱེད་ཐུབ།
༣ ཉིན་རེར་གཏན་འཁེལ་གྱི་དུས་ཚོད་དང་དུས་ཡུན་གཏན་འཁེལ་བྱེད་པ།
གོམས་གཤིས་ཤིག་ཆགས་པར་བརྩོན་འགྲུས་དགོས་ལ། ཉིན་ལྟར་ཕ་མ་དང་བྱིས་པ་ཚོར་སྟབས་བདེ་བའི་དུས་ཚོད་གཏན་འཁེལ་ཞིག་འདེམས་ནས་དུས་ཚོད་དེར་སྐད་གསེང་མཐོན་པོས་ཀློག་འགོ་ཚུགས་དགོས། འདིས་མཛད་སྒོ་རང་བཞིན་གྱི་ཚོར་སྣང་ཤུགས་ཆེ་བ་བསྐྲུན་པ་མ་ཟད། བྱིས་པ་ཚོས་དེ་ལ་ཕྱོགས་གཞན་ནས་གཟབ་གཟབ་བྱེད་ཐུབ།
༤ བཀླགས་རྗེས་བསམ་བློ་ཡག་པོ་གཏོང་དགོས།
བྱིས་པ་ཚོས་བཀླགས་རྗེས་ཁོ་ཚོའི་མིད་པ་བརླན་པའི་ཆེད་དུ་ཆུ་དྲོན་མོ་ཞིག་གྲ་སྒྲིག་བྱེད་དགོས། ཁོང་ཚོ་སེམས་ཁམས་ཞི་འཇམ་དུ་ཕྱིན་ནས་རིམ་བཞིན་སྔར་གནས་སྤྱིར་བཏང་གི་སྐད་ཆ་བཤད་སྐབས། ང་ཚོས་བྱིས་པ་ཚོ་དང་མཉམ་དུ་དོན་ཚན་འདིའམ་ཡང་ན་རྩོམ་ཡིག་འདི་བཀླགས་རྗེས་ཁོང་ཚོའི་ཚོར་སྣང་ཇི་ལྟར་ཡིན་མིན་གྲོས་བསྡུར་བྱས་ནས་བྱིས་པ་ཚོས་རང་ཉིད་ཀྱི་གོ་རྟོགས་བརྗོད་པར་སྐུལ་མ་གཏོང་བ་དང་། ཁོང་ཚོར་རང་ཚུགས་ཀྱི་བསམ་བློ་གཏོང་རྒྱུར་སྐུལ་མ་གཏོང་དགོས།
ཕ་མས་བུ་ཕྲུག་ལ་དཔེ་ཀློག་ཇི་ལྟར་བྱེད་དམ།
དོན་ཚན་བཅུ་གསུམ་འདི་དྲན་དགོས།
གལ་ཏེ་ཁྱེད་རང་གི་བྱིས་པ་ཚོར་སྐད་ཆེན་པོས་ཀློག་པའི་གོམས་གཤིས་ཆགས་དགོས་ན། ཕ་མ་ཚོས་བྱིས་པ་ཚོར་སྐད་ཆེན་པོས་ཀློག་དགོས་པའི་ནན་བཤད་བྱེད་དགོས། ང་ཚོས་"ཀློག་མཁན"ཞེས་པའི་དེབ་ནང་ངོ་སྤྲོད་བྱས་པའི་ཐབས་ལམ་འགའ་ཤས་འོས་སྦྱོར་བྱེད་རྒྱུ་ཡིན།
༡ ཁྱེད་རང་གིས་སྐད་གསེང་མཐོན་པོས་ཀློག་འགོ་ཚུགས་པ་སྔ་ན་དེ་ཙམ་ཡག་པོ་ཡོད། ཁྱེད་རང་གི་བྱིས་པ་སློབ་ཆུང་མཐར་ཕྱིན་བར་དུ་མུ་མཐུད་དུ་ཀློག་པར་འབད་བརྩོན་བྱོས།
༢ ཉིན་རེར་ཉུང་མཐར་ཡང་དཔེ་ཀློག་དུས་ཚོད་གཏན་འཁེལ་གཅིག་བཀོད་སྒྲིག་བྱས་ཏེ་དེ་གོམས་གཤིས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།
༣ ཁྱེད་རང་གིས་བྱིས་པའི་གླུ་གཞས་དང་། བྱིས་པའི་གླུ་གཞས། པར་རིས་དེབ་བཅས་ཚིག་ཕྲེང་འགའ་ཤས་བཀོད་ནས་མགོ་བརྩམས་ནས་རིམ་བཞིན་ཡིག་གཟུགས་མང་བ་དང་པར་རིས་ཉུང་བ་ཡོད་པའི་བྱིས་པའི་དེབ་ཀློག་རྗེས་ལེའུ་ཡོད་པའི་སྒྲུང་དང་སྒྲུང་རིང་ལ་སྤོ་དགོས།
༤ དུས་ཚོད་ཀྱི་ནང་དུ་ཆོག་མཆན་ཐོབ་ན་བྱིས་པར་ཀློག་འདོན་མང་པོ་བྱེད་དགོས། འོན་ཀྱང་ཐོག་མར་དུས་ཚོད་གཅིག་པུ་རིང་དྲགས་པར་མི་བྱ་པར་བྱིས་པས་ཀློག་འདོན་བྱེད་པའི་སྤྲོ་སེམས་རྒྱུན་འཁྱོངས་བྱེད་དགོས། བྱིས་པས་དང་ལེན་གྱི་ཚད་ལ་གཞིགས་ནས་རིམ་བཞིན་དུས་ཚོད་ཇེ་མང་དུ་གཏོང་དགོས།
༥ ཉན་པའི་གོམས་གཤིས་དེ་བྱིས་པ་ཚོར་སློབ་སྦྱོང་བྱས་བརྒྱུད་ནས་གྲུབ་པ་དང་རིམ་བཞིན་འཕེལ་རྒྱས་གཏོང་དགོས། ཉན་རྒྱུ་ནི་སྐད་ཅིག་གིས་ཤེས་ཐུབ་པ་ཞིག་མ་རེད།
༦ ཁྱེད་རང་གི་ཀློག་དེབ་ཀྱི་རིང་ཚད་དང་བརྗོད་གཞི་མི་འདྲ་བ་ལ་གཟབ་གཟབ་བྱེད་དགོས།བྱིས་པ་ཚོས་རང་ཉིད་ཀྱི་དཔེ་དེབ་འདེམས་པར་སྐུལ་མ་གཏོང་དགོས།
༧ སྐད་གསེང་མཐོན་པོས་ཀློག་མ་ཐག་དེབ་ཀྱི་མིང་དང་རྩོམ་པ་པོ། པར་རིས་ཀྱི་རྩོམ་པ་པོ་བཅས་ངེས་པར་དུ་བརྗོད་དགོས།
༨ སྐད་གསེང་མཐོན་པོས་དཔེ་ཀློག་ལ་འགོ་དང་མཇུག་ཡོད་དགོས། འོན་ཀྱང་ཁྱེད་ཀྱིས་དེབ་དེ་འདེམས་པ་ནོར་བ་ཤེས་ན་འཕྲལ་མར་མཚམས་འཇོག་དགོས།
༩ གལ་ཏེ་ཁྱེད་ཀྱིས་པར་རིས་ཡོད་པའི་དེབ་ཅིག་ཀློག་ན་བྱིས་པ་ཚོར་པར་རིས་དེ་དག་མཐོང་དུ་འཇུག་པར་འབད་བརྩོན་བྱོས།
༡༠ ཁྱེད་རང་གི་ཕྲུ་གུ་ལ་དུས་ཡུན་རིང་བོར་བསམ་བློ་གཏོང་བར་རོགས་པ་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་ཁོ་དང་མཉམ་དུ་དུས་ཚོད་གཅིག་ལ་གཅིག་གཏོང་རྒྱུ་དེ་རེད། ཁྱེད་རང་གི་ཕྲུ་གུ་ཚོར་སྒྲུང་ཀློག་པ་དང་ཁོང་ཚོས་སྒྲུང་ལ་ཉན་པའི་སྐབས་ཁོང་ཚོའི་རྣམ་འགྱུར་ལ་དོ་སྣང་བྱེད་པ་དེས་ཁེ་ཕན་མང་པོ་ཐོབ་ཐུབ།
༡༡ ནམ་ཡང་མགྱོགས་པོར་ཀློག་མི་རུང་། རང་ཉིད་མི་དགའ་བའི་དེབ་མ་བཀླགས་ན་བཟང་། རྒྱུ་མཚན་ནི་ཁྱོད་ཀྱི་རྣམ་འགྱུར་གྱིས་ཁྱོད་ཀྱི་བསམ་ཚུལ་ལས་སླ་པོར་གསལ་སྟོན་བྱེད་ཐུབ།
༡༢ མི་ཉུང་ཤས་ཤིག་ལས་རང་བྱུང་གི་ཀློག་མཁན་ཡིན་པས་ཕ་མ་ཚང་མས་སྦྱོང་བརྡར་བྱེད་དགོས། ཁྱེད་རང་གི་རྣམ་འགྱུར་དེ་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བ་དང་། ཐ་ན་ཁྱེད་རང་གི་སྐད་གདངས་བརྗེ་སྒྱུར་བྱས་ནས་འཁྲབ་སྟོན་བྱེད་དགོས།
༡༣ སྐབས་འགར་བྱིས་པའི་ཀླད་པར་ཁ་གཏད་གཅོག་ཆེད་དེབ་དཀའ་ཁག་ཅན་འགའ་ཤས་ཀློག་དགོས། བྱིས་པར་བསམ་གཞིག་མང་ཙམ་བྱེད་པར་སྐུལ་མ་བཏང་ནས་ཁོ་ཚོ་དང་མཉམ་དུ་དེབ་ཀྱི་ནང་དོན་ལ་གྲོས་བསྡུར་བྱེད་པར་འབད་བརྩོན་བྱེད་དགོས།
༢༠༢༤ལོའི་ཟླ༡༠པའི་ཚེས༡༩ཉིན་ལ་ཁྲི་ཀའི་རང་ཤག་ཏུ་བསྒྱུར་གྲུབ།
ཡོང་ཁུངས།
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆