པྲ་ཏི་དང་སི་ཏུའི་བདག་སྒྲ་བཞེད་ཚུལ་སོགས་གསལ་བར་བཤད་པ་རིན་པོ་ཆེ་ཀེ

旅行   2025-01-03 09:02   青海  

 -----

པྲ་ཏི་དང་སི་ཏུའི་བདག་སྒྲ་བཞེད་ཚུལ་སོགས་གསལ་བར་བཤད་པ་རིན་པོ་ཆེ་ཀེ་ཏ་ཀའི་གཟི་འོད།

རྩོམ་པ་པོ། ཆོས་རྒྱལ།


གངས་ཅན་རིག་གནས་བཅུ་ཕྲག་འདབ་མ་ཡི།།

རྩ་བའི་ལྗོན་བཟང་རིན་ཆེན་བརྡ་སྤྲོད་གཞུང་།།

ལེགས་མཛད་གངས་ཅན་མུན་པ་སེལ་བྱེད་པ།།

ཐོན་མིའི་ཞབས་རྡུལ་བདག་གི་གཙུག་ཏུ་བླངས།།


དེ་ཡང་གངས་ཅན་གྱི་གསལ་བྱེད་ཆེན་པོ་བཀའ་དྲིན་བླ་ན་མཐོ་བ་བོད་ཀྱི་ལོ་ཙཱ་བའི་ཐོག་མར་གྱུར་པ་སློན་དཔོན་ཐོན་མི་སམ་བྷོ་ཊས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་ཀྱང་། ཕྱིས་སུ་མིག་གི་སྤྱོད་ཡུལ་དུ་གྱུར་པ་ལུང་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉི་ག་ལས་མེད། དེ་གཉིས་ཀྱི་བསྟན་པ་མ་ཉམས་པར་འཕྲོ་བསྐྱངས་པས། དེའི་ཕྱིས་སུ་བྱུང་བའི་མཁས་ཆེན་གསེར་རིའི་ཕྲེང་བ་རྣམས་ཀྱིས་དག་ཡིག་རྩ་འགྲེལ་དང་སུམ་ཅུ་པ་རྟགས་འཇུག་སོགས་མང་པོ་གསུངས་པ་ལ་བརྟེན་ནས། ད་སྐབས་བོད་ཀྱི་བརྡ་སྤྲོད་ནི་དག་ཡིག་དང་སུམ་ཅུ་པ་རྟགས་འཇུག་སོགས་གསུམ་གྱིས་བསྡུས་པར་བཤད། དེ་རྣམས་ལས་སུམ་ཅུ་པའི་རྩ་བའི་བསྟན་བཅོས་ལུང་སྟོན་པ་སུམ་ཅུ་པས་དངོས་སུ་བསྟན་པའི་པུ་ལིངྒའི་སྒྲའམ་བདག་སྒྲ་འདི་ཉིད་བཤད་པ་ལ། ༡ པྲ་སི་གཉིས་ཀྱི་འདོད་པ་དགོད་པ། ༢ དེ་གཉིས་ལས་གང་འཐད་བསྟན་པ། ༣ ཞར་ལ་གཞན་གྱི་འདོད་ཚུལ་བརྗོད་པ།  ༤ སྦྱོར་ཚུལ་གྱིས་མཇུག་བསྡུ་བའོ།།

༡ པྲ་སི་གཉིས་ཀྱི་འདོད་པ་དགོད་པ་ལ།

པྲ་ཏིའི་འདོད་ཚུལ་དང་། སི་ཏུའི་འདོད་ཚུལ་གཉིས།

དང་པོ་པྲ་ཏིའི་འདོད་ཚུལ་ནི། ཁོང་གིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་གསལ་གྱི་རྒྱན་ལས།“རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ།། ཞེས་དང་། དེ་དག་ལ་པ་བ་པོ་ཅན་གང་ཡང་རུང་བ་སྦྱར་བས། རྟ་པ། གསེར་པ། སེ་ར་པ། ལྷ་ས་པ། སྨ་ར་ཅན། ཀ་བ་པ། བུམ་པ་བ། མྱོང་བ་པོ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ།།”ཞེས་ཤེས་བྱེད་དུ་དྲན་པ་ཡེ་ཤེས་ཀྱི་སྨྲ་སྒོ་ལས།པ་བ་ཅན་ནི་བདག་པོ་འམ།། ལྡན་པའི་དོན་དུ་སྦྱར་བར་བྱ།། ཞེས་དྲངས་སོ།། དེ་དག་ལ་བསམས་ན། པྲ་ཏིས་བདག་སྒྲ་ལ་པ་བ་པོ་ཅན་ལྡན་སོགས་ལྔར་བཞེད་ཅིང་མ་མོ་གཉིས་བདག་སྒྲར་མི་བཞེད་པར་མ་ཟད། པུ་ལིངྒའི་སྒྲ་དང་བདག་སྒྲ་གཉིས་ལ་ཁྱེད་མ་ཕྱེས་པར། བདག་སྒྲ་ཡིན་ན་པུ་ལིངྒའི་སྒྲས་ཁྱབ་པ་ལྟར་བུར་ཁས་འཆེས་སོ།།


གཉིས་པ་སི་ཏུའི་འདོད་ཚུལ་ནི། ཁོང་གིས་མཛད་པའི་མུ་ཏིག་ཕྲེང་མཛེས་ལས།“དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ། ཞེས་དང་། མ་དང་མོའི་སྒྲས་བུད་མེད་དུ་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱའོ་ཞེས་སོ།།”ཞེས་སོགས་ཀྱི་གཞུང་ལ་བརྟགས་ན། སི་ཏུས་བདག་སྒྲ་ལ་དངོས་བསྟན་དང་ཤུགས་བསྟན་གཉིས་སུ་འདོད་ཅིང་། དངོས་བསྟན་སྐྱེས་པའི་རྟགས་ཅན་ནམ་པུ་ལིངྒའི་སྒྲ་སྟེ་པ་པོ་གཉིས་དང་། ཤུགས་བསྟན་བུད་མེད་ཀྱི་རྟགས་ཅན་ནམ་སྟྲཱི་ལིངྒའི་སྒྲ་སྟེ་མ་མོ་གཉིས་བསྟན་པར་མངོན་ནོ།། སྟྲཱི་ལིངྒའི་སྒྲ་བདག་སྒྲའི་རྗེས་སུ་བསྟན་པ་མ་ཡིན་ནམ་ཞེ་ན། དེར་སྟྲཱི་ལིངྒའི་སྒྲ་གཉིས་ལས་དགག་སྒྲར་གྱུར་པ་མ་ཡིག་གཙོ་བོར་བྱས་ནས་བཤད་པས་སྐྱོན་མི་འབྱུང་ངོ་།། གཞན་པྲ་ཏི་ཁ་ཅིག་ལ་བླངས་ནས། བ། ཅན། ལྡན། རྣམས་ལས་ཅན་ལྡན་གཉིས་བདག་སྒྲ་དང་མཚུངས་པར་ཡོད་ཀྱང་བེམ་པོ་ལའང་འཇུག་པས་བདག་སྒྲས་མ་ངེས་སོ།།  བ་ཡིག་ནི་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར། འཇུག་སྟེ།འཁོར་ལོས་སྒྱུར་བ། ལྟ་བུའི་བ་ཡིག་གིས་བདག་པོ་སྟོན་པའི་ཕྱིར་ཟེར་ན། དེ་ལྟར་སྣང་ཡང་མིང་སྤྱིའི་ཁོག་ནས་བདག་པོའི་དོན་གསལ་བ་ཡིན་གྱི་བ་ཡིག་གིས་མིན་ནོ།། དེས་ན་ད་དུང་ལྷ་ས་བ། སེ་ར་བ། ལྟ་བུས་སྟོན་ཟེར་ན། དེ་དག་ཕལ་སྐད་དུ་ཟད་པས། དག་པར་འདོན་ན་ལྷ་ས་པ། སེ་ར་པ།འདོན་དགོས་ཞེས་གསུངས་ཤིང་། པྲ་ཏིས་དེ་དག་འཇུག་པར་སྒྲུབ་བྱེད་དུ་སྨྲ་སྒོའི་ལུང་དྲངས་པ་མ་དག་ཅིང་། དཔེ་དག་པ་རྣམས་སུ། པའམ་ཅན་ནི་བདག་པོའམ།། ཞེས་འབྱུང་ཞིང་འགྲེལ་པར་ཡང་བ་ཡིག་དཔེ་བརྗོད་དུ་མ་བྱུང་བར་གསུངས་སོ།།  


༢ དེ་གཉིས་ལས་གང་འཐད་བསྟན་པ།

དེ་གཉིས་ལས་གང་འཐད་ཅེ་ན། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་བཞེད་པ་ལྟར་འཐད་དེ། ཕྱིས་བྱོན་མཁས་དབང་མང་པོ་ཁོང་གི་རྗེས་སུ་འབྲངས་པ་དང། དེ་ལྟར་ཇི་བཞིན་མི་བཞེད་ཀྱང་པ་པོ་མ་མོ་ཅན་ལྡན་དྲུག་བདག་སྒྲར་མི་བཞེད་པ་ཉུང་རྐྱེན། འདི་མི་འཐད་པའི་རིགས་པ་གང་ཡང་དགོད་རྒྱུ་མེད་དོ།། དེ་ལས་གཞན། བ། བདག་སྒྲར་འདོད་པའི་ཕྱོགས་དེ་ཁོང་གིས་གོང་དུ་བཀག་ཟིན་པའི་ཕྱིར་རོ། བོ། བདག་སྒྲར་འདོད་པ་ནི། བ་དགག་ཚུལ་དང་ཕྱེད་འདྲ་ལ། དེས་མ་གྲུབ་པ་དཔེར་བརྗོད་ཀྱིས་མཚང་བུད་དོ།། དེས་ན་ཁོང་གིས། མཁན། ཞེས་པ་བདག་སྒྲར་མ་གསུངས་པས་སྐྱོན་མི་འཐད་བཞིན་དུ་བབས་སོ་ཞེ་ན།ཐོན་མིའི་ཞལ་ལུང་ལས།“བདག་སྒྲ་དང་ཕྱོགས་མཚུངས་པའི་རིགས་སུ་གྱུར་པ། ཅན་དང་ལྡན་མཁན་རྣམས་ཏེ་”ཞེས་གསུངས་པས་སི་ཏུས་ཅན་ལྡན་གཉིས་བདག་སྒྲ་དང་ཕྱོགས་མཚུངས་སུ་བསྡུས་པའི་ཤུགས་ལ་མཁན་ཞེས་པའང་བསྡུས་ཞེས་བྱ་ན་སྐྱོན་གྱི་དྲི་ཙམ་ཡང་མི་ཚོར་རོ།།དབྱངས་ཅན་དགའ་བའི་སུམ་འགྲེལ་དུ། “ཀུན་མཁྱེན་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་ཆེན་དེ་ཉིད་ཟབ་པ་དང་། རྒྱ་ཆེ་བ། ཁུངས་བཙུན་པ། རྩོད་པའི་ཡུལ་གྱིས་དབེན་པ། ཚད་མ་གསུམ་དང་ཤེས་རབ་གསུམ་གྱིས་ངེས་ོར་གཏན་ལ་ཕེབས་པ།དབང་བོ་གསུམ་གང་དང་ཡང་འཚམ་ཞིང་དོན་གསལ་བར་སྟོན་པས་བློ་ཡི་མུན་པ་ངེས་ོར་སེལ་ནུས་པའི་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་གཏོར་བས་བསྟོད་པ་དེ་དག་རང་བཞིན་དུ་སོང་ངམ་སྙམ་མོ།།


༣ ཞར་ལ་གཞན་གྱི་འདོད་ཚུལ་བརྗོད་པ།

སྨྲི་ཏི་ཛྙཱ་ན་ཀིརྟིའམ་དྲན་པ་ཡེ་ཤེས་ཀྱིས། སྨྲ་སྒོ་ལས། “པ་བ་ཅན་ནི་བདག་པོ་འམ།། ལྡན་པའི་དོན་དུ་ཤེས་པར་བྱ།།”ཞེས་གསུངས་པས་པ་བ་པོ་ཅན་བཅས་བདག་སྒྲར་འདོད་པ་དང་། ཞ་ལུ་ལོ་ཆེན། བསྟན་དར་ལྷ་རམས་པ། ལྕང་སྐྱ་པ། དཔལ་སྒང་ལོ་ཙཱ་བ། པྲ་ཏི། རིག་འཛིན་ཀུན་གྲགས་སོགས་དེ་མཚུངས་སུ་བཞེད། དབྱངས་ཅན་གྲུབ་རྡོར་གྱིས། ལེགས་ལྗོན་ལས། “ན་རོ་ཡོད་མེད་པ་བ་མ།།” ཞེས་དྲུག་བསྟན་ཅིང། དུང་དཀར་བློས་འཕྲིན་གྱིས་ཀྱང་དེ་ལྟར་དུ་བཞེད། དངུལ་ཆུ་དྷརྨ་བྷ་དྲས། སི་ཏུའི་ཞལ་ལུང་དང་། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་གཉིས་སུ། “སྒྲ་དབྱངས་ཅན་མར། ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ།། ཞེས་པ་ལྟར་རྩ་བའི་པུ་ནི་པ་སྡེ་ལ་གོ་དགོས་པས་དེའི་ནང་གི་པ་བ་མ་གསུམ་དང་།། དེས་ཤུགས་ལ་བསྟན་པའི་པོ་བོ་མོ་གསུམ་སྟེ། དེ་དྲུག་བདག་སྒྲར་བཞེད་དོ།། དོན་བསྡུས་སོ།། ལ་ལས་སི་ཏུའི་ཞལ་ལུང་མིང་དོན་དང་མཐུན་པར་སི་ཏུ་དང་མཐུན་པ་མིན་ནམ་ཞེ་ན།ཕལ་ཆེར་ཡིན་ཀྱང་བདག་སྒྲའི་སྐབས་དེ་དང་མ་བསྟུན་པར་བཀྲལ་བ་ལ་དགོས་པ་ཆེ་ཞེས་གསུངས་སོ།། འགའ་ཞིག་སི་ཏུས་རྩ་བའི་མ་གོ་བར་ཐལ།རྩ་བའི་པུ་ཞེས་པ་པའི་སྡེ་བ་ལ་སྦྱར་དགོས་ཀྱང་དེ་ལྟར་མ་སྦྱར་བས་སོ་ཞེ་ན། རྟགས་མ་གྲུབ་སྟེ། སྦྱར་རོ།། འོ་ན་བ་བོ་བདག་སྒྲར་འདོད་དེ།རྩ་བའི་པུ་ཞེས་པ་པ་སྡེ་ལ་གོ་བས་སོ་ཞེ་ན། མ་ཁྱབ་པོ།། ཁྱབ་ན། དྷརྨ་བྷ་དྲས་ཀྱང་མ་གོ་བར་ཐལ། རྩ་བའི་པུ་ཞེས་པ་པ་སྡེ་ལ་སྦྱར་ཀྱང་ཕ་ཕོ་བདག་སྒྲར་མི་བཞེད་པས་སོ།། དབྱངས་ཅན་ངག་དབང་གིས། པ་པོ་ཕ་ཕོ་བ་བོ་མ་མོ་ཅན་ལྡན་མཁན་ཏེ་བཅུ་གཅིག་ཏུ་འདོད། དམུ་དགེ་རིན་པོ་ཆེ་དང་། ཚེ་ཏན་ཞབས་དྲུང་གཉིས་ཀྱིས། པ་པོ་བ་བོ་མ་མོ་ཅན་ལྡན་མཁན་ཏེ་དགུ་རུ་འདོད་ལ་མ་མོ་བདག་སྒྲར་འདོད་པ་སི་ཏུའི་ཞལ་ལུང་ལ་གཏུགས་པར་གསུངས་སོ།།འདི་དག་གིས་མཚོན་ནས་འདོད་ཚུལ་ཤིན་ཏུ་རྒྱས་སོ།།


༤ སྦྱོར་ཚུལ་གྱིས་མཇུག་བསྡུ་བའོ།།

བདག་སྒྲའི་སྦྱོར་ཚུལ་ནི། མུ་ཏིག་ཕྲེང་མཛེས་ལས། “བདག་སྒྲ་འདི་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པའི་ཕྲད་རང་དབང་ཡིན་པས་”ཞེས་གསུངས་པས་རྗེས་འཇུག་གི་ཁྱད་པར་ལ་ལྟོས་མི་དགོས་པར་བཞེད་ལ། དབྱངས་ཅན་གྲུབ་རྡོར་གྱིས། ལེགས་ལྗོན་ལས། “བདག་པོའི་སྒྲ་སྟེ་ག་ད་ན།། བ་མ་ས་དང་དྲག་མཐར་པ།། ང་འ་ར་ལ་མཐའ་མེད་ལ།། བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།།” ཞེས་རྗེས་འཇུག་ལ་ལྟོས་པར་གསུངས།  འདི་ལ་ཚེ་ཏན་མཆོག་གིས། ཐོན་མིའི་ཞལ་ལུང་ལས། “ཞེས་གསུངས་པའང་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་།ལག་ལེན་གྱི་ཚེ་ན་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའ་འོ་”ཞེས་སོ།།  མཁས་པ་དམུ་དགེ་རིན་པོ་ཆེ་དང་ཚེ་ཏན་ཟུང་གིས། བློ་གསལ་འཇུག་ངོགས་ཀྱི་རྩ་བ་ལས། “ག་ད་ན་བ་མ་ས་དང་།། ད་དྲག་ཅན་མཐར་པ་དང་པོ།། ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ཉིད་སྤྱོར་བ་སྟེ།། མ་དང་མོ་དང་ཅན་ལྡན་མཁན།། ངེས་མེད་སྐབས་དང་བསྟུན་ནས་སྦྱར།།”པ་པོ་བ་བོ་བཞི་རྗེས་འཇུག་ལྟོས་དགོས་པ་དང་།གཞན་ལྔ་ལྟོས་མི་དགོས་པའི་རང་དབང་ཅན་དུ་གསུངས་པ་སོགས་སྦྱོར་ཚུལ་ཤིན་ཏུ་མང་ཡང་།འདི་ནི་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བཤད་པ་རིགས་པ་སྨྲ་བའི་གཏམ་ཡང་མིན་པས། གཅིག་ཐག་ཆོད་པ་དཀའ་ཡང་། ཚེ་ཏན་མཆོག་གིས། ཐོན་མིའི་ཞལ་ལུང་དུ། “འདིར་མཁས་པ་སོ་སོའི་ལེགས་བཤད་ཀྱི་སྙིང་པོ་བསྡུས། ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་པའི་རང་ལུགས་ནི།”ཞེས་གསུངས་པ་ལྟར། སྦྱོར་ཚུལ་ནི་བོད་སྤྱིའི་ཁ་སྐད་དང་མཐུན་པར་བྱས་ན་རུང་བ་མ་ཟད་དགེ་མཚན་ཆེ་བས། བློ་གསལ་འཇུག་ངོགས་ཀྱི་རྩ་བ་ལྟར་བྱས་ན་བོད་སྤྱིའི་སྐད་དང་ཕལ་ཆེར་འགྲིག་ཅིང་ལེགས་པར་མངོན་པས་དེ་ལྟར་ངེས་པར་ཟུངས་ཤིག  འོ་ན་སི་ཏུས། གྲོང་སྐད་ཕལ་བ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པས་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན།དེ་ནི་ལུང་པ་འགའ་རེ་དང་ཡུལ་ཕྱོགས་འགའ་རེའི་སྐད་ལ་གསུངས་པ་ཡིན་པས་དམུ་དགེ་རིན་པོ་ཆེ་མུ་ཏིག་ཕྲེང་མཛེས་ཀྱི་ཚིག་དེ་ལ་འགལ་བ་མིན་ནོ།།ཞེས་སྐྱོན་སྤོང་དང་བཅས་པས་མཇུག་ལེགས་པར་བསྡུས་སོ།།།། ༢༠༢༤/༡༢/༢༡ཉིན་རང་ལོ་ཉེར་གཉིས་སོན་པ་བརྡ་སྤྲོད་ལ་སྣང་བ་ཅུང་ཟད་ཐོབ་པ་ཆོས་ཀྱི་རྒྱལ་མཚན་གྱིས་དཔལ་གྱི་གནས་མཆོག་བཀྲ་ཤིས་ཆོས་ཐང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང་གི་རང་ཤག་དཔེ་མང་སྤུང་བ་ནས་བྲིས་པ་དགེ་བར་གྱུར་ཅིག མངྒལཾ།

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章