纪实|ཕྲན་གྱི་ཧྥ་རན་སིའི་འགྲུལ་བཞུད། བློ་བཟང་ཡོན་ཏན།

旅行   2024-12-10 19:22   青海  

 -----

ཕྲན་གྱི་ཧྥ་རན་སིའི་འགྲུལ་བཞུད། 

བློ་བཟང་ཡོན་ཏན།

ངེད་རང་ཆུང་དུས་ནས་འཛམ་བུ་གླིང་འདི་ལ་གནས་བསྐོར་དུ་སོང་ནས་ཞིབ་དཔྱད་ཀྱིས་ཡུལ་སོ་སོའི་གནས་བབ་དང་། མི་རིགས་སྣ་མང་གི་སྤྱོད་ལམ། བསམ་པའི་འཁྱེར་སྟངས་བཅས་ཤེས་འདོད་པའི་འདུན་པ་ཞིག་ནམ་ཡང་ཡོད་ཁར། ཉེ་དུས་སློབ་གྲྭ་ཞིག་ན་དབྱིན་ཇིའི་སྐད་ཡིག་སྦྱངས་ནས་སྡོད་མུར། ཧྥ་རན་སིའི་ཕྱོགས་ནས་མགྲོན་བརྡ་ཞིག་ཞིག་འབྱོར་ཏེ་ཡུལ་དེར་འགྲུལ་བཞུད་བྱེད་པའི་སྐལ་བ་བཟང་པོ་ཐོབ། དེ་ཡང་རབ་བྱུང་བཅུ་བདུན་པའི་ཤིང་ཕག་རྟ་ལོའི་དཔྱིད་ཀའི་ཉི་མ་ཞིག་ལ་དགོས་ངེས་ཀྱི་ལག་ཁྱེར་དང་། ཆོག་མཆན་སོགས་ལེགས་པར་ཐོབ་སྟེ་གྲོགས་འགའ་ཤས་ཀྱི་རོགས་ཕན་འོག་པེ་ཅིན་གནམ་ཐང་དུ་འབྱོར་ཅིང་། དེ་ནས་པེ་ཅིན་གྱི་ཆུ་ཚོད་གསུམ་པ་ཙམ་ལ་གནམ་གྲུར་བསྡད་དེ་ཧྥ་རན་སིའི་ཡུལ་ཕྱོགས་སུ་འཕུར་འགོ་བརྩམས། ཐོག་མར་མགོ་ན་བ་དང་། འབྱུང་ཁམས་མི་བདེ་བ་སོགས་ཀྱི་འཁྲུག་རྐྱེན་མི་ཡོང་ངམ་སྙམ་པའི་བློ་འཚབ་མང་དུ་སྐྱེས་ན་ཡང་བར་སྣང་འཕུལ་ལམ་དུ་བསྐྱོད་པ་ནས་བཟུང་ལུས་སྤྲུག་པ་དང་། རྣ་ཚ་བའི་སྒྲ་ངན་སོགས་གང་ཡང་མེད་པར་སྙན་པའི་གསུང་དབྱངས་དང་། མངར་བའི་ཟས་བཅུད་ལ་རོལ་བཞིན་རང་དང་མཐུན་པའི་གྲོགས་དང་གཏམ་གླེང་། དེ་བཞིན་བརྙན་འཕྲིན་ལ་བལྟ་བ་སོགས་བྱེད་ཆོག་པ་ལས་ལྟོགས་སྐོམ་བཀྲེས་གསུམ་གྱི་ཉེན་དོགས་དང་། ན་བར་སྨན་པ་དང་སྨན་མེད་པའི་བློ་དོགས་ཡེ་ནས་སྐྱེ་མི་དགོས་པ་འདུག ཡིད་སྤྲོ་བ་ཞིག་ལ་ཕྲན་གྱི་འདུག་སྟེགས་ནི་སྒེའུ་ཁུང་འགྲམ་དུ་ཡིན་པས་ལམ་བར་གྱི་ཡུལ་ལྗོངས་གསར་བར་མཐོང་ཐུབ་ཅིང་། སྒེའུ་ཁུང་ནས་ཕྱིར་བལྟས་ན་ལུག་བལ་འདྲ་བའི་སྤྲིན་དཀར་ཚོམ་བུ་དང་། གསེར་མདངས་འཕྲོ་བའི་འོད་སྟོང་ཅན་གྱི་འཛུམ་ཞལ་རང་རེད། ཡང་བར་སྣང་སྤྲིན་གྱིས་ཁྱབ་པའི་དུས་སུ་ངེད་ཅག་གི་གནམ་གྲུ་དེ་སྲིང་བལ་གྱི་སྟེང་དུ་རྒྱུ་བ་འདྲ་ལ། སྤྲིན་མེད་པའི་དུས་སུ་གནམ་ས་ཁ་འབྱར་བ་ལྟ་བུར་མངོན། ཡང་མཚམས་རེ་གྲོང་ཁྱེར་དང་། གྲོང་བརྡལ་སོགས་མི་ཆེན་གྱིས་གྲོག་མ་ལ་གཟིགས་པའི་ཚུལ་ཡང་མཐོང་རྒྱུ་ཡོད། དེ་ལྟར་མིག་གིས་ལྟད་མོ་སྣ་ཚོགས་ལ་རོལ་བཞིན་བྱང་ཕྱོགས་སུ་བསྐྱོད་ན་སོག་ཡུལ་གྱི་མཁའ་དབྱིངས་སུ་སླེབས་ཤིང་། མཐོང་གསལ་ལྟར་ན་བོད་ཀྱི་ཡོན་བདག་དད་ཅན་དེ་ཚོའི་ཡུལ་ཡང་གངས་ཅན་བོད་དང་འདྲ་བར་སྤྱི་ཟླ་བཞི་པའི་ནང་ད་དུང་དགུན་གྱི་དགའ་སྟོན་རོལ་ནས་རི་མགོར་ཁ་བ་དང་། མཐའ་ཡས་བའི་སྤང་ལྗོངས་སུ་ཆབ་རོམ་གྱིས་གཡོགས་པའི་ཆུ་འཁྱིལ་དང་། སྟེང་ཀ འབབ་ཆུ་དག་གིས་གང་སར་ཁྱབ་འདུག བྱང་སོག་པོའི་ས་སྣེ་ནས་ཨུ་རུ་སུའི་རྒྱལ་ས་མོ་སེ་ཁོ་བར་དུ་ཕལ་ཆེར་མི་མེད་ལུང་སྟོང་ལ། རི་བྲག་ཐམས་ཅད་དམར་ལྷང་ངེ་དང་། ས་གཞི་ཐམས་ཅད་ནགས་ཚལ་སྟུག་པོས་ཁྱབ་འདུག་སྙམ། རྒྱལ་ས་མོ་སེ་ཁོ་ལ་སླེབས་པ་ནས་རི་མཐོན་པོ་དང་། མྱ་ངན་ཐང་སོགས་མེད་པར་དཔྱིད་ཀྱི་དཔལ་མོ་མངོན་པར་བཞད་དེ་ཞིང་ས་གཤིན་པོར་འབྲུ་དྲུག་གིས་གཏམས་པ་དང་། བཟོ་གྲྭ་ཆེ་ཁག་དང་། མི་ཁྱིམ་ཆེན་པོའི་དུ་ཁུང་ནང་ནས་དུ་བ་ལྷོག་ལྷོག་ཏུ་མཐོང་རྒྱུ་ཡོད། དེ་ནས་ཅུང་ཟད་འཕུར་ན་པོ་ལན་ཟེར་བའི་རྒྱལ་ཁབ་ལ་སླེབས་ཤིང་། དེ་རུ་ཞིང་ས་ཆེན་པོ་པ་ཏྲ་འདྲ་བའི་ཁུགས་སུ་མི་ཁྱིམ་མུ་ཏིག་འདྲ་བ་རེ་མཐོང་རྒྱུ་འདུག མདོར་ན་ནུབ་ཕྱོགས་རྒྱལ་ཁབ་འདི་དག་འབྲུ་རིགས་ཀྱི་བང་མཛོད་དུ་བརྗོད་པ་བདེན་པར་མངོན་ཏེ། མོ་སེ་ཁོ་ནས་ཧྥ་རན་སིའི་བར་ཞིང་ས་ཁོ་ན་མཐོང་གིན་འདུག ཡང་པོ་ལན་ནས་ཅུང་ཟད་འཕུར་ན་ཤམ་བྷ་ལའི་ཡུལ་དུ་ངོས་འཛིན་མཛད་པ། དེང་དུས་འཇར་མན་ཞེས་འབོད་པའི་རྒྱལ་ཁམས་དེ་རུ་སླེབས་ཤིང་། དེ་རུ་དབྱིབས་ཟླུམ་པོ་མཐའ་གངས་རིས་བསྐོར་བའི་པདྨ་འདབ་བརྒྱད་པའི་དབྱིབས་ལ། པད་འདབ་རེ་རེའི་ནང་དུ་གྲོང་ཁྱེར་བྱེ་བ་བཅུ་ཕྲག་གཉིས་ཡོད་པ། དུས་འཁོར་གྱི་བློས་བསླང་ཆེན་པོ་དང་། ཉེ་བའི་མཚོ་དང་། པད་དཀར་གྱི་མཚོ་སོགས་ལམ་སྔ་རྒྱུད་ལ་མ་གོམས་པའམ། རིགས་ལྡན་རྒྱལ་པོའི་གདུལ་བྱ་མ་ཡིན་པ་གང་ཡིན་ཆ་མ་འཚལ་མོད། དེ་དག་མཐོང་རྒྱུ་མ་བྱུང་བའི་ཁར། ལམ་གྲོགས་ཚོ་དང་མཐུན་སྣང་དུ་བྱུང་བ་ལྟར་ཐང་ཤིན་ཏུ་ཡངས་པ་ལ་རི་མཐོན་པོ་དང་། གྲམ་སྐམ་ཐང་སྟོང་འདྲ་བ་ཡེ་ནས་མེད་པར་ས་གཤིན་པོ་དང་། ཆུ་ཐང་སྔོ་ལྗང་ངེ་ལ། ཞིང་འགྲམ་དང་། ལམ་ཁ་དག་ཏུ་གྲོང་བརྡལ་དང་། གྲོང་ཁྱེར་མང་པོ་ཕྲ་བཏབ་པ་བཞིན་མཐོང་རྒྱུ་བྱུང་། དེ་ནས་ཅུང་ཟད་འཕུར་ན་ཧྥ་རན་སིའི་རྒྱལ་ཁབ་ཏུ་སླེབས་ཤིང་། དེ་དུས་གནམ་གྲུའི་ཞབས་འདེགས་མ་དག་གིས་མགྲོན་པོ་རྣམས་ལ་དམིགས་ཡུལ་དུ་ཐོན་ཉེ་བའི་གསལ་བརྡ་དང་འབྲེལ་ཧྥ་རན་སིའི་ཡུལ་གྱི་སྙན་གྲགས་དང་། དངོས་རིག་རྩ་ཆེན། གནས་བབ་སྐོར་གྱི་སྙན་སྒྲོན་ཐུང་ངུ་ཞིག་ཀྱང་ཞུས་སོང་། སྐབས་དེར་གནམ་གྲུ་ཡང་བར་སྣང་འཕུར་ལམ་ནས་འབབ་འགོ་བརྩམས་ཤིང་གནམ་གཤིས་ཤིན་ཏུ་སྡུག་པར་བརྟེན་གནམ་གྲུ་ཡོམ་ཡོམ་འཁྱོམ་འཁྱོམ་དང་། གློ་བུར་དུ་མར་དཔྱངས་པ་ལྟ་བུའི་ཚོར་སྣང་བྱུང་བ་ལ་ལམ་གྲོགས་ཚོ་གཡག་རྒན་ཤིག་གིས་ཟོས་པ་བཞིན་གོ་མེད་ཚོར་མེད་དུ་བསྡད་འདུག་མོད། ཕྲན་གནམ་གྲུར་བསྡད་པ་ཐེངས་དང་པོ་ཡིན་གཤིས་རྐྱེན་ངན་ག་འདྲ་ཞིག་མི་ཡོང་ངམ་བསམ་པའི་སེམས་ཁྲལ་མང་དུ་བྱུང་། དེ་ལྟར་དགའ་སྡུག་འདྲེས་མའི་རྟ་ཕོར་བཅིབས་སྟེ་པེ་ཅིན་གྱི་ནམ་གུང་གི་ཆུ་ཚོད་གསུམ་པ་ཙམ་དང་ཧྥ་རན་སིའི་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སླེབས་ཤིང་། གནམ་གྲུ་འབབ་ཐང་དུ་གྲོགས་འགའ་ཤས་ཀྱིས་སྒུག་བསྡད་ཡོད་ཕྱིར། ལམ་ནོར་དོགས་དང་། དོན་མེད་སེམས་ཁྲལ་རྣམས་སྐད་ཅིག་དེ་ཉིད་ལ་ཞི་བར་གྱུར་ཏེ། སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་དེའི་མི་ཚོགས་ནང་དུ་ཞུགས་སོ། །

སྤྱིར་ཕྲན་གྱི་བསམ་པར་ཧྥ་རན་སིའི་རྒྱལ་ཁབ་འདིའི་ལོ་རྒྱུས་དང་། ཤེས་རིག ཡུལ་གྱི་གནས་བབ་བཅས་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་ན་བློ་ལྡན་འགའ་ལ་ཕན་འབྲས་ཡོང་སྲིད་མོད། མི་མང་ཤོས་ལ་སྒྲུང་ལྟ་བུ་ཞིག་ཏུ་འགྱུར་འགྲོ་སྙམ་པས། ད་རེས་གང་མཐོང་བ་དང་། སེམས་ལ་གང་དྲན་ཞིག་འབྲི་འདོད་པ་ལས་བཙན་པོའི་ལུང་ལ་འགྲེལ་བཤད་རྒྱག་པ་དང་། ཡིན་མིན་གྱི་ཤགས་འགྱེད་པ་ལ་ཞུགས་འདོད་མེད་ལགས།

དེ་ཡང་འཛམ་གླིང་ནུབ་ཕྱོགས་སུ་གནས་པའི་ཧྥ་རན་སིའི་རྒྱལ་ཁབ་འདི་སྔོན་གྱི་དུས་མངའ་ཐང་རྒྱས་ཤིང་ཡུལ་ཁམས་རྒྱ་ཆེ་བ་དང་། རྒུད་པའི་དུས་སུ་རང་གི་མངའ་ཁོངས་ཐམས་ཅད་གཞན་ལག་ཏུ་ཤོར་བ་སོགས་ཀྱི་དར་རྒུད་སྣ་ཚོགས་བྱུང་ནས་ད་ལྟའི་ཡུལ་བབས་ནི། ལུག་པགས་ཐང་དུ་བཀྲམས་པ་ལྟ་བུ་ལ་འཇར་མན་དང་། སུད་སེ། དབྱིན་ཇི་བཅས་ཀྱི་འདབས་འབྲེལ་དུ་ཡོད། གནམ་གཤིས་ས་མཐོ་བོད་ལྟར་དྲོ་ན་བསྲེག་འགྲོ་བ་དང་། འཁྱག་ན་གས་འགྲོ་བ་ཞིག་མ་ཡིན་པར་རང་བཞིན་གྱིས་དྲོ་གྲང་སྙོམས་ཤིང་། དགུན་ཁ་བ་བབས་དེ་མ་ཐག་ཞི་འགྲོ་བ་དང་དབྱར་ཁ་ཡང་ཚ་བ་ཆེན་པོས་འདུག་མི་བཟོད་ལྟ་བུ་ཞིག་མིན་འདུག སྤྱིར་བཏང་གི་ལུང་པ་དེའི་མི་རྣམས་བཟོ་ལས། ཞིང་ཕྱུགས་ལས། སློབ་གསོ་བཅས་ཀྱི་ལས་ཀ་གཉེར་གྱིན་ཡོད་པ་དང་། པ་ལིའི་parcsམཚོན་པའི་གྲོང་ཁྱེར་ཁག་ཏུ་མི་མང་ཆེ་བས་བཟོ་ལས་དང་། ཚོང་ལས། གློག་ཤུགས། འགྲིམ་འགྲུལ་བཅས་ཀྱི་ལས་ཀ་བྱེད་ཀྱིན་ཡོད་ཅིང་། གཞན་རིག་གནས་ཐད་ཀྱི་ལས་ཀ་བྱེད་མཁན་མི་ཉུང་བ་ཙམ་ཡོད་པའི་ནང་གཙོ་བོ་ཤེས་རིག་ཞིབ་འཇུག་དང་། སློབ་གསོ། དཔེ་སྐྲུན་བྱ་མཁན་དང་། ཞིང་ཆེན་དང་དབུས་གཞུང་དུ་ཁྲིམས་ལུགས་དང་། དམག་དོན། དཔལ་འབྱོར། སྲིད་དོན་གྱི་ལས་ཀ་བྱེད་པ་ཡང་གང་ལ་གང་འཚམ་འདུག ཞིང་སྡེ་རུ་གྲོ་འབྲས་སྲན་གསུམ་དང་། ཤིང་ཏོག་རིགས། སྔོ་ཚལ་སྣ་ཚོགས་འདེབས་འཛུགས་བྱས་ཡོད་པ་དང་། ཁ་ཅིག་གིས་བ་གླང་དང་རྟ་ལུག ར་མ། ཁྱིམ་བྱ། རི་བོང་བཅས་གསོ་སྤེལ་བྱེད་བཞིན་འདུག རྒྱལ་ཁབ་འདི་བཟོ་ལས་དར་རྒྱས་ཆེ་བ་ཞིག་ཡིན་གཤིས། བཟོ་གྲྭ་འཛུགས་ཡུལ་གྲོང་ཁྱེར་དང་། གྲོང་བརྡལ་ཁག་ཏུ་མི་མང་འདུས་སྡོད་བྱས་ཡོད་པ་དང་། གྲོང་སྡེ་རུ་མི་ཤིན་ཏུ་ནས་ཉུང་། དེ་ནི་ཧྥ་རན་སིའི་གསར་བརྗེའི་རྗེས་སུ་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་དང་། ཚོང་ལས་ཅན་དུ་བསྒྱུར་རྗེས་མི་དབུལ་བོ་མང་པོ་ཞིག་གིས་འཕྲུས་ཆས་རིགས་ཉོ་མ་ཐུབ་པ་དང་། བཟོ་གྲྭའི་གླ་ཕོགས་ལ་བསམ་ནས་གྲོང་ཁྱེར་དུ་ཕྱིན་ནས་ལས་ཀ་བཙལ་བས་གྲོང་སྡེ་རུ་མི་ཉུང་བའི་གནས་ཚུལ་འདི་བྱུང་བ་ཡིན་འདུག

དེ་འཁོད་ཀྱི་མི་རྣམས་འཛམ་གླིང་གང་ས་ནས་ཕེབས་པའི་མི་རིགས་དཀར་ནག་སེར་གསུམ་དང་། ལུང་པ་རང་གི་མི་རིགས་སྐྲ་སེར། མིག་སྔོ། སྣ་ཆེ་བ་དེ་དག་གང་ཡིན་ཀྱང་འཇོན་ཐང་ཆེ་བ་དང་། གུས་ཞབས་ལྡན་པ། གཞུང་དྲང་བ། རང་དབང་དང་ཞི་བདེ་ལ་བརྩོན་མཁན་ཉག་ཅིག་ཏུ་མཐོང་ལ། རང་གི་མི་རིགས་དང་། རྒྱལ་ཁབ། རིག་གནས། སྐད་རིགས་བཅས་ཀྱང་འཛམ་གླིང་ཐོག་མཆོག་ཏུ་གྱུར་ཅིང་། རང་མཐོ་རང་ཆེའི་བསམ་པ་ཞིག་ཁོང་ཚོའི་སེམས་ཀྱི་ཕུགས་སུ་འདུག ལྷག་པར་མཆོག་དམན་བར་གསུམ་གང་ཡིན་ཡང་རང་མོས་ཀྱིས་འདེམས་པ་གཙོ་ཆེ་བ་བྱེད་ལ། ཕྱོགས་མཐའི་མི་རིགས་དག་གིས་རང་རང་ཆོས་ལུགས་དང་། ལྟ་སྤྱོད། ཤེས་རིག་བཅས་དར་སྤེལ་བྱེད་པ་ལ་གཞུང་དང་སྒེར་གང་ཡིན་ཀྱང་བཀག་འགོག་བྱེད་མཁན་རྩ་བ་ནས་མི་འདུག མི་སུ་དང་སུ་ཡིན་ཀྱང་དུས་ཀྱི་ཚད་ནི་ཤིན་ཏུ་གཅེས་པར་འཛིན་ཏེ། དཔེར་ན་ལོ་ཟླ་འདི་དང་། ཉིན་ཞག་འདི། དུས་ཚོད་འདི་ལས་ཀ་འདི་འདྲ་བྱ་ཞེས་བཀོད་ནས་དུས་ཚོད་དེ་ལས་འགལ་ན་འཇོན་པོ་མ་ཡིན་པའི་ཚད་དུ་བྱེད། དངོས་རྫས་རྙིང་པ་དང་། མི་མཆོག་གྱུར་པ་ཞིག་གིས་སྤྱད་མྱོང་བའི་དངོས་རྫས་ཤིག་ཡིན་ན་གཅེས་འཛིན་དང་། གང་ཟག་གང་རུང་ཞིག་གིས་དངོས་པོ་གསར་པ་ཞིག་གསར་གཏོད་བྱས་ཡོད་ཕྱིན་དེ་ལས་གསར་གཏོད་མཁན་ཞེས་གུས་འབུལ་དང་། སྙན་གྲགས་ཅན་དུ་བརྩི་སྲོལ་འདུག ཡང་གྲོགས་མོ་དང་འཕྲད་ཚེ་འོ་བྱེད་པ་དང་། འདོད་མཐུན་མཁན་དང་འཁྲིག་སྤྱོད་བྱེད་པ། སྔོན་དུ་གསལ་བརྡ་ཙམ་མེད་པར་མི་ཁྱིམ་དུ་མི་འགྲོ་བ། ཕ་མ་བུ་ཕྲུག་སོགས་ཀྱི་མདུན་དུ་འདོད་གཏམ་མི་གླེང་བ། འདོད་པའི་བརྙན་འཕྲིན་ལ་བལྟ་བ་སོགས་བོད་མི་ཚོར་བརྗོད་མ་ཐག་ཁ་གདངས་མིག་ཅེར་དགོས་པའི་སྤྱོད་ལམ་མང་དུ་འདུག

ཟས་རིགས་གཙོ་བོ་ནི་སྔོ་ཚལ་དང་། ཕྱེ་འབྲས། ཤ་རིགས་སོགས་ཡིན་པ་དང་། འོ་མ། ཁོ་ཧྥེ། ཆང་རིགས་སོགས་བཏུང་བྱ་གཙོ་བོ་ཡིན་འདུག ཟས་སྣ་མང་པོ་ཧ་ལས་དགོས་པ་འདུག་ཅིང་བོད་མི་རྩམ་པ་ཟ་བ་རྣམས་ལ་འབྲལ་མི་ཐུབ་པའི་ཟས་ཤིག་མེད་པར་མངོན། གཞན་ཟ་སྟངས་ཐད་ལ་མི་རེ་ལ་སྡེར་མ་གཅིག་རེ་དང་། གྲི་གཅིག ཁེམ་བུ་གཅིག ལྕགས་ཟེ་གཅིག་བཅས་བྱིན་ནས་རང་རང་གི་སྡེར་མའི་ནང་གཙང་གཏུབ་ཀྱིས་ཟ་ལ་རང་འདང་ངེས་ཀྱི་ཟས་རོལ་པ་ལས་དོན་མེད་འཕྲོ་ལྷག་དང་། ཆུད་ཟོས་སུ་མི་འགྲོ་ཆེད། ཟས་སྣ་ཤིག་རོལ་རྗེས་གཞན་ཞིག་ཁྱེར་ཡོང་ཞིང་། གང་ལ་ཤིང་ཏོག་གི་རིགས་ཁྱེར་ཡོང་དུས་སུ་ཟས་མཇུག་བསྒྲིལ་པ་ཡིན།

དུས་རྒྱུན་སྤྱོད་ལམ་ནི། ཧྥ་རན་སི་བ་ཚོ་ཞོགས་པར་མལ་ལས་ལྡང་མ་ཐག་ཚ་ལུ་མའི་ཁུ་བ་དང་། འོ་ཇ་སོགས་བཏུང་ནས་རང་གི་ལས་གནས་སུ་མེ་འཁོར་དང་། མོ་ཊ་ལ་བསྡད་ནས་འགྲོ་ཞིང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལ་དྲོས་ཇ་འཐུང་བ་དང་། མི་ཕལ་མོ་ཆེའི་ཁྱིམ་ཚང་ལས་ཀ་བྱེད་ཡུལ་དང་བར་ཐག་རིང་པོ་ཡོད་པར་བརྟེན། ལས་ཀ་བྱེད་ས་དང་། ཉེ་འདབས་ཀྱི་ཟ་ཁང་སོགས་ནས་བག་ལེབ་དང་། ཁོ་ཧྥེ་རེ་འཐུང་ནས་འཐུས་པར་བྱེད། ཕྱི་དྲོ་ལས་ཀ་གྲོལ་རྗེས་རང་ཁྱིམ་དུ་ལོག་ནས་དགོང་ཟས་དང་། གསར་ཤོག་དང་བརྙན་འཕྲིན་ལ་བལྟ་བ་སོགས་དང་། གཞོན་ནུ་དག་ཞབས་བྲོ་ཁང་སོགས་ལ་གྲོགས་འཚོལ་བར་འགྲོ་སྲོལ་འདུག དགོང་མོ་ཉལ་ཁར་ཁྲུས་རྒྱག་པ་དང་། སོ་འཁྲུད་པ། སྒོ་དང་སྒེའུ་ཁུང་དག་རྒྱག་པ་སོགས་ཡང་འབྲལ་མི་ཐུབ་པའི་སྤྱོད་ལམ་ཞིག་ཏུ་ཆགས་བསྡད་ཡོད།

རྒན་པ་དང་གཞོན་སྐྱེས་གང་ཡིན་ཡང་ལས་ཀ་འདྲ་བ་ལ་གླ་ཕོགས་འདྲ་མཉམ་དང་། གཏོང་བ་འདྲ་བ་ལ་ཐོབ་བྱ་འདྲ་མཉམ་ཡིན་པ་ལས་བོད་མི་ནང་ལྟར་རྒན་ལ་བརྩི་བཀུར་དང་། ཆུང་ལ་བྱམས་སྐྱོང་ཟེར་བ་ཧ་ལམ་མངོན་རྒྱུ་མི་འདུག དཔེར་ན་རྒན་པ་ཞིག་གིས་ལས་ཀ་བྱེད་པར་གཞོན་ནུ་ཞིག་གིས་ཁྱེད་རྒན་པ་ཡོད་པས་ངེད་རང་གིས་བྱེད་ཅེས་སྨྲས་ན། རྒན་པ་དེས་ང་ཤི་ལ་ཉེ་ན་ཁྱེད་རང་ལ་ཅི་ཐོབ། ང་ད་དུང་འཆི་མི་འདོད་ཅེས་ལན་འདེབས་པར་གདོན་མི་ཟའོ། ། དམིགས་བསལ་གྱི་གནས་ཚུལ་མ་གཏོགས་ལོ་གྲངས་དང་། གླ་ཕོགས་ཀྱི་མང་ཉུང་། ཁྱིམ་གང་དུ་ཡོད་མེད་རྩད་གཅོད་མི་བྱེད་ཅིང་། ངོ་ཤེས་པ་ཙམ་གྱིས་ཁྱེད་རང་གང་དུ་འགྲོ་ཞེས་འཚམ་འདྲི་བྱེད་པ་ཡང་བོད་མི་ཚོར་ཁྱེད་ཀྱི་ཕ་མ་འདས་ནས་ལོ་ཅི་ཙམ་སོང་ཞེས་དྲིས་པ་དང་འདྲ་བར་མི་འོས་པའི་ཚད་དུ་བྱེད།

ཧྥ་རན་སིའི་ཡུལ་དུ་མི་རིགས་སྣ་མང་འདུས་སྡོད་དང་། བཟོ་ལས་དར་རྒྱས་སོང་བའི་དབང་གིས་ཁང་བའི་བཟོ་དབྱིབས་འདི་འདྲ་ཡོད་ཅེས་སུ་ཞིག་གིས་བརྗོད་པར་མི་ནུས་ཤིང་། ལྷག་པར་གྲོང་ཁྱེར་ཁག་ལ་དབྱིབས་སྣ་ཚོགས་དང་། ཐོག་བརྩེགས་བརྒྱ་ལ་ཉེ་བའི་ཁང་བ་རྣམས་སྤྱིའི་སྒྲིག་སྲོལ་ཞིག་མེད་པར་མངོན་མོད། སྤྱིར་བཏང་ཞིང་སྡེ་རུང་ལྕགས་དྲ་དང་ཨར་འདམ་གྱིས་བྱས་པའི་སྒོ་ར་གྲུ་བཞི་ལ་ཁང་བའི་གྱང་ངོས་དཀར་པོ། གླད་ཤུ་ནག་པོའམ་དམར་པོ། དཀྱིལ་ལ་སྒེའུ་ཁུང་ཆེན་མོ་རེ་བཅས་དང་། ཕལ་ཆེར་ཐོག་བརྩེགས་གསུམ་ཙམ་ལ་འོག་ཏུ་མོ་ཊ་སོགས་འཇོག་ས་དང་། བར་མི་སྡོད་ས། སྟེང་དུ་ཉལ་ཁང་བཅས་འདུག ཁྱིམ་ཚང་རེ་རེ་ལ་ཁྱོ་ཤུག་སྡོད་ས་དང་། ཕྲུ་གུ་སྡོད་ས། ཁྲུས་ཁང་། ཟ་ཁང་བཅས་སོ་སོར་ཡོད་ཅིང་། དུས་རྒྱུན་རང་གི་ཁང་མིག་ལས་གཞན་གྱི་ཁང་བའི་ནང་རང་འདོད་ཀྱིས་མི་འཛུལ་བར་བཟའ་ཟླ་ཡིན་ཡང་དྲིལ་ཆུང་དཀྲོལ་ནས་འབོད་སྲོལ་འདུག

ལོ་གཅིག་གི་ནང་དུ་དུས་ཆེན་མང་པོ་གཏོང་སྲོལ་ཡོད་པ་དང་། ལྷག་པར་ནམ་དུས་དབྱར་ཁར་གཞུང་སྒེར་གྱི་ལས་བཟོ་གང་ཡིན་ཡང་ཚང་མར་ཟླ་གཅིག་ཙམ་གྱི་གུང་གསེང་ཡོད་པས། རྒྱུ་ནོར་འཛོམས་པ་དང་སྙིང་སྟོབས་ལྡན་པ་རྣམས་འཛམ་གླིང་གི་ཡུལ་ཁམས་གྲགས་ཅན་དང་། གཞན་མི་འགྲོ་ཉུང་བའི་རི་ཆུ་ལུང་གསུམ་ལ་གནས་བསྐོར་དུ་འགྲོ་ཞིང་། དེ་མིན་མི་ཕལ་པ་རྣམས་ཀྱང་རང་གི་ལས་གནས་ནས་བྲལ་ཏེ་རྒྱ་མཚོ་ཆེན་པོའི་འགྲམ་དང་། ས་ཆ་གཞན་དུ་འགྲོ་སྲོལ་འདུག

དེ་ལྟར་ཡུལ་ཁམས་དང་། སྐད་རིགས། ལྟ་སྤྱོད་ཐམས་ཅད་མི་གཅིག་པའི་ཧྥ་རན་སིའི་རྒྱལ་ས་པ་ལིརརྒྱལ་ཁབ་དེའི་བོད་རིག་པ་དང་ཐམས་ཅད་ཀྱིས་འདི་ལྟར་བྲིས་འདུགསླེབས་ཏེ་མཐོང་སྣང་དུ་བྱུང་བ་ན། ཇི་ལྟར་ཉིན་ཞིག་གྲོགས་པོ་ཞིག་དང་མཉམ་དུ་ཐོ་ལྭག་ཨར་ཧེ་ཨལ། ལྕགས་སྒྲོམ་ཡང་སྟེང་དུ་སོང་ནས་བལྟས་པ་བཞིན། མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་འདི་གནའ་རབས་ཀྱི་བརྗིད་ཉམས་ལྡན་པའི་ཁང་བརྩེགས་དུ་མ་དང་། དེང་དུས་ཀྱི་ཁྱད་འཕགས་བཟོ་རིག་གི་ལེགས་པར་བརྒྱན་པའི་ཐོག་ཁང་མང་པོས་ཕྱོགས་བཞི་བསྐོར་ཡོད་པ་དང་། སྲང་ལམ་རེ་རེར་ཁྱད་ཆོས་མི་འདྲ་བ་དུ་མ་དང་ཐམས་ཅད་གྲལ་སྒྲིག་ལ་གཙང་སྦྲ་དོད་པོ་འདུག བར་གྱི་སྲང་ལམ་ཐོག་མོ་ཊ་སྣ་ཚོགས་ཆུ་བཞུར་བ་ལྟ་བུ་དང་། ལམ་གྱི་གཡས་གཡོན་ཤེལ་གྱི་སྒྲོམ་འདྲ་མིན་གྱི་ནང་དུ་རྒྱུ་སྤུས་ཤིན་ཏུ་ལེགས་པའི་འཕྲུལ་རིགས་དང་། གྱོན་ཆས། འཚོ་རྟེན་སོགས་དགོས་མཁོ་བསམ་ལས་འདས་པ་བཙོང་རྒྱུ་ཡོད་ལ། གྲོང་ཁྱེར་ནང་དུ་གླིང་ག་དང་། སྐྱེད་མོས་ཚལ། སྤྱན་གཟིགས་ཁང་མང་པོ་ཡོད་པའི་ནང་ལྟེང་ག་དང་ཆུ་རྫིང་། མེ་ཏོག་སྣ་ཚོགས་མཐོང་རྒྱུ་ཡོད། དེར་འཁོད་ཀྱི་འདབ་ཆགས་དང་། ཆུ་བྱའི་རིགས། རྐང་དྲུག་སོགས་སུས་ཀྱང་འཚེ་བ་མེད་པར་རྒྱུ་བ་ནི་རང་གི་གཟུགས་འཛིན་དབང་པོ་ལ་ཡིད་མི་ཆེས་པའི་ཚོད་དུ་སྣང་། ཁྱད་པར་གྲོང་ཁྱེར་དཀྱིལ་ནས་གཙང་པོ་ཞིག་རྒྱུག་གི་ཡོད་པ་དེའི་ནང་གྲུ་གཟིངས་ལ་ཞུགས་ཏེ་སོང་ན་བར་སྣང་དུ་ཟུག་པའི་ཁང་བརྩེགས་མཐོན་པོ་དང་། གསེར་ཟངས་ལས་བསྒྲུབས་པའི་གཟུགས་བརྙན་སྣ་ཚོགས། གནའ་དེང་ཟུང་འབྲེལ་གྱི་ཟམ་པ་མང་པོ། ན་ཕོ་ལོན་གཙོ་བྱེད་པའི་སྔོན་དུས་རྒྱལ་པོ་དག་གི་ཕོ་བྲང་མང་པོ། ཆོས་ལུགས་འདྲ་མིན་གྱི་ལྷ་ཁང་། དེང་རབས་ཀྱི་བརྗིད་ཉམས་ལྡན་པའི་ལྰ་རྡེ་ཧྥང་ཐོག་ཁང་ཆེན་མོ་སོགས་མཐོང་རྒྱུ་ཡོད་པ་ནི་ཅི་ལྟར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། གསེར་གྱི་བ་གམ་གཞལ་ཡས་ཁང་། །ཁང་པས་བསྐོར་པའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ལས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། ། ཅེས་བསྔགས་པ་དང་གཉིས་སུ་མི་འདུག་ལ། གྲོང་ཁྱེར་འདིའི་མི་དམངས་ཀྱི་སྟོབས་འབྱོར་མངའ་ཐང་ལྡན་པ་ཡང་ཕྱིའི་དངོས་པོ་ཆེ་ས་ཕར་ཞོག་འཚོ་བའི་ཐད་ལ་མོ་ཊ་གཅིག་རེ་དང་། གློག་རྡུལ་རྩིས་འཁོར། འཕྲུལ་གྱི་ལྕགས་ཐབ། གློག་རྫས་སྣ་ཚོགས། ཁ་པར། བརྙན་སྐྱེལ། ཐ་ན་ཕྱགས་མ་ཚུན་ཆད་རང་འགུལ་ཅན་གྱི་ཞབས་འདེགས་ཞུ་བཞིན་འདུག སྤྱིར་བཏང་གྲོང་ཁྱེར་འདི་བཞིན་ནམ་རྒྱུན་མི་ཚོགས་རྒྱས་ས་ཞིག་མ་ཡིན་ནའང་། གནམ་གྲུ་འབབ་ཐང་དང་། མེ་འཁོར་ས་ཚིགས། མོ་ཊ་སྒུག་ཁང་བཅས་སུ་མི་ཚོགས་རྦ་ཀློང་འཁྲུག་པ་ལྟར་ཡོད་པ་དང་། ལྷག་པར་ཞོགས་པ་ལས་ཀ་ཚུགས་སྐབས་དང་། ཕྱི་དྲོ་ལས་ཀ་གྲོལ་དུས་མི་ཚོགས་རྒྱས་ནས་འགྲོ་ས་མེད་པ་ལྟ་བུ་སྣང་ཡང་གནམ་གྲུ་དང་། མེ་འཁོར། སྣུམ་འཁོར་བཅས་ཀྱི་འགྲིམ་འགྲུལ་ཤིན་ཏུ་ནས་སྟབས་བདེ་པོ་དང་། ཁྱད་པར་ས་འོག་ལྕགས་ལམ་སྡོམ་དྲ་ལྟར་ཕྱོགས་ཀུན་ཏུ་འཐེན་ཡོད་པར་བརྟེན། གང་དུ་འགྲོ་འདོད་ན་འཕྲལ་མར་སླེབས་ཐུབ་པ་སོགས་ཡ་མཚར་བ་དང་། ཧ་ལས་དགོས་པ་འདུག

གཞན་ཡང་རྒྱལ་ཁབ་འདིའི་སྟོབས་འབྱོར་མངའ་ཐང་སུམ་རྩེན་དང་མཉམ་པ་དང་། མི་རྣམས་ཤེས་རབ་ཆེ་བ་དང་། མཁས་མང་ཀུན་གླེང་གི་དོ་ར་ཞིག་ཏུ་སོང་ཕྱིར། སློབ་གྲྭ་དང་། ཞིབ་འཇུག་ཁང་། དཔེ་མཛོད་ཁང་སོགས་བགྲང་ལས་འདས་པ་དང་། དེར་བསྟུན་ཕྱོགས་མཐའི་མི་རིགས་དག་གིས་རང་རང་གི་ཆོས་ལུགས་དང་། ཤེས་རིག ལྟ་སྤྱོད་བཅས་ལུང་པ་དེའི་མི་དང་མཉམ་དུ་སློབ་གཉེར་དང་། ཞིབ་འཇུག་བྱ་བཞིན་པས་འཛམ་གླིང་གི་མི་རིགས་ཐམས་ཅད་ཀྱི་རིག་གནས་དང་། ཤེས་རིག་གང་ཡིན་ཡང་བསླབ་མི་ཐུབ་པའི་དོགས་པ་བྱེད་མི་དགོས། དེ་ལྟར་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པའི་གནས་འདིའི་མཛེས་སྡུག་ལྡན་པ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པ། རིག་པའི་གཏེར་མཛོད་ལྟ་བུ། མི་རྣམས་ཞི་དུལ་བག་ཡོད་ལྡན་པ་ཞིག་ཏུ་མཐོང་ལ། ཕྲན་གྲོང་ཁྱེར་འདིར་སླེབས་ཏེ་ཉིན་འགའ་ཤས་ལས་མ་སོང་བར་གནས་ཆེ་ཁག་དང་། བཟོ་གྲྭ། སློབ་གྲྭ་བཅས་ལ་བལྟ་བསྐོར་དུ་སོང་ཞིང་། ཉིན་ཞིག་སློབ་གྲྭ་ཆེན་མོ་ཞིག་ལ་སོང་ནས་དགེ་སློབ་ཚོ་དང་གླེང་མོལ་བྱུང་བ་དང་། ཉིན་ཞིག་བཟོ་གྲྭ་ཞིག་ལ་ཕྱིན་ནས་དེའི་བདག་པོ་རང་དང་ཁ་བརྡ་བྱ་རྒྱུ་བྱུང་བ། ཡང་ཉིན་ཞིག་ཡེ་ཤུའི་ལྷ་ཁང་ཞིག་གི་ནང་ཆོས་ཚོགས་དང་ལྷན་དུ་ལུགས་པ་སོགས་བྱས་ཤིང་། ཧྥ་རན་སི་འདི་བཞིན་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་ཆེཤོས་དང་། གོང་འཕེལ་ཧ་ཅང་འགྲོས་མགྱོགས་པའི་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་མོད། ཕྱི་དངོས་ཡར་རྒྱས་ཅི་ཙམ་དུ་སོང་བ་དེ་ཙམ་གྱིས་འཇིགས་སྣང་མང་པོ་སྤྱི་ཚོགས་སུ་ཡོང་བཞིན་པ་མཐོང་རྒྱུ་བྱུང་ཞིང་། དེ་ནི་སྔོན་ཐོན་འཕྲུལ་འཁོར་དག་གིས་ལས་ཀ་བྱེད་པ་ཐད་དྲགས་པས་མི་མང་པོ་ལ་ལས་ཀ་མེད་པར་གྱུར་བ་དང་། དེ་དང་མཉམ་དུ་བརྐུ་འཕྲོག་དང་། དུག་རྫས་འཐེན་པ། སྨད་འཚོང་མ་སོགས་ཀྱི་ཉེས་ཅན་མང་པོ་ཞིག་ཡོང་གིན་འདུག་པ་མཐོང་། ཉིན་ཞིག་པ་ལིའི་སྲང་ལམ་ཆུང་ཆུང་ཞིག་ཏུ་འཁྱམ་འཁྱམ་དུ་ཕྱིན་པ་ན། སྨད་འཚོང་མ་ལུས་ལ་སྐྱུར་དྲི་དང་། ངོ་མདོག་སྐྱ་ལ་གཉེར་མས་ཁེངས་འདུག་པ། ཕྱི་གོས་ནུ་མ་དང་མཚན་མ་འཐུམ་པ་ཙམ་རེ་གྱོན་ནས་སྒོ་མདུན་དུ་ལངས་བསྡད་ཡོད་པ་དང་། མེ་འཁོར་འབབ་ཚིགས་དང་། གནས་ཆེན་ཕྱི་མགྲོན་འདུ་ས་ཁག་ཏུ་སྤྲང་པོ་ལས་ཤོར་བ་མང་པོ་མཐོང་ནས་རྒྱལ་ཁབ་སྟོབས་ཆེན་འདི་འདྲའི་ནང་མུ་གེ་དང་། ཡ་ང་བའི་གནས་ཚུལ་འདི་འདྲ་ཡོད་པར་ཡ་མཚར་བ་དང་། ཡིད་སྐྱོ་བ་ཞིག་བྱུང་། ཡང་སྐབས་འདིར་ཕོ་མོ་འཁྲིག་སྤྱོད་དང་། དུག་རྫས་འཐེན་པ། ཁྲག་འདྲེས་པ་ལས་བྱུང་བའི་ATDཞེས་པའི་ནད་ཡམས་ངན་པ་ས་སྟེང་དུ་ཁྱབ་ནས་མི་མང་པོ་ལྔ་ལམ་དུ་འགྲོ་བཞིན་ཡོད་ཅིང་། ནད་ཡམས་འདི་ཁྱབ་པ་ཡིན་པ་སྨན་སོགས་གང་གིས་སྐྱོབ་མི་ཐུབ་ལ། ཆེས་རིང་ན་ལོ་བཅུ་དང་། ཉུང་མཐར་ལོ་གསུམ་གྱི་ནང་འཆི་འགྲོ་བཞིན་ཡོད། ཧྥ་རན་སིར་ནད་ཡམས་དེ་འདྲ་ཡོད་པ་མང་པོ་འདུག་པ་དང་། མུ་མཐུད་དུ་ཁྱབ་བཞིན་འདུག་པ་ཐོས། དེའི་དུས་ཕྲན་གྱིས་བསམ་པར། ང་ཚོ་བོད་པ་རྣམས་ཀྱི་ཕྱི་མིར་འཁྲིག་སྤྱོད་དང་། ཁྱད་པར་སྨད་འཚོང་མར་ཉལ་བ། དུག་རྫས་འཐེན་པ་སོགས་རྩ་འགོག་དང་། སྨན་ཁང་སོགས་སུ་བལྟ་ཞིབ་བྱ་རྒྱུ་གལ་ཆེ་བ་འདུག གལ་ཏེ་བོད་ནང་དུ་ནད་ཡམས་དེ་འདྲ་ཞིག་ཁྱབ་ན། བོད་མིའི་གནས་བབ་ཀྱི་ཆ་ནས་ཅི་ནས་ཀྱང་འགོག་དཀའ་བའི་གནས་སུ་གྱུར་བས་ད་ལྟ་ནས་གཟབ་གཟབ་གང་དྲག་བྱ་རྒྱུ་མཁྱེན་དགོས་སྙམ་པ་བྱུང་།

ཧྥ་རན་སིའི་ནང་སྡོད་སྐབས་སུ་ལས་བྲེལ་ཤིན་ཏུ་ཆེ་ན་ཡང་ཁོམ་སྐབས་རེ་བྱུང་དུས་རྒྱལ་ས་ཁོ་ནར་མ་བསྡད་པར་བྱང་ཕྱོགས་ནོར་མན་ཊིNo-Mandyཡུལ་སོགས་ལ་གནས་བསྡོར་དུ་སོང་བ་ཡིན། ས་དེ་བྱང་རྒྱ་མཚོའི་འགྲམ་དུ་ཡོད་ཕྱིར་ས་ལ་བརླན་གཤེར་ཆེ་ཞིང་། རླུང་གི་རྒྱུ་ཕྱོགས་ཀྱིས་ཅུང་བསིལ་བར་སྣང་། གནས་འདི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་མཐུན་ཕྱོགས་ཀྱི་དམག་དཔུང་ཐེངས་དང་པོ་ཧྥ་རན་སིར་སླེབས་སའི་གྲུ་ཁ་ཡིན་ཞིང་། ད་ལྟ་ཡང་དེ་རུ་དེའི་སྐབས་ཀྱི་མཁར་རྫོང་དང་། མེ་སྒྱོགས། གྲུ་གཟིངས་མང་པོ་འདུག་ལ། ལྷག་པར་ད་ལོ་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་ལྔ་བཅུ་སོང་བའི་རྗེས་དྲན་དུས་ཆེན་ཡིན་གཤིས། ནོར་མན་ཊི་མི་དམངས་ཀྱིས་དམག་ཆེན་གཉིས་པའི་འབྱུང་རྐྱེན་དང་། གོད་ཆགས། སླད་ཕྱིན་དེ་འདྲ་མི་ཡོང་བའི་བསླབ་བྱ་སོགས་གསར་ཤོག་དང་། བརྙན་འཕྲིན། དྲིལ་བསྒྲགས་ལས་ཁུངས་བཅས་ནས་བརྒྱུད་སྒྲོག་དང་། རྗེས་དྲན་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་འདུག གཞན་དང་བ་འདྲེན་པ་ཞིག་ལ་གནས་འདི་ནས་དམངས་གཞས་དགོང་ཚོགས་ཤིག་དང་། རྟ་རྒྱུག་རྩལ་འགྲན་ཞིག་ལ་ཡང་ཞུགས་རྒྱུ་བྱུང་། དེ་དུས་བོད་པ་རྣམས་ཀྱིས་མདོ་སྨད་རྟའི་ཆོལ་ཁ་ཞེས་ཨ་མདོའི་རྟ་བཟང་ཤོས་ཤིག་ཏུ་བརྩི་བ་ཡང་བོད་ཁོ་ན་ཙམ་མ་གཏོགས་ས་གཞན་ཧྥ་རན་སིའི་རྟ་འདི་ཚོ་གཟུགས་དཔྱད་དང་། རྒྱུགས་རྩལ། རྣམ་རིག་གང་གི་ཆ་ནས་བོད་རྟ་ལས་བཟང་སྙམ་པ་བྱུང་། ཡང་ཉིན་ཞིག་ལ་ཧྥ་རན་སིའི་དབུས་རྒྱུད་མེའུ་ལེ་རྡོ་ཁུNly-Ledvcཡུལ་དུ་ཕྱིན། ཡུལ་དེར་མི་ཉུང་ཞིང་། ཅ་ཅོར་འདུ་འཛི་མེད་པར་འཇམ་ཐིང་ངེར་འདུག་པ་དང་། བྱེའུ་ཚོགས་ཀྱིས་རྒྱུན་མི་ཆད་པར་སྙན་ཞིང་འཇེབས་པའི་གསུང་དབྱངས་བསྒྲགས་ཡོང་དུས་རྣ་བར་སྤྲོ་ཞིང་ཡིད་ལ་དགའ་བ་སྟེར་གྱིན་འདུག

ཡང་ཧྥ་རན་སིར་སྡོད་སྐབས་སུ། ཕྱི་ནང་གཉིས་ཀྱི་མཁས་པ་མང་པོ་ཞིག་དང་གླེང་མོལ་ཞུ་རྒྱུ་བྱུང་བ་དེ་ཚོའི་ནང་སྨན་པ་དང་། དངོས་ཁམས་རིག་པ་བ། ཚན་རིག་ལག་རྩལ་བ། རིག་གནས་ཞིབ་འཇུག་པ་བཅས་ཡོད་ཅིང་། དེ་དག་ལ་སྐད་ཆ་ཅི་བྱུང་དང་། རིག་གནས་དེ་དག་གི་འཕེལ་རིམ་སོགས་རེ་བའི་རྨི་ལམ་ཁྲོད་དཔེ་དེབ་ཅིག་འབྲི་རྩིས་ཡོད་པས། འདིར་བརྗོད་འོས་པ་ཞིག་ལ་ཧྥ་རན་སིའི་ཡུལ་དུ་བོད་ཀྱི་ཤེས་རིག་གི་ཚོགས་སྡེ་སུམ་ཅུ་སོ་གཉིས་ཙམ་དང་། མཁས་དབང་སློབ་གཉེར་བྱ་མཁན་ལྔ་སྟོང་ཙམ་ཡོད་སྐད། ཚོགས་སྡེ་དེ་དག་ནི་སློབ་གྲྭ་ཆེན་མོ་དང་། མི་སྒེར་ཚོགས་པ། ཞིབ་འཇུག་ཁང་། དགོན་སྡེ་བཅས་ཡིན་ཞིང་། ཐམས་ཅད་ཀྱིས་བོད་ཀྱི་ཤེས་རིག་སློབ་སྟོན་དང་། ཞིབ་འཇུག ཡིག་བསྒྱུར། དཔེ་སྐྲུན། བཀའ་ཆོས་གསུང་བ་སོགས་བྱེད་ཀྱིན་ཡོད་པ་དང་། རྒྱུན་ལྡན་བོད་ཀྱི་ཤེས་རིག་དང་འབྲེལ་ཡོད་ཀྱི་ཚོགས་འདུ་བསྡུ་བ་དང་། བགྲོ་གླེང་བྱེད་པ་བཅས་ཀྱི་ལས་ཀ་བྱེད་ཀྱིན་འདུག ཕྲན་ཧྥ་རན་སིར་སྡོད་སྐབས་ཧྥ་རན་སིའི་རྒྱལ་ཡོངས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་བ་ཨ་ཁུ་ཡོན་ཏན་རྒྱ་མཚོ་ལགས་དང་། ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་རྒྱ་མཚོ་གཉིས་ལ་བོད་ཀྱི་ཤེས་རིག་སོགས་ཀྱི་ཐད་ལ་བཀའ་འདྲི་མང་པོ་ཞུས་པ་ཡིན། ཁོང་རྣམ་པ་གཉིས་ཨ་མདོ་ནས་ཡིན་པ་དང་། ཡུལ་ཞེན་གྱི་དབང་གིས་བཀའ་སློབ་མང་པོ་གནང་ཞིང་། དེ་དག་ལས་ཕྲན་གྱིས་ཧྥ་རན་སིའི་བོད་རིག་པའི་ཚོགས་སྡེ་དང་། གནས་སྟངས་བཅས་ཅུང་ཟད་ཤེས་ཏེ་དེའི་སྐོར་གྱི་ཆེད་རྩོམ་ཞིག་ཀྱང་བསྒྱུར་བྲིས་བྱེད་ཐུབ་པ་བྱུང་།

མདོར་ན་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་རྒྱ་མཚོས་གསུང་པ་ལྟར། ཕྱིར་སྣང་དངོས་པོ་ཡར་རྒྱས་ཡོང་བ་དེ་ཙམ་གྱིས་ཞི་བདེ་མེད་པ་དང་། མི་ཚེ་ནོར་དང་བརྗེས་པ། དམིགས་ཡུལ་མེད་པ་བཅས་ཀྱི་མི་ཚེ་ཞིག་བསྐྱེལ་གྱིན་ཡོད་ཅེས་བརྗོད་པ་བཞིན་ཧྥ་རན་སིའི་ཡུལ་འདི་ལོངས་སྤྱོད་ཆེ་བ་དང་། མངའ་ཐང་ལྡན་པ་ཤིག་ཏུ་མཐོང་མོད། ཕྱོགས་གཞན་ཞིག་ནས་འཇིགས་སྣང་མང་པོ་ཞིག་ཡོང་གིན་ཡོད་པ་ཡང་མཐོང་། དེ་ལྟ་ཧྥ་རན་སིར་སྡོད་པའི་རིང་ཕྱིའི་དངོས་པོའི་ལོངས་སྤྱོད་དག་མི་འདོད་བཞིན་དུ་སེམས་ནང་དོར་ཀྱང་། སྒྱུ་ལུས་འཕྲུལ་འཁོར་འདི་འཇིག་རྟེན་ཆོས་བརྒྱད་ཀྱིས་ཉེ་བར་བསྐོར་བས་རྒྱལ་ཁབ་འདི་ཅི་འདྲའི་མཛེས་པ་ལ་ཨྰང་། སྐྱིད་པ་ལ་ཨྰང་ཞེས་མི་བརྗོད་ཀ་མེད་བྱུང་ཞིང་། སྐྲ་སེར་མིག་སྔོ་ཅན་གྱི་སྒེག་ལྡན་མ་རྣམས་དང་། མ་ལྟར་བརྩེ་བའི་གྲོགས་པོ་རྣམས། ལྷའི་ལོངས་སྤྱོད་དང་མཉམ་པའི་ལྟོ་གོས་སོགས་ཀྱིས་ལུས་འདི་ཉེ་བར་དྲངས་ཀྱང་། ཕྲན་གངས་ཅན་བོད་ཡུལ་འདིའི་ཐུན་མོང་མ་ཡིན་པའི་རི་ལུང་ཆུ་གསུམ་དང་། མི་ནོར་རིག་གསུམ་ལ་དུངས་སེམས་ཁྱད་པར་ཅན་ཞིག་འདུག་པས། གྲོགས་རྣམས་ལ་བཀྲ་ཤིས་སྨོན་ཚིག་ཞུས་པ་དང་འབྲེལ་འཕྲལ་མར་བོད་དུ་ལོག་པ་ཡིན།

ཧྥ་རན་སིའི་རྒྱལ་ས་པ་ལི་ནས། 

藏宝挪一挪

རྩོམ་ཁུངས། ༡༩༩༦ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་ཡིན། 

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章