-----
སློབ་གྲྭའི་དགེ་རྒན་རྣམས་ཆེས་མི་དགའ་པའི་ཕྱི་ཚུལ་རིང་ལུགས།
དབྱང་ཕིན་གྱིས་བརྩམས། སྒོམ་པ་ཚེ་རིང་གིས་བསྒྱུར།
སློབ་གཙོ་མང་པོ་ཞིག་དགེ་རྒན་བྱས་མྱོང་བ་དང་། ཁོ་ཚོས་སློབ་གསོའི་ལས་རྐང་དང་པོ་ནས་མ་མཐའ་ཡང་མི་ལོ་བཅུ་གྲངས་ཙམ་ལ་སློབ་གསོ་སློབ་ཁྲིད་དང་དཔེ་ཁྲིད་མི་སྐྱོང་གི་ལས་དོན་སྒྲུབ་ཡོད་པ་རེད། དེ་བས། ཁོ་ཚོས་སློབ་གྲྭའི་ནང་ནས་ཕྱི་ཚུལ་རིང་ལུགས་དེ་ཉམས་སུ་མྱངས་ཡོད། གནད་ཀྱི་དོན་པོ་ནི་བསམ་གཞིགས་དང་ཕྱིར་རྟོག་བགྱི་མཁན་གྱི་སློབ་གཙོ་ཉུང་བས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་མྱོང་ཚོར་དངོས་ཀྱི་ཐོག་ནས་ངེས་པ་དོན་གྱིས་གནད་དོན་ལ་བསམ་གཞིགས་བྱེད་མཁན་གྱི་སློབ་གཙོ་མང་པོ་མཐོང་རྒྱུ་མེད་པར་ཆགས་ཡོད། ངས་བསམ་ན་ཚད་གཞིར་ལོངས་པའི་སློབ་གཙོ་ཞིག་གིས་རང་ཉིད་དེ་སྔ་སློབ་ཁང་ནང་དུ་ལངས་ནས་དཔེ་ཁྲིད་བྱས་པ་བརྗེད་མི་རུང་ལ། རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་དགེ་རྒན་ཡིན་པ་དེ་བས་ཀྱང་བརྗེད་མི་རུང་བར་འདོད། དེ་ལྟར་བྱས་ན་ཁོང་གིས་གཞི་ནས་རྣམ་འགྱུར་གསལ་སྟོན་གྱི་སྒོ་ནས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་དང་། ཕྱི་ཚུལ་རིང་ལུགས་ཁས་མི་ལེན་པ། ཕྱི་ཚུལ་རིང་ལུགས་མི་བྱེད་པ་བཅས་བྱེད་ཐུབ་ཀྱི་རེད། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་“སྤྱོད་ངན་བཞི་”ཡོ་བསྲང་གཏིང་ཟབ་དང་། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་མོད། ཡིན་ནའང་སློབ་གྲྭའི་ནང་དུ་ཕྱི་ཚུལ་རིང་ལུགས་ཀྱི་སྲོལ་ངན་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་། ཐ་ན་གཉིད་དང་རྨི་ལམ་རྨི་པའི་སྐབས་སུའང་གནས་ཡོད། དེས་ན། སློབ་གྲྭའི་དགེ་རྒན་རྣམས་ཆེས་མི་དགའ་བའི་ཕྱི་ཚུལ་རིང་ལུགས་གང་དག་ཡོད་དམ།
དང་པོ། ཚོགས་འདུ་མ་འཚོག་ཀྱང་ཆོག་ནའང་རྒྱུན་པར་ཡུན་རིང་ཚོགས་པའི་ཚོགས་འདུ།
སློབ་གྲྭའི་འགོ་ཁྲིད་ཀྱིས་ཚོགས་འདུའི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་འགན་འཁྲི་འཁུར་བར་སྐྲག་པ་དང་། རྟག་ཏུ་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པས་དཔར་ཤུལ་བཞག་པའི་ལས་ཀའི་རྣམ་པ་སྤྱད་ནས་ལས་ཀ་འདི་ཏན་ཏན་ཏིག་ཏིག་གིས་སྒྲུབ་བཞིན་ཡོད་པ་ར་སྤྲོད་བྱེད་ཀྱིན་ཡོད་པས། ཚོགས་འདུའི་ཁྲོད་དུ་དཔེ་མཚོན་གྱི་ཕྱི་ཚུལ་རིང་ལུགས་བྱུང་བ་རེད། ཚོགས་འདུའི་ཕྱི་ཚུལ་རིང་ལུགས་ཀྱི་མཚོན་ཚུལ་གཙོ་བོ་ནི། ཚོགས་འདུ་ལ་ལར་ངོ་བོའི་རང་བཞིན་གྱི་ཚོགས་འདུའི་ནང་དོན་གང་ཡང་མེད་པ་དང་ངེས་པར་དུ་གཟའ་འཁོར་རེར་འཆར་ཅན་ཚོགས་འདུ་ཐེངས་རེ་འཚོག་རྒྱུར་རྒྱུན་འཁྱོངས་བྱེད་དགོས་ཀྱང་དོན་དངོས་ཐོག་ཞིབ་ཕྲའི་གནད་དོན་གང་ཡང་བཀོད་སྒྲིག་བྱས་མེད་པའམ་ཡང་ན་ཐག་གཅོད་བྱས་མེད། གྲོས་ཚོགས་ལ་ལར་གཙོ་བོ་ལས་ཀ་བཀོད་སྒྲིག་བྱེད་སྐབས་མ་གཞི་ནས་ལས་ཀའི་ཚོགས་པའི་ནང་དུ་བརྡ་ཐོ་ཞིག་བཏང་སྟེ་ལེགས་པར་འགྲུབ་ཐུབ་པའི་བྱ་བ་ཞིག་ཡིན་པས། ངེས་པར་དུ་དགེ་རྒན་དང་ལས་བཟོ་པ་ཡོངས་ལ་ས་གནས་ས་ཐོག་ཏུ་ཚོགས་འདུར་ཡོང་དགོས་པའི་བརྡ་གཏོང་དགོས།
གྲོས་ཚོགས་ཁ་ཤས་མ་གཞི་ནས་དུས་ཡུན་ཧ་ཅང་ཐུང་ངུའི་ནང་འཚོགས་ཚར་པའི་ཚོགས་འདུའི་ཐོག་ཏུ་དོན་དག་ཡོད་ན་དོན་དག་གླེང་བ་ཡིན་མོད། འོན་ཀྱང་སློབ་གྲྭའི་འགོ་ཁྲིད་ཀྱིས་སྔོན་ལ་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་མ་བླངས་པར། ཚོགས་འདུའི་ཐོག་གོང་རིམ་གྱི་ཡིག་ཆའི་མ་ཡིག་སྒྲོག་སྦྱོང་བྱེད་སྐབས་ཡིག་ཆ་འགའ་ཞིག་ངེས་པར་དུ་རེ་རེ་བཞིན་བཀླག་ཚར་དགོས་པ་དང་། དུས་ཚོད་མང་པོ་ཞིག་བཀོལ་དགོས། ད་དུང་འགོ་ཁྲིད་རྣམས་རྒྱུན་དུ་ཚོགས་འདུའི་ཐོག་བརྒྱ་བཤད་སྟོང་བཤད་བྱེད་རྒྱུར་དགའ་པོ་ཡོད། མ་གཞི་བྱས་ན་ཕྱོགས་གསུམ་ནན་བཤད་བྱེད་ཀྱི་ཡོད་ཀྱང་། མཐར་ཆུ་ཚོད་ཁ་ཤས་རིང་ལ་བཤད་ཡོད་ཅིང་། སྨྲ་བར་གོ་རིམ་མེད་པ། བརྗོད་བྱར་ནང་དོན་མེད་པ། ཚོགས་འདུའི་དུས་ཚོད་ནར་འགྱངས་བྱེད་པ། ཚོགས་འདུ་ཐུང་ཐུང་དེ་དུས་ཚོད་རིང་པོར་འཚོགས་པ། དགེ་རྒན་ལ་ཁ་ཡོད་ཀྱང་བཤད་དཀའ་བའི་གནས་སུ་བསྐྱལ་གྱིན་ཡོད། སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དོན་དངོས་ཐོག་དོན་སྙིང་གང་ཡང་མེད་པའི་ཕྱི་ཚུལ་རིང་ལུགས་ཀྱི་ཚོགས་འདུ་འདི་རིགས་འཚོག་རྒྱུར་ཧ་ཅང་མི་དགའ་པས་དུས་ཚོད་ནར་འགྱངས་བྱས་ཡོད་ལ་སེམས་ཁམས་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད།
གཉིས་པ། རྒྱུན་པར་མི་ཡོད་ཀྱང་སེམས་མེད་པའི་ལས་ཚོགས་དང་ལས་གྲོལ་གྱི་མིང་རྟགས་འགོད་དུ་འཇུག་པ།
སློབ་གྲྭས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཀའི་སྒྲིག་ལམ་ནན་ཏན་དུ་གཏོང་བ། མིང་ཐོ་འགོད་པའི་ལམ་ལུགས་སྤྱད་དེ་དགེ་རྒན་གྱི་ལས་ཞུགས་ལ་ཚད་གཞི་བཟོ་བ་བཅས་བྱེད་ཀྱིན་ཡོད་པ་དེ་ནི་སློབ་གྲྭའི་དོ་དམ་གྱི་ཐོག་མའི་དུས་མཚམས་སུ་ཕན་ཐོགས་ཡོད་ལ་གཞན་དང་མི་འདྲ་བ་ཞིག་ཀྱང་རེད། འོན་ཀྱང་སློབ་གྲྭ་འགའ་ཞིག་ཏུ་ལས་ཞུགས་ལམ་ལུགས་ནན་མོ་མེད་པ་དང་ལས་ཀར་སྐྱོད་སྐབས་ལས་ཞུགས་ལས་གྲོལ་གྱི་ཐོ་འགོད་བྱེད་པའི་ཕྱི་ཚུལ་རིང་ལུགས་སུ་གྱུར་ཡོད། དེའི་མཚོན་ཚུལ་གཙོ་བོ་ནི། ཚབ་བྱས་ཏེ་མིང་རྟགས་བཀོད་པར་ཞིབ་བཤེར་བྱེད་མཁན་མེད་པ་དང་སུས་མིང་རྟགས་བཀོད་ཀྱང་ཚང་མ་གཅིག་མཚུངས་ཡིན་པ་དེ་རེད། མིང་རྟགས་བཀོད་ནས་ཁ་ཡ་བྱེད་མཁན་མེད་པ་དང་སྔ་ཕྱི་མ་གཏོགས་གཅིག་པ་རེད། མི་ལ་མིང་རྟགས་འགོད་མི་ཐུབ་པ་དང་མིང་རྟགས་བཀོད་མེད་པར་དཔྱད་ཞིབ་ལྟ་སྐུལ་མེད་པ་དང་མིང་རྟགས་མི་འགོད་པ་གཅིག་མཚུངས་རེད།
དོན་དངོས་ཀྱི་ནུས་པ་མེད་པའི་ལས་ཞུགས་དང་ལས་གྲོལ་གྱི་མིང་རྟགས་འགོད་པ་འདིས་དགེ་རྒན་གྱི་ལས་ཀའི་སྒྲིག་ལམ་ལ་ཚོད་འཛིན་བྱེད་པའི་ནུས་པ་ཐོན་རྒྱུ་ཕར་ཞོག ཐ་ན་དེ་ལས་ལྡོག་སྟེ་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཀྱི་གཟབ་ནན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། དགེ་རྒན་ཚོ་ཆེས་སུན་པ་ནི་ཕན་པ་གང་ཡང་མེད་ན་ཡང་ཉིན་རེར་སེམས་ལ་ངེས་པར་དུ་འཛིན་དགོས་པ་དང་། ལས་ཞུགས་ལས་གྲོལ་ལ་མིང་རྟགས་འགོད་པའི་གོ་རིམ་བརྒྱུད་དགོས་པའི་ཕྱི་ཚུལ་རིང་ལུགས་ལ་སེམས་ཁྲལ་བྱེད་བཞིན་ཡོད། ངས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ལས་ཀ་ནི་བརྩེ་སེམས་དང་ལས་རྒྱུ་འབྲས་ལ་འབྲེལ་བའི་ལས་ཀ་ཞིག་ཡིན་ཞིང་། སློབ་གྲྭ་གང་ཞིག་ཡིན་རུང་དེའི་ནང་གི་དགེ་རྒན་མང་ཆེ་བ་ནི་སྒྲིག་ཁྲིམས་བརྩི་སྲུང་བྱེད་མཁན་ཞིག་ཡིན་པས། དུས་ཐོག་ཏུ་ལས་ཀ་མི་བྱེད་མཁན་གྱི་དགེ་རྒན་ནི་སློབ་གྲྭའི་ནང་དུ་ཧ་ཅང་ཉུང་ཉུང་ཞིག་ལས་མེད། དོ་དམ་པས་ཐབས་བརྒྱ་ཇུས་སྟོང་གིས་མི་ཉུང་ཤས་དེ་ཚོའི་བསམ་བློའི་གནད་དོན་ཐག་གཅོད་བྱེད་དགོས་པ་ལས། མིང་ཐོ་འགོད་པའི་རྣམ་པས་དགེ་བཟོ་བ་ཡོངས་ཀྱི་ལས་ཞུགས་དང་ལས་གྲོལ་ལ་ཚོད་འཛིན་བྱེད་པའི་དགོས་པ་མེད་པར་མ་ཟད། སློབ་གྲྭ་ཞིག་གིས་ནམ་ཡང་མིང་ཐོ་འགོད་པའི་རྣམ་པ་ལ་བརྟེན་ནས་དགེ་བཟོ་བ་ལས་ཞུགས་དང་ལས་གྲོལ་བྱེད་དུ་བཅུག་ཚེ། ངས་བསམ་ན་སློབ་གྲྭ་འདི་ཁ་ཐུར་དུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་སྙམ། སློབ་གྲྭ་ནི་ནང་རྐྱེན་ལ་བརྟེན་ནས་སློབ་གསོའི་ཕན་འབྲས་མངོན་འགྱུར་བྱེད་པའི་ལས་ཁུངས་ཤིག་ཡིན་པས། དགེ་རྒན་རྣམས་ལ་བློ་མོས་ཞེ་མོས་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ལས་དོན་སྒྲུབ་ཏུ་བཅུག་སྟེ། བསམ་དོན་ཡིད་བཞིན་འགྲུབ་པར་བྱས་ན། ད་གཟོད་དགེ་རྒན་ལ་སློབ་གྲྭ་འདི་ཁྱིམ་ལྟར་གཅེས་པའི་བརྩེ་སེམས་ཡོད་པ་དང་། སློབ་གསོའི་ལས་དོན་ལ་དགའ་ཞིང་བརྩོན་པ་བྱེད་པའི་སེམས་ཤུགས་ཡོད། གཞན་གྱི་མིག་དཔེ་སྟོན་ཐུབ་པའི་སྤོབས་པའི་བརྩེ་སེམས་ཡོད་པ་རེད། དེ་ལྟར་བྱས་ན་སློབ་གྲྭ་ནི་ད་གཟོད་དྲོད་ཁོལ་ཡོད་པའི་སློབ་གྲྭ་ཡིན་ལ། སློབ་གསོ་ནི་ད་གཟོད་བདེ་སྐྱིད་ཀྱི་སློབ་གསོ་ཡིན།
གསུམ་པ། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་གོང་རིམ་གྱི་ཞིབ་བཤེར་ལ་ཁ་གཏད་གཅོག་པའི་དུས་རྒྱུན་གྱི་ཞིབ་བཤེར་སྣ་ཚོགས།
སློབ་ཁྲིད་ཀྱི་རྒྱུན་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས་དགེ་རྒན་གྱི་སློབ་ཁྲིད་དང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་སློབ་གྲྭའི་སློབ་གསོ་དོ་དམ་གྱི་མཆོག་ནོར་ཞིག་རེད། འོན་ཀྱང་སློབ་གྲྭ་ཁ་ཤས་སུ་སློབ་ཁྲིད་རྒྱུན་སྲོལ་དེ་གོང་རིམ་གྱི་ཞིབ་བཤེར་ལ་ཁ་གཏད་གཅོག་པའི་ཕྱི་ཚུལ་རིང་ལུགས་ཤིག་ཏུ་གྱུར་བ་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་མངོན་གསལ་དོད་པོས་མཚོན་ཡོད་པ་སྟེ།
གཅིག་ནི་བྱ་ཡུལ་ལ་དབྱེ་འབྱེད་མི་བྱེད་པར་དགེ་རྒན་ཚང་མས་ཟིན་བྲིས་ལག་པས་འབྲི་དགོས་པའི་བླང་བྱ་འདོན་པ་ནི་ཚན་རིག་དང་གཏན་ནས་མི་མཐུན་པ་སྟེ། འདིར་སློབ་གསོ་དང་ལག་རྩལ་འཕེལ་རྒྱས་བྱུང་ནས་ད་ལྟའི་བར་གྱི་དོན་དག་མི་གླེང་། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དང་སློབ་གསོའི་བྱེད་ཐབས་སྡེབ་སྒྲིག་ཚད་མཐོན་པོ་བྱས་ཡོད་པས་གློག་རྡུལ་སློབ་ཁྲིད་ཟིན་བྲིས་ཀྱིས་གཞི་རྩའི་ཐོག་ནས་ལག་བྲིས་སློབ་ཁྲིད་ཟིན་བྲིས་ཀྱི་ཚབ་བྱས་ཡོད། འཚར་ལོངས་འབྱུང་བཞིན་པའི་ཆེད་ལས་མཁས་པས་བྱ་ཡུལ་ལ་དབྱེ་འབྱེད་མི་བྱེད་པར་དུས་ཚོད་མང་པོ་སྤྱད་ནས་སློབ་ཁྲིད་ཟིན་བྲིས་འདྲ་བཤུས་བྱས་ནས་ཁ་གཏད་འཇལ་བ་དང་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་ནི་སློབ་གསོའི་དུས་ཚོད་དང་ཐོན་ཁུངས་ཆུད་ཟོས་ཆེན་པོ་བཏང་བ་ཞིག་ཡིན་པ་གསལ་པོ་གསལ་རྐྱང་རེད། གོང་རིམ་གྱི་ཞིབ་བཤེར་ལ་ཁ་གཏད་འཇལ་ཆེད་དགེ་རྒན་རྣམས་ཀྱིས་དུས་ཚོད་བཙལ་ནས་སློབ་ཁྲིད་ཟིན་བྲིས་ཀྱི་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་འདྲ་བཤུས་བྱས་ནས་ཟིན་བྲིས་འབྲི་བ་གཏན་ནས་མི་རུང་བར་སྙམ། དེ་ལྟར་བྱས་ན་དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་བྱེད་པ་ལ་ཡང་དོན་སྙིང་ཆེན་པོ་གང་ཡང་མེད།
གཉིས་ནི་དགེ་རྒན་གྱིས་ངེས་པར་དུ་དགེ་རྒན་གཞན་གྱི་སློབ་ཁྲིད་ག་ཚོད་ཅིག་ལ་ཉན་ནས་སློབ་ཁྲིད་ལ་ཉན་པའི་ཟིན་བྲིས་སོགས་འབྲི་དགོས་པ་དེ་རེད། སློབ་ཁྲིད་ལ་ཉན་པའི་སྐབས་སུ་ལྟ་སྐུལ་མི་བྱེད་ཅིང་སློབ་དུས་མཇུག་བསྒྲིལ་ལ་ཉེ་དུས་དགེ་རྒན་གྱིས་མི་གཞན་ནམ་ཡང་ན་ལོ་འགའི་གོང་གི་སློབ་ཁྲིད་ལ་ཉན་པའི་ཟིན་ཐོ་བཤུ་འབྲི་བྱས་ནས་ལས་འགན་ནམ་འོས་འགན་ལེགས་འགྲུབ་ཡོང་བར་བྱས་པ་དང་། དེར་ཞིབ་བཤེར་བྱེད་སྐབས་འགག་སྒོ་ལས་ཐར་ཐུབ་པ་བྱུང་ན་ཡང་དགེ་རྒན་གྱིས་དོན་དངོས་ཐོག་སློབ་ཁྲིད་ལ་ཉན་མེད་པར་རྫུན་ལས་བྱས་ཡོད། དེ་ལྟར་བྱས་ན་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་ས་རེད་དམ།
གསུམ་ནི་ནད་བརྒྱ་སྨན་གཅིག་གི་འཆར་གཞིའི་ཕྱོགས་བསྡོམས་ཡིན་ཞིང་། ལོ་རེ་རེ་ལ་ཞིབ་བཤེར་བྱས་པ་དེ་དགེ་རྒན་གྱིས་ཡང་དང་བསྐྱར་དུ་འབྲི་རྒྱུ་ཤིན་ཏུ་དཀའ་བས་ཁ་ཤས་ལེགས་སྒྲིག་ཕྲན་བུ་བྱེད་པ་དང་ཐ་ན་ལེགས་སྒྲིག་ཀྱང་མི་བྱེད་པར་ཟླ་ཚེས་ལ་བཟོ་བཅོས་ཕྲན་ཙམ་བརྒྱབ་ནས་གོང་རིམ་ལ་ཕུལ་ཡང་ཁ་ཡ་བྱེད་མཁན་མེད་པ་བཅས་རེད། ཕྱི་ཚུལ་རིང་ལུགས་ཀྱི་ཁ་གཏད་འཇལ་ཐབས་ཀྱི་ཞིབ་བཤེར་དེ་དག་ལ་མཐོར་འདེགས་དང་སྐུལ་འདེད་ཀྱི་ནུས་པ་གང་ཡང་མེད་པས་དགེ་རྒན་གྱིས་སྡུག་སྐད་འདོན་པ་ལ་དོ་དམ་པས་ངེས་པར་དུ་བཅོས་སྒྱུར་ཡང་དག་པ་བྱེད་རྒྱུར་ཤིན་ཏུ་ནས་ཀྱང་གཙོའོ། །
བཞི་པ། དོན་གྱིས་སྟོངས་བའི་བརྟག་དཔྱད་ཚད་ལེན་གྱི་འདེམས་ཤོག་སྣ་ཚོགས་འཕེན་པ།
ནམ་ཞིག་ལ་མགོ་བཟུང་བ་ཆ་མ་འཚལ་མོད། སྡེ་ཚན་ཁ་ཤས་ཀྱིས་PPTཡི་ཚད་ལེན་དཔྱད་བསྡུར་གཏན་འབེབས་ལ་བརྟེན་ནས་དགེ་རྒན་ཚོར་ཚོད་ལྟ་སོགས་བཀོད་སྒྲིག་བྱ་རྒྱུར་དགའ་པོ་ཡོད་པར་མ་ཟད། ངེས་པར་དུ་འདྲ་པར་བཅད་རིས་(截图)བྱས་ནས་གཞུང་འབུལ་བྱ་རྒྱུའི་རེ་བ་འདོན་གྱིན་ཡོད། དགེ་རྒན་རྣམས་མ་གཞི་ནས་ལས་བྲེལ་ཇི་ལྟར་ཆེན་ན་ཡང་ལས་འགན་ལེགས་འགྲུབ་ཡོང་བར་བྱ་ཆེད། སྐབས་འགར་ཐ་ན་ཁ་བྱང་ཡང་མཐོང་མ་ཐུབ་པར་གང་བྱུང་དུ་དྲིས་ལན་བཏབ་ནས་གོང་ལ་སྤྲད་པའི་གནད་དོན་ལ་བརྟག་དཔྱད་ཀྱི་བསྡོམས་ཚིག་དེ་ལྟ་བུར་དཔྱད་གཞིའི་རང་བཞིན་དང་རིན་ཐང་ཡོད་དམ།
སྐབས་རེར་དགེ་རྒན་ལ་འདེམས་ཤོག་འཕེན་པའི་ལས་འགན་འགའ་འབྱོར་གྱིན་ཡོད་ཅིང་། ཕུལ་བྱུང་དཔྱད་འདེམས་གང་ཞིག་ཡིན་རུང་ཚང་མས་དྲ་ཐོག་ནས་འདེམས་ཤོག་འཕངས་ཏེ་གཏན་འཁེལ་བྱེད་བཞིན་ཡོད། ཕུལ་བྱུང་གི་གྲུབ་འབྲས་དེ་གང་དུ་བཞག་ཡོད་དམ། དེ་ལྟར་ན་ནམ་ཞིག་གི་ཚེ། མི་རྣམས་ཀྱིས་མི་གྲངས་ལ་བརྟེན་ནས་ཕུལ་བྱུང་གི་ལས་དབང་ཐག་གཅོད་བྱེད་དགོས་སམ།
ཕྱི་ཚུལ་རིང་ལུགས་ཀྱི་འདེམས་ཤོག་ལ་དཔྱད་བསྡུར་བྱེད་སྐབས་ངོ་བོའི་ཐོག་ནས་བརྗོད་ན་ལས་ཀ་ལ་རིན་ཐང་གང་ཡང་མེད་པས། དགེ་རྒན་གྱི་སེམས་ཁམས་དཀྲུགས་པ་ལས་དོན་དག་ཅི་ཡང་མེད་པས་དགེ་རྒན་རྣམས་ནམ་ཡང་དེར་ཞེན་པ་གཏིང་ནས་ལོག་ཡོད།
སློབ་གསོ་ནི་ཏན་ཏན་ཏིག་ཏིག་གི་བྱ་གཞག་ཅིག་ཡིན་པས། ལྷོད་གཡེང་གཏན་ནས་བྱེད་མི་རུང་། ང་ཚོ་ནི་སློབ་གྲྭའི་དོ་དམ་པ་ཡིན་པའི་ཆ་ནས། ལས་ཀའི་ཁྲོད་དུ་དོན་དངོས་ཀྱི་བཀོལ་སྤྱོད་མང་ཙམ་བྱེད་ཅིང་ཕྱི་ཚུལ་རིང་ལུགས་ཉུང་ངུར་བཏང་ནས་དངོས་དོན་སྒྲུབ་པའི་སྲོལ་བཟང་དར་སྤེལ་གཏོང་བ་དང་། བྱས་རྗེས་དངོས་སུ་འཇོག་པ་བཅས་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆