-----
༄༅། །རྒྱལ་ཚབ་དར་མ་རིན་ཆེན་གྱི་ཚད་མའི་སྐོར་གྱི་རྩོམ་ཆོས་རགས་ཙམ་གླེང་བ།
བྱ་ཉ་བློ་བཟང་ཚུལ་ཁྲིམས།
[ནང་དོན་གནད་བསྡུས།] རྒྱལ་ཚབ་དར་མ་རིན་ཆེན་གྱི་སྐུ་ཚེ་སྟོད་ལ《རིགས་གཏེར》ཚར་དུ་མ་གསན་ཞིང་ས་ལུགས་ཀྱི་ཚད་མ་ལ་མཁས་པའི་མཐའ་ཐུག་པ་ལྟ་བུ་ཡིན་ཡང་ཕྱིས་སུ་སྔ་ཕྱིར་རྗེ་ཙོང་ཁ་པའི་མདུན་ནས་ཚད་མའི་གཞུང་བཤད་དང་ལྷག་ཏུ་དཀའ་གནད་ཀྱི་བཤད་པ་མང་དུ་གསན་པས་སྔར་གྱི་ཚད་མའི་བཞེད་ཚུལ་ལ་འགྱུར་བ་ཆེན་པོ་བྱུང་སྟེ། ཕྱིས་ས་ལུགས་ཀྱི་བཞེད་ཚུལ་དང་མི་མཐུན་མཁན་ཆེ་ཤོས་ལྟ་བུར་གྱུར། ཁོང་གིས་བརྩམས་པའམ་ཟིན་བྲིས་བཏབ་པའི་ད་ཡོད་ཚད་མའི་བསྟན་བཅོས་བཅུ་གཅིག་བཞུགས་ཤིང་དེའི་ནང་དུ་རྗེ་ཙོང་ཁ་པའི་ལུགས་ཀྱི་ཚད་མའི་བཞེད་ཚུལ་རྣམས་གཏན་ལ་ཕབ་ཡོད། རྩ་བའི་ཚིག་རྣམས་གོང་འོག་གཏོར་ཏེ་འགྲེལ་པ་དང་། སྐབས་རེར་ཚིག་སྣ་ཧ་ཅང་བསྡུས་པ། རང་གི་ཚད་མའི་བཞེད་ཚུལ་འབུར་དུ་ཐོན་པའི་ཕྱིར་ཞིབ་ཆ་སྦྱར་མང་བ། ཕལ་མོ་ཆེ་ཐལ་ངག་དང་རང་རྒྱུད་དང་སྦྱར་བ་བཅས་ཀྱིས་ཚིག་ཧ་ཅང་བརླིང་ཞིང་གོ་དཀའ། འོན་ཀྱང་མཐའ་དཔྱད་པའི་གཞུང་དུམ་བུ་རེ་ཡིན་ཡང་དོན་གྱི་གནད་ཆེན་པོ་འདུས་ཤིང་། རིགས་པའི་གཏིང་ཟབ་ལ་ཚིག་ཉོབ་ཀྱིས་མ་སྦགས་པའི་ཁྱད་ཆོས་ལྡན། རང་ལུགས་ཆ་ཚང་ཞིང་བཞེད་མཚམས་ཧ་ཅང་གསལ་བ་དང་། གཞུང་གོང་འོག་ནང་འགལ་བ་དང་། རིགས་པས་དཔྱད་ན་ཞིག་པར་འགྱུར་བའི་སྐྱོན་མེད་པ་ནི་ཁྱད་ཆོས་གཙོ་བོར་སྣང་།
[གནད་ཚིག] རྒྱལ་ཚབ་དར་མ་རིན་ཆེན། ཚད་མ། པཎ་ཆེན་ཤཱཀ་མཆོག
རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་གཞུང་རྣམས་ནི་ཕྱིས་ཀྱི་དགེ་ལུགས་པའི་ཚད་གཞུང་ཕལ་མོ་ཆེའི་ཁུངས་ལྟ་བུར་གྱུར་ཡོད་ཅིང་། ལྷག་ཏུ《རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད》ཀྱི་འཕྲིན་ལས་ཤིན་ཏུ་རྒྱས། ཁོང་གི་གཞུང་དག་ཏུ་ས་ལུགས་ཀྱི་ཚད་མའི་བཞེད་ཚུལ་མང་པོ་ལ་ཞིབ་ཕྲ་དགག་སྒྲུབ་མཛད་ཡོད་པས་ས་ལུགས་དང་དགེ་ལུགས་བར་གྱི་མི་འདྲ་བའི་ཆ་མཚོན་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན། ཁོང་གི་ཚད་གཞུང་དག་གི་བརྗོད་བྱ་ལ་མཐའ་དཔྱད་པའི་གཞུང་ཧ་ཅང་མང་ཡང་གནས་ཚུལ་ཕྱོགས་སྡོམ་གྱིས་དཔྱད་པ་བྲིས་པ་མ་མཇལ་བས། འདིར་རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་རྣམ་མདོར་བསྡུས་དང་། དེ་ནས་ཁོང་གིས་མཛད་པའི་ཚད་གཞུང་དག་གི་རྩོམ་རིམ་གྱི་སྔ་ཕྱི་སོགས་དང་། དེ་ནས་ཚད་གཞུང་དེ་དག་གི་ཁྱད་ཆོས་སྤྱི་ཁོག་ཙམ་བཅས་འབྲི་བར་བྱའོ། །
གཅིག །མཛད་པ་པོའི་རྣམ་ཐར་ཉིང་བསྡུས།
རབ་བྱུང་དྲུག་པའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ(1364)ལོར་གཙང་ཉང་སྟོད་རི་ནང་སྦས་པའི་མཛོ་ཆད་ཅེས་པར་ཡབ་རྟ་དཔོན་དང་ཡུམ་ཇོ་མོ་ཤེས་རབ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རིགས་བློན་པོ་རྦའི་བརྒྱུད་པ་ཡིན་པ་འཁོད། ཆུ་མོ་གླང(1373)གི་ལོར་གནས་རྙིང་རིན་ཆེན་རྒྱལ་མཚན་དང་བྲག་ཐོག་པ་གཞོན་ནུ་ཚུལ་ཁྲིམས་གཉིས་ཀྱིས་མཁན་སློབ་མཛད་ནས་གནས་རྙིང་དུ་རབ་ཏུ་བྱུང་། དར་མ་རིན་ཆེན་ཞེས་མཚན་གསོལ། སློབ་དཔོན་དཔལ་མགོན་པའི་དྲུང་དུ་འབྲི་ཀློག་སྦྱངས། གནས་རྙིང་དུ་རི་སྒང་པ་བཀའ་བཞི་རིན་རྡོར། བྲན་མ་བྲག་ཁ་བ་ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་ཀྱི་དྲུང་དུ་བཀའ་བཞི་ལ་སྦྱངས་པར་མཛད། རྗེ་བཙུན་རེད་མདའ་བ་ལས་དབུ་མ། ཚད་མ། མངོན་པ། འདུལ་བ། བྱམས་ཆོས་རྣམས་སྦྱངས། སྔ་ཕྱིར་ས་སྐྱ། གསང་ཕུ། རྩེད་ཐང་སོགས་སུ་དཀའ་བཅུའི་གྲྭ་སྐོར་མཛད་པས་དཀའ་བཅུ་བ་དར་མ་རིན་ཆེན་ཞེས་པའི་མཚན་ཐོགས། རེད་མདའ་བའི་སློབ་མ་གཙོ་བོ་བདུན་ལས་རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་ཞེས་སུ་གྲགས། ས་མོ་འབྲུག(1388)ལོར་ཆོས་རྗེ་ཀུན་དགའ་དཔལ་བས་མཁན་པོ། རེད་མདའ་བས་ལས་སློབ། གངས་ཅན་པ་ཀུན་དགའ་དཔལ་བས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། རབ་བྱུང་བདུན་པའི་མེ་བྱི(1396)ལོར་རྗེ་ཙོང་ཁ་པ་གཉལ་སྟོད་ར་གྲོང་དུ་དབྱར་བཞུགས་སྐབས་ཐོག་མར་མཇལ། དེ་དུས་རྗེ་ཙོང་ཁ་པ་དགུང་ལོ་བཞི་བཅུ་དང་དར་མ་རིན་ཆེན་དགུང་ལོ་སོ་གསུམ་ཡིན། རྔོག་ལུགས་ཀྱི་ཚད་མ་གསན་པའི་སྐོར་ཚད་གཞུང་དག་གི་སྦྱར་བྱང་དང་རྣམ་ཐར་དུ་འཁོད་མེད་ལ། 《རིགས་གཏེར་འགྲེལ་པ》རུ་གསལ་བ་ལྟར《རིགས་གཏེར》ཚར་དུ་མ་གསན་ཞིང་ས་ལུགས་ཀྱི་ཚད་མ་ལ་མཁས་པའི་མཐའ་ཐུག་པ་ལྟ་བུ་ཡིན། འོན་ཀྱང་སྔ་ཕྱིར་རྗེའི་མདུན་ནས་ཚད་མའི་གཞུང་བཤད་དང་ལྷག་ཏུ་དཀའ་གནད་ཀྱི་བཤད་པ་མང་དུ་གསན་པས་སྔར་གྱི་ཚད་མའི་བཞེད་ཚུལ་ལ་འགྱུར་བ་ཆེན་པོ་བྱུང་སྟེ། ཕྱིས་སུ་ཁོང་གི་ཚད་མའི་བཞེད་ཚུལ་དང་རིགས་ལམ་གྱི་འགྲོས་ལ་རྔོག་ལུགས་ཀྱི་ཤན་ཅུང་ཆེ་ཞིང་། ས་ལུགས་ཀྱི་བཞེད་ཚུལ་དང་མི་མཐུན་མཁན་ཆེ་ཤོས་ལྟ་བུར་གྱུར། ཚད་མ་གསན་ཡུལ་ནི་རེད་མདའ་བ་དང་གངས་ཅན་པ་ཀུན་དགའ་དཔལ་དང་རྗེ་ཙོང་ཁ་པ་གསུམ་ཡིན། ཁོང་གིས་བརྩམས་པའམ་ཟིན་བྲིས་བཏབ་པའི་ད་ཡོད་ཚད་མའི་བསྟན་བཅོས་བཅུ་གཅིག་བཞུགས་ཤིང་དེའི་ནང་དུ་རྗེའི་ལུགས་ཀྱི་ཚད་མའི་བཞེད་ཚུལ་རྣམས་གཏན་ལ་ཕབ་ཡོད། གཞན《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》རུ། “རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཆེ་ཆུང་གཉིས། ཚད་མ་རྣམ་པར་ངེས་པའི་ཊཱིཀ་ཆེ་ཆུང་གཉིས།”[1]ཞེས་དང་། ཀློང་རྡོལ་བླ་མའི་གསུང་འབུམ[2]་དུ་འཁོད་པ་ལྟར་ན《ཐར་ལམ་གསལ་བྱེད》ཀྱི་སྔ་རྩོམ་བསྡུས་པ་ཞིག་དང་། 《རྣམ་ངེས་ཀྱི་འགྲེལ་ཆུང་》ཞིག །《ཕྱོགས་སྒྲའི་འཇུག་ཚུལ་ཉུང་ངུ་》ཞེས་པ་དང་། 《རིགས་གཏེར་གྱི་འགྲེལ་པ》སྔ་རྩོམ་རྒྱས་པ་ཞིག་བཅས་ཡོད་པར་འཁོད་ཀྱང་དེ་དག་གི་མ་ཕྱི་སྐབས་དེ་དུས་ནས་བཞུགས་མེད་པ་གསལ། སྔ་རྩོམ་དེ་དག་ད་ལྟ་ཡོད་ཚེ་ཁོང་གིས་ཚད་མའི་བཞེད་ཚུལ་གྱི་འགྱུར་བ་རྟོགས་ནུས་ཀྱང་ད་ལྟ་མཇལ་ཡུལ་དུ་མ་བཞུགས་པ་ནི་ཤིན་ཏུ་ཕངས། ས་མོ་ཕག(1419)གི་ལོར་དགའ་ལྡན་གྱི་ཁྲིར་ཕེབས། གདན་ས་ལོ་བཅུ་གསུམ་མཛད། ལྕགས་མོ་ཕག(1431)གི་ལོར་ཁྲི་ཟུར་མཛད། ཆུ་ཕོ་བྱི་བའི(1432)ལོར་སྐུ་གཤེགས། ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་སློབ་མ་དག་གིས་བྲིས་པའི་རྣམ་ཐར་ད་ལྟ་མཇལ་དུ་མེད་ཅིང་། གང་ཡོད་པ་དག་ནི་ཕྱིས་སུ་བསྒྲིགས་པའི་ཐོར་བུ་དག་ཡིན། འབྲས་སྤུངས་གནས་བཅུའི་ལྷ་ཁང་གི་ཕྱི་ར་137་རྟགས་ཅན་གྱི《རྗེ་རྒྱལ་ཚབ་པའི་རྣམ་ཐར་ནོར་བུའི་ཕྲེང་བ》ཞེས་པ་དབུ་མེད་བྲིས་མ་ཤོག་བུ་བཞི་ཅན་ཞིག་མཇལ་ཞིང་དེའི་མཇུག་ཏུ། “གནས་རྙིང་གི་སྟོང་དཔོན་རིན་ཆེན་རྒྱལ་མཚན་གྱིས་རགས་རིམ་བཀོད་པ་གཞིར་བྱས། བླ་མ་དམ་པའི་གསུང་རྒྱུན་ཡིད་ཆེས་པ་དག་དང་བསྟུན་ནས་གོ་བདེ་བར་བཀོད་པ་རེ་ཞིག་རྫོགས་སོ། །”[3]ཞེས་འཁོད་ཅིང་མཛད་པ་པོའི་མཚན་འཁོད་མེད། དེ་ལ་བརྟག་ན་སྔ་དུས་ནས་གནས་རྙིང་གི་སྟོང་དཔོན་དེས་བརྩམས་པའི་རགས་རིམ་ཞིག་ལས་གཞན་མེད་པར་གསལ།
གཉིས། ཚད་མའི་རྩོམ་ཆོས།
འོག་ཏུ་ཁོང་གིས་མཛད་པའི་ཚད་གཞུང་དག་གི་མཛད་བྱང་དང་བརྩམས་རིམ་བཅས་ཇི་ལྟར་ཡིན་འབྲི་བར་བྱ།
1 《མངོན་སུམ་ལེའུའི་བརྗེད་བྱང》 ཞེས་བྱ་བ།
《མངོན་སུམ་ལེའུའི་བརྗེད་བྱང་》གི་སྦྱར་བྱང་དུ། “འདི་ནི་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཉིད་ཀྱིས་གསུངས་པ་དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བཀོད་པའི་ཟིན་བྲིས་ཆེན་མོར་གྲགས་པའོ། །”[4]ཞེས་པ་ཙམ་ཞིག་འཁོད་ཡོད། འདི་ནི་རྗེ་རིན་པོ་ཆེས་སློབ་དཔོན་ལྷ་དབང་བློའི་འགྲེལ་པའི་སྟེང་ནས་ཁྲིད་སྐབས་སུ་བཏབ་པའི་ཟིན་བྲིས་ཡིན་ཞིང་། 《རྣམ་འགྲེལ》རྩ་བ། “དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །”[5]ཞེས་སོགས་ཀྱི་ཐད་ཙམ་ལས་ཆ་ཚང་བ་མེད། སློབ་དཔོན་ལྷ་དབང་བློའི་འགྲེལ་པ་མཐའ་དཔྱད་དེ་བྲིས་ཡོད་པས་ཤིན་ཏུ་གལ་ཆེ་ཡང་མཇུག་མ་ཚང་བ་ལ་ཕངས་སེམས་ཆེ། འདིའི་ནང་དུ་སེམས་ཙམ་པའི་ལུགས་ཀྱི་འབྲས་རྟགས་ཇི་ལྟར་ཡིན་པའི་སྐོར་སོགས་ཕྱིས་ཀྱི《ཐར་ལམ་གསལ་བྱེད》དུ་གསུངས་པ་དང་མི་མཐུན་པ་འགའ་ཞིག་བྱུང་བས་དེའི་སྔ་ཙམ་ལ་བྲིས་པ་ཡིན་སྲིད།
2 《ཚད་མའི་བརྗེད་བྱང་ཆེན་མོ》ཞེས་བྱ་བ།
《ཚད་མའི་བརྗེད་བྱང་ཆེན་མོའི》སྦྱར་བྱང་དུ། “སྔར་བཤད་པའི་རིགས་པའི་སྒོ་ཕྱོགས་ཙམ་བསྟན་པ་འདི་ནི་རྣམ་དཔྱོད་ཀྱི་བློའི་མཐུ་ཆུང་བ་གང་དག་ཤེས་བྱ་ཇི་ལྟ་བ་དང༌ཇི་སྙེད་པའི་གནས་རྣམས་ལ་རིགས་པས་རྣམ་པར་འབྱེད་པའི་ཚུལ་ལ་རྨོངས་ཤིང༌། ལུང་ཙམ་སྐྱབས་སུ་གྱུར་ནས་སློབ་དཔོན་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲི་མ་མེད་པའི་རིགས་པའི་ཚུལ་ལུགས་ཆེས་ཆེར་ཉམས་པར་བྱེད་པ་རྣམས་ཀྱི་ངན་རྟོགས་གསལ་བར་བྱ་བའི་ཕྱིར་དུ། བདག་གི་བླ་མ་མིའི་སེང་གེ་ཤེས་བྱའི་གནས་ལུགས་མཐའ་དག་དྲི་མ་མེད་པར་རིགས་པའི་སྒོ་ནས་གཟིགས་པའི་སྤྱན་དང་ལྡན་ཞིང་། ཁྱད་པར་དུའང་ཕྱི་དང་ནང་གི་རྟེན་འབྲེལ་གྱི་ཆོས་རྣམས་སྣང་དུས་ཉིད་ནས་ཆུ་ནང་གི་ཟླ་བ་གཟུགས་བརྙན་ལྟ་བུར་ཐུགས་སུ་ཆུད་པའི་སྐྱེས་བུ་ཆེན་པོ། བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་གསུང་གི་ཆ་རགས་པ་བློ་ལ་ངེས་པ་རྣམས་རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བྲིས་པའོ། །”[6]ཞེས་འཁོད། འདི་རྗེ་ཙོང་ཁ་པ་དགུང་ལོ་ཞེ་བརྒྱད་སྟེང་ལྷས་ཕུ་དགོན་གསར་དུ《རྣམ་འགྲེལ》གྱི་ཁྲིད་རྒྱས་པ་མཛད་སྐབས་སུ་ཟིན་བྲིས་སུ་བཏབ་པ་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི《རྣམ་ཐར་ཆེན་མོ》རུ་གསུངས། འདིའི་ནང་དུ་ཚད་མའི་སྐོར་གྱི་དཀའ་གནད་ཤིན་ཏུ་རྟོགས་པར་དཀའ་བ། རྒྱ་གཞུང་དག་གི་སྒྲས་ཟིན་ལ་གསལ་པོར་མེད་པ། བོད་ཀྱི་མཁས་པ་དག་གིས་ཀྱང་སྒྲས་ཟིན་ཚོད་ལྟར་འགྲེལ་པ་ལས་དོགས་པའི་མཐའ་མ་ཆོད་པ་མང་པོ་ཞིག་རིགས་པ་ཕྲ་ཞིང་ཞིབ་པ་དང་། གནད་ལ་རེག་པའི་སྒོ་ནས་མཐའ་བཅད་དེ་ཕྱོགས་གཅིག་ཏུ་བཤད་ཡོད་ཅིང་། ཕྱིས་ཀྱི《ཐར་ལམ་གསལ་བྱེད》སོགས་སུའང་འདིར་བཤད་པའི་རིགས་པའི་སྤྱི་ཆིངས་དེ་གཞིར་བཟུང་གིས་གཞུང་དོན་འགྲེལ་པར་མཛད། རྒྱལ་ཚབ་རྗེའི་ཚད་མའི་དགོངས་པ་ཐུན་མོང་མིན་པ་ཕལ་མོ་ཆེ་ཡང་རྗེས་ཚད་མའི་དཀའ་གནད་ཀྱི་བཤད་པ་མཛད་པ་དག་གི་རྒྱུན་བསྐྱངས་པ་ཙམ་ཡིན་པའང་རྗེའི《ཚད་མའི་ལམ་བསྒྲིགས》དང་གོང་ཞུས《ཚད་མའི་བརྗེད་བྱང་ཆེན་མོ》གཉིས་ལ་མཇལ་ན་ཤེས།
3 《རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ》ཞེས་བྱ་བ།
འདིའི་སྦྱར་བྱང་དུ།“རྗེ་བཙུན་ཆེན་པོ་རེད་མདའ་པའི་ཞལ་སྔ་ནས་དང༌།”ཞེས་དང་[7]“བློ་བཟང་གྲགས་པའི་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་པའི་སྐུ་དྲིན་ལས་དང༌། བླ་མ་རྗེ་བཙུན་མཁས་པའི་དབང་པོ་ཀུན་དགའ་དཔལ་གྱི་ཞལ་སྔ་ནས་ལས། ཚད་མ་རྣམ་པར་ངེས་པ་ཆ་ལག་དང་བཅས་པ་ལེགས་པར་ཐོས་ཤིང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་རྣམ་འཕྲུལ་འགྲོ་བ་དུ་མའི་སྐྱབས་གནས། བཤད་སྒྲུབ་ཀྱི་བསྟན་པ་འཛིན་པ་རྣམས་ཀྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ་དཔལ་ལྡན་བླ་མ་དམ་པ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསུང་གིས་བསྐུལ་བ་དང༌། བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་པའི་སྡེ་སྣོད་འཛིན་པ་མཁས་པའི་དབང་པོ་དུ་མས་ཡང་ཡང་དུ་བསྐུལ་ནས། ཐུབ་པའི་རིང་ལུགས་པ་ཆེན་པོ་དགེ་བའི་བཤེས་གཉེན་འབྲེ་ཆེན་པོ་ལ་སོགས་པའི་དམ་པ་དུ་མ་བརྒྱུད་མར་བྱོན་པས་བྱིན་གྱིས་བརླབས་ཤིང༌།བསྟན་པ་རིང་དུ་གནས་པའི་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པ། དཔལ་གནས་རྙིང་གི་གཙུག་ལག་ཁང་དུ་ཐེག་པ་མཆོག་གི་བརྟུལ་ཞུགས་ལ་གནས་ཤིང་རིགས་པར་སྨྲ་བ་དར་མ་རིན་ཆེན་གྱིས་སྦྱར་བའོ། །ཡི་གེ་པ་ནི་ལུང་དང་རིགས་པ་སྨྲ་བ་ནམ་མཁའ་དཔལ་བཟང་པོའོ། །”[8]ཞེས་འཁོད་ཡོད། དེས་དོན་ཚན་གཙོ་བོ་གསུམ་བསྟན་ཏེ། གཅིག ཁོང་གིས་ཚད་མའི་གཞུང་གསན་ཡུལ་གྱི་བླ་མ་རྗེ་རེད་མདའ་བ་དང་། རྗེ་ཙོང་པ་དང་། གངས་ཅན་པ་ཀུན་དགའ་དཔལ་གསུམ་ཡིན་པ་དང་། ལྷག་ཏུ་གངས་ཅན་པ་ཀུན་དགའ་དཔལ་གྱི་མདུན་ནས《རྣམ་ངེས》ཆ་ལག་དང་བཅས་པ་གསན་ཡོད་པ་ཤེས། གངས་ཅན་པ་ཀུན་དགའ་དཔལ་ནི་རེད་མདའ་བའི་སློབ་མ་གཞུང་ལུགས་རབ་འབྱམས་མཁས་པའི་བཤེས་གཉེན་བདུན་ཞེས་པའི་ནང་གི་གནས་རྙིང་མཁན་པོ་གངས་ཅན་པ་ཀུན་དགའ་དཔལ་ཞེས་པ་དེ་ཡིན་ཞིང་། རྗེའི་སློབ་མའང་ཡིན་པ་རྒྱལ་ཚབ་ཀྱི《ཚད་མའི་ལམ་ཁྲིད》ཀྱི་སྦྱར་བྱང་དུ་གསལ། གཉིས། གཞུང་འདི་རྩོམ་པ་སྐུལ་བ་པོ་ནི་གནས་རྙིང་གི་མཁན་པོ་རིན་ཆེན་རྒྱལ་མཚན་ཡིན་པ་འཁོད་ཅིང་། དེ་ནི་རྒྱལ་ཚབ་ཆོས་རྗེས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུ་སའི་མཁན་པོ་དེ་ཡིན་ནམ་སྙམ། ཁོང་གི་བྱུང་བ་ཅུང་ཟད་ཅིག་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་སྐྲུན་ཞུས་པའི《གནས་རྙིང་གྱེན་ཐོ》ཞེས་པའི་ཡིག་རྙིང་ནང་གི་ཤོག་ངོས་40་ནས་ཤོག་ངོས་161་བར་དུ་བཞུགས་ཤིང་། བྱུང་རབས་དེ་ཉིད་ནི་བླ་མ་བདེ་ལེགས་པས་བསྐུལ་ནས་གྲགས་པ་རྒྱལ་མཚན་གྱིས་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ་ཧོར་ཟླ་བཅུ་བའི་ཚེས་གསུམ་ལ་བྲིས་ཞེས་གསལ། གཞན་དཔེ་ཆ་དེར་འཁོད་པ་ལྟར་ན་མ་མཐའ་ཡང་ཁོང་གི་རྣམ་ཐར་གཞན་བཞི་ཙམ་ཡོད་པའི་སྐོར་འཁོད་ཀྱང་ད་ལྟ་བཞུགས་མིན་མ་ཤེས། རྣམ་ཐར་དེར་འཁོད་པ་ལྟར་ན་མཁན་ཆེན་གཡག་པ་དང་། རྗེ་རེད་མདའ་བ། རྗེ་ཙོང་ཁ་པ། གངས་ཅན་པ་ཀུན་དགའ་དཔལ། མཁས་གྲུབ་རྗེ་སོགས་ཀྱང་ཁོང་གི་སློབ་མ་ཡིན་པའི་སྐོར་འཁོད། གསུམ། བསྟན་བཅོས་འདི་ཉིད་གང་དུ་བརྩམས་པའི་ཡུལ་ནི་གནས་རྙིང་དགོན་པ་ཡིན་པ་འཁོད་ཅིང་། དེ་ནི་བསྟན་པ་སྔ་དར་སྐབས་རྒྱ་འཇམ་དཔལ་གསང་བས་ཕྱག་བཏབ་ཅིང་། ཕྱིས་འབྲེ་ཆེན་པོ་སོགས་ཀྱིས་བསྐྱངས་པ་ལས་རྒྱལ་ཚབ་ཆོས་རྗེའི་སྐུ་དུས་ཙ་ན་འཆད་ཉན་ཤིན་ཏུ་དར་བའི་དགོན་སྡེ་ཞིག་ཡིན། རྒྱལ་ཚབ་རྗེའི་ཆུང་དུས་ཀྱི་གཞིས་དགོན་ཡིན་ཞིང་། ཕྱིས་སུ་ཡང་གནས་འདིར་ལན་དུ་མར་ཕེབས་ཏེ་འཆད་ཉན་གནང་། 《རྣམ་བཤད་ཐར་ལམ་གསལ་བྱེད》དེ་ཉིད་ཁུངས་ཇི་ལྟ་བུ་དང་བཅས་ཏེ་བརྩམས་པའང་སྦྱར་བྱང་ཚིགས་བཅད་དུ། “སྔ་ཕྱིའི་འབྲེལ་དང་སོ་སོའི་ཚིག་དོན་རྣམས། །ལྷ་ཤཱཀ་རྒྱན་དང་ཆོས་མཆོག་བྲམ་ཟེའི་འགྲེལ། །ལེགས་པར་བཤད་དང་བླ་མའི་མན་ངག་ལས། །ཚུལ་བཞིན་སེམས་པའི་རིགས་པའི་ལམ་ནས་དྲངས། །”ཞེས་ལྷ་ཤཱཀ་རྒྱན་ཆོས་མཆོག་བྲམ་ཟེའི་འགྲེལ་པ་རྣམས་ཀྱི་ལེགས་ཆ་བླངས་ཤིང་། བླ་མའི་མན་ངག་གིས་ཁ་བསྐངས། རང་གིས་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ལམ་ནས་དྲངས་ཏེ་བརྩམས་པར་གསུངས། ཕྱིས་སུ་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་བསྟན་བཅོས་འདི་ཉིད་ཚད་མའི་འཆད་ཉན་གྱི་སློབ་དེབ་ལྟ་བུར་བརྩིས་ཏེ་ཤིན་ཏུ་གཙིགས་ཆེན་དུ་འཛིན་པས་དགེ་ལུགས་པའི་ཚད་མའི་བསྟན་བཅོས་གཞན་ལས་འཕྲིན་ལས་རྒྱས་ཤོས་ལྟ་བུར་གྱུར། འདིའི་མཇུག་ཏུ། “འདི་དག་གི་དོན་བདག་གིས་བྱས་པའི་ཚད་མ་རྣམ་ངེས་དང༌། རིགས་ཐིགས་ཀྱི་རྣམ་བཤད་ལས་ཤེས་པར་བྱའོ། །”[9]ཞེས་འཁོད་པ་ལས་དེ་གཉིས་ཀྱི་རྗེས་སུ་བརྩམས་པ་ལྟ་བུར་སྣང་ཡང་《རྣམ་ངེས་ཊཱིཀ་ཆེན》དུ“རྣམ་འགྲེལ་གྱི་རྣམ་བཤད་དུ་བཤད་ཟིན་ཏོ”ཞེས་དུ་མར་བྱུང་བ་དང《རིགས་ཐིགས་ཀྱི་ཊཱིཀ་ཀར》《རྣམ་ངེས་ཀྱི་རྣམ་བཤད》དུ་བཤད་ཟིན་པའི་ཁ་འཕངས་དུ་མར་བྱུང་བ་ལས་འདི་ཉིད་སྔར་བརྩམས་པ་ཡིན་ཞིང་། འདིར་གོང་ལྟར་གསུངས་པ་ནི་གཞུང་དེ་གཉིས་སུ་འཆད་པར་འགྱུར་བ་ཙམ་ལ་དགོངས་པའོ། །
4 《རྣམ་ངེས་ཀྱི་ཊཱིཀ་ཆེན་དགོངས་པ་རབ་གསལ》ཞེས་བྱ་བ།
གཉིས་པ་ཅུང་ཟད་བསྡུས་པ《ཚད་མ་རྣམ་ངེས་ཀྱི་འགྲེལ་པའི》སྦྱར་བྱང་དུ། “རྒྱལ་བའི་རིང་ལུགས་པ་ཆེན་ཆེན་པོ་རྗེ་བཙུན་དམ་པ་རེད་མདའ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་ལས་ཐོས་ཤིང༌། ཐོག་མར་མཁས་གྲུབ་ཆེན་པོ་ཀུན་དགའ་དཔལ་བའི་ཞལ་སྔ་ནས་ལས་གཞུང་འདི་ཡོངས་སུ་རྫོགས་པའི་གདམས་ངག་མནོས་པ་དང༌།”ཞེས་དང་“རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་དུས་ཡུན་རིང་པོའི་བར་དུ་བསྟེན་ཅིང་གསུང་རབ་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་འཆར་བའི་བཀའ་དྲིན་ལེགས་པར་མནོས་ནས། སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་དང་བཅས་པ་ལ་རིང་དུ་འདྲིས་པར་བྱས་པ་རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས། འོད་གསལ་ལྷའི་རིགས་ཀྱི་གདུང་རྒྱུད་དུ་འཁྲུངས་ཤིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པ་གཞུང་འདི་དང་དགོངས་འགྲེལ་གྱི་བསྟན་བཅོས་གཞན་ལ་ཡང་ལེགས་པར་སྦྱངས་པ་འབྲོང་རྩེ་བ་སྡོམ་བརྩོན་རིན་ཆེན་རྒྱ་མཚོའི་བློ་གྲོས་ཞེས་བྱ་བས་འབུལ་བ་མེ་ཏོག་དང་བཅས་ཏེ་ཤིན་ཏུ་རྒྱས་པ་གཅིག་གྱིས་ཞེས་བསྐུལ་བ་དང༌། གཞན་ཡང་སྡོམ་བརྩོན་སྡེ་སྣོད་འཛིན་པ་དུ་མས་བསྐུལ་ནས། རྗེ་རིན་པོ་ཆེ་དེ་ཉིད་ཀྱི་གྲུབ་པའི་གནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དབུ་བཙུགས་ཏེ། ཀོའུ་ཡེ་ཤེས་འབྱུང་གནས་ལ་སོགས་པ་དམ་པ་མང་པོ་བྱོན་པའི་གནས་དམུ་ལ་ཤམ་འབར་གྱི་མགུལ་དགེ་འཕེལ་དུ། རིགས་བརྒྱུད་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པ་ཐུབ་པའི་བསྟན་ལ་མི་ཕྱེད་པའི་དད་པ་ཅན། གཉེར་ཆེན་དཔོན་པོ་ཀུན་རྡོར་བས་སྦྱིན་བདག་མཛད་དེ་ཡོངས་སུ་རྫོགས་པར་སྦྱར་བའོ། །”[10]ཞེས་འཁོད། འདི་ལས་རྒྱལ་ཚབ་ཆོས་རྗེས་ཐོག་མར་གངས་ཅན་པ་ཀུན་དགའ་དཔལ་གྱི་མདུན་ནས《རྣམ་ངེས》རྫོགས་པར་གསན་པ་དང་། ཕྱིས་སུ་རེད་མདའ་བ་ལས་ཀྱང་གསན་པར་གསལ། རྗེའི་མདུན་ནས《རྣམ་ངེས》གསན་པ་གསལ་པོར་འཁོད་མེད་ཅིང་རྗེའི་རྣམ་ཐར《དད་པའི་འཇུག་ངོགས》སུ་ཡང《རྣམ་ངེས》གསུངས་པ་མི་གསལ་ལ། མཁས་གྲུབ་ཆོས་རྗེ་སོགས་ཀྱི་གསན་ཡིག་ཏུ་ཡང་མི་གསལ། འདི་ཉིད་འགའ་ལྡན་དགོན་དུ་མགོ་བཙུགས་ནས་དམུ་ལ་ཤམ་འབར་དགེ་འཕེལ་དུ་མཇུག་གྲུབ་པར་མཛད། འབྲོང་རྩེ་བ་སྡོམ་བརྩོན་རིན་ཆེན་རྒྱ་མཚོའི་བློ་གྲོས[11]་ཞེས་པས་གཙོ་བོ་རྩོམ་པར་བསྐུལ་ཞིང་གཉེར་ཆེན་དཔོན་པོ་ཀུན་རྡོར་བས་སྦྱིན་བདག་མཛད་ཡོད། 《རྣམ་ངེས་ཊཱིཀ་ཆེན》དུ《ཐར་ལམ་གསལ་བྱེད》དུ་བཤད་ཟིན་པའི་ཁ་འཕངས་དུ་མ་བྱུང་བས་དེའི་ཕྱིས་སུ་བརྩམས་ཤིང་། དེར་གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་སྒྲུབ་རྟགས་ཡང་དག་ཡོད་པ་དང་། ནས་ས་ཆུ་ལུད་དྲོད་བཤེར་ཚོགས་པ་ཚང་བ་ཡིན་ན་རང་འབྲས་ནས་སྨྱུག་བསྐྱེད་ངེས་ཡིན་པས་མ་ཁྱབ་པ་དང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཡོད་པ་དང་། སེམས་ཙམ་པའི་ལུགས་ལ་མངོན་སུམ་ལ་ཕྱི་དོན་སྣང་བ་གསུངས་པ་སོགས《ཐར་ལམ་གསལ་བྱེད》དང་མི་མཐུན་པ་ཡང་ཅུང་ཟད་རེ་བྱུང་། ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་ཅིང་ཡེ་ཤེས་དཔལ་བཟང་གིས་མཛད་པའི《རྣམ་ངེས》ཀྱི་འགྲེལ་པ་དང་། ཆོས་མཆོག་གི《རྣམ་ངེས》ཀྱི་འགྲེལ་པ་སྟེ་བོད་འགྱུར《རྣམ་ངེས》ཀྱི་འགྲེལ་པ་གཉིས་ལས་ཕྱི་མའི་རྗེས་སུ་འབྲངས་པའང་། སྦྱར་བྱང་ཚིགས་བཅད་དུ། “གསུང་རབ་དགོངས་པ་འགྲེལ་བའི་ཐབས་ཀྱི་མཆོག །མདོ་དང་རྣམ་འགྲེལ་མཛད་པའི་རིགས་པའི་ལམ། །གཞུང་ལུགས་གདམས་པར་འཆར་བའི་མན་ངག་གིས། །རྒྱལ་རྔ་བདུན་པས་བཀྲལ་བའི་ལུགས་བཞིན་བཤད། །”ཅེས་གསུངས་པ་ལས་ཤེས།
5 《འགལ་འབྲེལ་གྱི་རྣམ་གཞག་ངེས་པར་བྱེད་པའི་ཚུལ》ཞེས་བྱ་བ།
གཞན་ཁོང་གིས་མཛད་པའི《འགལ་འབྲེལ་རྣམ་གཞག》གི་སྦྱར་བྱང་དུ། “རྒོལ་ངན་རྟག་ཆད་མཐར་ཞེན་རི་འཇོམས་རྡོ་རྗེའི་ངག །མདོ་དང་རྣམ་འགྲེལ་མཛད་པའི་གསུང་གི་གཅེས་པའི་གནད། །འགལ་འབྲེལ་ཚུལ་བཞིན་སེམས་པའི་རིགས་ལམ་དྲི་མེད་པ། །བླ་མའི་དྲིན་ལས་རྒྱལ་རྔ་བདུན་པའི་ལུགས་ལྟར་བཤད། །”[12]ཅེས་ཏེ་རྒྱལ་རྔ་བདུན་པ་ནི་སློབ་དཔོན་ཆོས་མཆོག་ལ་བྱ་བ་ཡིན། དེར། “འགལ་འབྲེལ་གྱི་རྣམ་གཞག་ངེས་པར་བྱེད་པའི་ཚུལ་འདི་ནི། རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསུང་གི་བདུད་རྩི་ཡུན་རིང་དུ་མྱངས་པ་རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡེ་ སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ། །”ཞེས་འཁོད། 《རིགས་ཐིགས་ཊཱིཀ་ཀ》ལས། “འགལ་བ་མངོན་སུམ་གྱིས་ངེས་པའི་ཚུལ་ནི། འགལ་འབྲེལ་ངེས་པར་བྱེད་པའི་བསྟན་བཅོས་ཟུར་ན་ཡོད་པས་དེར་བལྟ་བར་བྱའོ། །”[13]ཞེས་པ་ལས་འདི་ཉིད《རིགས་ཐིགས་ཊཱིཀ་ཀ》ལས་རྩོམ་སྔ་ཞིང་། 《འགལ་འབྲེལ་རྣམ་གཞག》དེ་ཉིད་དུ། “དེ་ལ་དེ་བྱུང་དུ་འབྲེལ་བ་ལ་དེ་ལས་བྱུང་བ་ངེས་པར་མི་དགོས་ཏེ། དངོས་འབྲས་མ་དམིགས་པའི་རྟགས་ཀྱི་དགག་བྱའི་ཆོས་རྟགས་ལོག་ལ་འབྲེལ་བར་ཚད་མ་རྣམ་ངེས་སུ་བསྒྲུབས་ཟིན་པའི་ཕྱིར་རོ། །”[14]ཞེས་པ་ལས《རྣམ་ངེས་ཊཱིཀ་ཆེན》གྱི་རྗེས་སུ་བརྩམས་སམ་སྙམ། འདིའི་ནང་དུ་རྔོག་ལུགས་དང་ས་ལུགས་ཀྱི་བཞེད་ཚུལ་ཁག་གཅིག་ལ་དགག་པ་དང་རང་ལུགས་ཀྱི་འགལ་འབྲེལ་སྤྱི་དང་བྱེ་བྲག་འགལ་བའི་སྐོར་ཞིབ་ཏུ་གཏན་ལ་ཕབ་ཡོད།
6 《རིགས་ཐིགས་ཀྱི་འགྲེལ་པ་ལེགས་བཤད་སྙིང་པོའི་གཏེར》 ཞེས་བྱ་བ།
ལུས་ལྟ་བུ་བསྟན་བཅོས་གསུམ་གྱི་ནང་གི་ཤིན་ཏུ་བསྡུས་པ《ཚད་མ་རིགས་ཐིགས》ཀྱི་སྦྱར་བྱང་དུ། “རྒྱལ་བའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་དམ་པ་རེད་མདའ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང་། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པའི་སྨོན་ལམ་ལེགས་པར་གྲུབ་པ་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་བཟང་པོའི་ཞལ་སྔ་ནས་དང་། མཁས་གྲུབ་གངས་ཅན་པ་ཀུན་དགའ་དཔལ་གྱི་ཞལ་སྔ་ནས་དང་ཡབ་སྲས་རྣམས་ཀྱིས་ལེགས་པར་བཤད་པའི་བཀའ་དྲིན་ལས། བཤེས་གཉེན་ཆེན་པོ་རིན་ཆེན་རྒྱ་མཚོའི་བློ་གྲོས་ལ་སོགས་པ་སྡོམ་བརྩོན་སྡེ་སྣོད་འཛིན་པ་དུ་མས་བསྐུལ་ནས་རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ། །”[15]ཞེས་འཁོད། འདིའི་ནང་དུ་ཁོང་གི་ཚད་མ་གསན་ས་བླ་མ་གསུམ་ཀའི་མཚན་སྨོས་ཀྱང《རིགས་ཐིགས》ཀྱི་ཁྲིད་དངོས་སུ་གསན་ཡོད་མེད་གསལ་པོར་མི་མངོན། སྐུལ་བ་པོ་ནི《རྣམ་ངེས་ཊཱིཀ་ཆེན》རྩོམ་སྐུལ་ཞུ་མཁན་དེ་ཉིད་ཡིན་ཞིང་དགའ་ལྡན་དགོན་དུ་རྩོམ་མཛད་ཡོད། སྦྱར་བྱང་ཚིགས་བཅད་དུ། “ཚུལ་གཉིས་འབྱེད་ལ་ཚད་མར་གྱུར་པ་ཡི། །རྒྱལ་རྔ་བདུན་པ་དཔལ་ཆེན་ཆོས་མཆོག་གིས། །ཇི་ལྟར་བཀྲལ་བའི་བཞེད་པ་ཇི་ བཞིན་བཤད། །”ཅེས《རིགས་ཐིགས》ཀྱི་འགྲེལ་པ་བོད་འགྱུར་དུལ་བ་ལྷས་མཛད་པ་དང་ཆོས་མཆོག་གིས་མཛད་པ་གཉིས་ལས་ཆོས་མཆོག་གི་འགྲེལ་པ་གཞིར་བཟུང་གིས་བརྩམས་པ་འཁོད། འགྲེལ་པ་འདིའི་གཞན་དོན་རྗེས་དཔག་གི་ལེའུར། “རྣམ་ངེས་ཀྱི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་ཏོ། །”[16]ཞེས་ལན་འགའ་ཁ་འཕངས་པ་ལས་《རྣམ་ངེས་ཊཱིཀ་ཆེན》བརྩམས་རྗེས་སུ་བརྩམས་ཡོད། ད་ལྟ་བོད་དུ《རིགས་ཐིགས》ཀྱི་འཆད་ཉན་ཉམས་ཟིན་པས་འགྲེལ་པ་འདི་ཡང་ཟུར་ལྟའི་དཔྱད་གཞི་ཙམ་ཡིན། འདིར་ཡང་གཞུང་དོན་འགྲེལ་པ་ཙམ་མ་ཡིན་པར་རྔོག་ལུགས་དང་ས་ལུགས་ཀྱི་བཞེད་ཚུལ་དུ་མ་ལ་དགག་སྒྲུབ་ཀྱིས་གཏན་ལ་ཕབ་ཡོད།
7 《འབྲེལ་པ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་པོ》ཞེས་བྱ་བ།
ཡན་ལག་ལྟ་བུ་བསྟན་བཅོས་བཞི་ལས《འབྲེལ་པ་བརྟག་པ》གཅིག་པུའི་འགྲེལ་པ་མཛད་ཡོད་ཅིང་། དེ་ཡང་རྩ་བའི་འགྲེལ་པ་ཡིན། དེའི་སྦྱར་བྱང་དུ། “འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་པོ་ཞེས་བྱ་བ་འདི་ནི། རྒྱལ་བའི་རིགས་ལུགས་པ་ཆེན་པོ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་དཔལ་བཟང་པོ་ཡབ་སྲས་གཉིས་ཀྱིས་ལེགས་པར་བཤད་པ་ལས། རིགས་པ་སྨྲ་བའི་དགེ་སློང་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡོམ་བརྩོན་དམ་པ་རིན་ཆེན་ཆོས་རྒྱལ་ལོ། །[17]”ཞེས་ཚད་མ་གསན་ཡུལ་རྗེ་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་མཚན་འཁོད་ཅིང་། བརྩམས་གནས་དགའ་ལྡན་དང་། ཡི་གེ་བ་སྡོམ་བརྩོན་རིན་ཆེན་ཆོས་རྒྱལ་ཡིན་པ་ཙམ་ལས་སྐུལ་པ་པོ་འཁོད་མེད། སྦྱར་བྱང་དེར། “ཚད་མའི་དེ་ཉིད་ཤིན་ཏུ་རྟོགས་དཀའི་གནས། །རིགས་ལམ་མཐར་ཐུག་འབྲེལ་བ་བརྟག་པ་འདི། །དུལ་ལྷ་བྲམ་ཟེའི་འགྲེལ་པ་ལ་བརྟེན་ནས། །བདག་ཉིད་ཆེན་པོའི་བཞེད་པ་ཇི་བཞིན་བཤད། །”[18]ཅེས་བོད་འགྱུར《འབྲེལ་པ་བརྟག་པའི་འགྲེལ་པ》གཉིས་བཞུགས་པའི་གཉིས་ཀ་ལ་བརྟེན་ནས་བརྩམས་པ་གསལ། རྣམ་བཤད་དེར། “རྒྱས་པར་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །”[19]ཞེས་གསུངས་པ་ལས་དེ་གསུམ་གྱི་ཊཱིཀ་ཀ་མཛད་རྗེས་སུ་མཛད་ཡོད། བོད་དུ《འབྲེལ་པ་བརྟག་པ》ལ་བཅོམ་ལྡན་རལ་གྲིའི་རྩ་བའི་འགྲེལ་པ་ཞིག་དང་ས་བཅད་ཅིག་འདུག་ཀྱང་ཤིན་ཏུ་བསྡུས་པ་དང་། རྒྱལ་ཚབ་ཀྱི་རྣམ་བཤད་འདི་ལས་གཞན་ཡོད་པ་མི་གསལ། ད་ལྟ་བོད་དུ《འབྲེལ་བ་བརྟག་པ》ལ་འཆད་ཉན་བྱ་བའི་སྲོལ་ནུབ་པས་འགྲེལ་པ་འདི་ཡང་ཟུར་ལྟའི་དཔྱད་གཞི་ཙམ་ལས་མ་འདས།
8 《རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་དེ་ཁོ་ན་གསལ་བར་བྱེད་པ》ཞེས་བྱ་བ།
གཞན་ཁོང་གིས་མཛད་པའི《རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་དེ་ཁོ་ན་གསལ་བར་བྱེད་པ》ཞེས་པའི་སྦྱར་བྱང་དུ། “བསྡུས་དོན་དེ་ཉིད་གསལ་བྱེད་ཅེས་བྱ་བ་འདི་ནི་གྲུབ་པ་བརྙེས་པའི་ཤིང་རྟ་ཆེན་པོ་སློབ་དཔོན་ལྷ་དབང་བློའི་བཞེད་པ་གཙོ་བོར་བྱས་ནས། རིགས་པ་སྨྲ་བ་དར་མ་རིན་ཆེན་གྱིས། འབྲོག་རི་བོ་ཆེ་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ། །”[20]ཞེས་སློབ་དཔོན་ལྷ་དབང་བློའི་བཞེད་པ་གཙོ་བོར་བྱས་ནས་མཛད་ཡོད། འདི་ནི《རྣམ་འགྲེལ》གྱི་གཞུང་གི་བསྡུས་དོན་ནམ་ས་བཅད་ཤིན་ཏུ་ཞིབ་ཚགས་པ་ཞིག་ཡིན་མོད། ཕྱིས་སུ་དགེ་ལུགས་པའི་ནང་དུ《ཐར་ལམ་གསལ་བྱེད》ནང་གི་ས་བཅད་དེ་ཉིད་ཟུར་དུ་ཕྱུང་སྟེ་བློར་འཛིན་པ་ལས་ས་བཅད་འདི་ལ་དོ་སྣང་བྱེད་མཁན་མེད་པ་ལྟ་བུར་གྱུར།
9 《ཚད་མ་ཀུན་བཏུས་ཀྱི་རྣམ་བཤད་མཐར་འཛིན་གྱི་གདུང་བ་འཇོམས་བྱེད་རིགས་པའི་རྒྱ་མཚོ》ཞེས་བྱ་བ།
འདིའི་སྦྱར་བྱང་དུ། “འགྱུར་འདི་མ་གཏོགས་རྩ་བ་དང་རང་འགྲེལ་གྱི་འགྱུར་གཞན་ཡོད་པར་གྲགས་ནའང་མ་རྙེད་ཅིང་། བོད་ཀྱི་དགེ་བའི་བཤེས་གཉེན་གྱིས་བྱས་པའི་བསྡུས་དོན་དང་། རྣམ་བཤད་སོགས་ཀྱང་མ་རྙེད་པས་རྩ་འགྲེལ་གྱི་ཚིག་དོན་ལ་ཅུང་ཟད་དཔྱད་པ་དང་། སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱིས་མཛད་པའི་འགྲེལ་བཤད་དཔང་ལོཙྪ་བ་བློ་གྲོས་བརྟན་པས་བསྒྱུར་བ་འདི་དང་འགྱུར་ཆེས་ཤིན་ཏུ་མི་མཐུན་པ་མང་བ་གཅིག་ཡོད་པ་ལ་དཔྱད་ནས་བྱས་པའོ། །”[21]ཞེས་ཁོང་གིས་ཞ་མ་སེང་རྒྱལ་གྱི་འགྱུར་ཁོ་ན་ལས་གཟིགས་མེད་པ་དང་། བོད་མིས་བརྩམས་པའི་འགྲེལ་པ་གང་ཡང་མ་རྙེད་པ་གསལ། འགྲེལ་པ་དེར་ད་ལྟའི《ཀུན་བཏུས》ཀྱི་འགྱུར་དེ་དཔང་ལོས་བསྒྱུར་བའི་འགྲེལ་བ་དང་ཤིན་ཏུ་མི་མཐུན་པར་གསུངས། དཔང་ལོའི་སྐབས་སུ་ད་ལྟ་བཞུགས་པའི་འགྱུར་དེ་གཉིས་ཀ་བྱུང་ཟིན་པས་དེ་གཞིར་བཟུང་གིས་མི་བསྒྱུར་བ་ལ་བརྟག་ན་ཁོང་གིས་འགྱུར་གཞན་ཞིག་ཀྱང་གཟིགས་པ་ཡིན་སྲིད། ཡང་སྦྱར་བྱང་དེ་ཉིད་ལས། “མདོ་སྔགས་ཀྱི་གཞུང་མང་དུ་ཐོས་པ་སྡེ་སྣོད་འཛིན་པ་ཆེན་པོ་ཐུའི་བཙུན་པ་བསོད་ནམས་རྣམ་རྒྱལ་དང་། དཀའ་བཅུ་པ་ཡོན་ཏན་རྒྱ་མཚོ་ལ་སོགས་པས་བསྐུལ་ཞིང་། མདོ་ཁམས་སྟོད་པ་ལྟ་བུ་ལ་དཀའ་བཅུ་པ་ལེགས་པ་དཔལ་གྱིས་གསེར་དངུལ་ཞོ་གྲངས་མང་པོའི་མེ་ཏོག་དང་བཅས་ཏེ། ས་ཐག་རིང་པོ་ནས་བསྐུལ་བ་ལ་བརྟེན་ནས།”ཞེས་དང་“རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་དང་། ཡབ་སྲས་གཉིས་ཀྱི་ལེགས་པར་བཤད་པ་ཡུན་རིང་དུ་མྱངས་པའི་བཀའ་དྲིན་ལ་བརྟེན་ནས་རིགས་པ་སྨྲ་བ་དགེ་སློང་དར་མ་རིན་ཆེན་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ། །”ཞེས་རྩོམ་སྐུལ་ཞུ་མཁན་དང་གང་དུ་བརྩམས་པའི་གནས། ཡི་གེ་བ་བཅས་ཀྱི་མཚན་འཁོད་ཅིང་། ཚད་མ་གསན་ཡུལ་གྱི་བླ་མ་ལས་རྗེ་རེད་མདའ་བ་དང་རྗེ་ཙོང་པ་གཉིས་ཀྱི་མཚན་འཁོད། བསྟན་བཅོས་དེར། “འདིའི་དོན་རྒྱས་པར། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་རྣམ་བཤད་དུ་བཤད་པས་དེར་བལྟ་བར་བྱའོ། །”[22]ཞེས་དང་། ཡང་“དེ་ཡང་
འབྲེལ་བ་ངེས་བྱེད་ཀྱི་བསྟན་བཅོས་ལོགས་ན་བཤད་ཡོད་པས། དེར་བལྟ་བར་བྱའོ། །”ཞེས་གསུངས་པ་ལས་དེ་དག་གི་རྗེས་སུ་བརྩམས་པ་གསལ། བོད་དུ《ཚད་མ་མདོ》ལ་ཡོངས་གྲགས་སུ་འཆད་ཉན་གྱི་སྲོལ་མ་དར་བས་འགྲེལ་པ་འདི་ཡང་ཟུར་ལྟའི་དཔྱད་གཞི་ཙམ་ལས་མ་འདས།
10 《ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ》ཞེས་བྱ་བ།
གཞན་བོད་གཞུང་ལས་ས་པཎ་གྱི《རིགས་གཏེར》ལ་འགྲེལ་པ་མཛད་ཡོད་ཅིང་། དེའི་སྦྱར་བྱང་དུ། “འགྲེལ་པ་འདི་ལ་བདག་གི་བླ་མ་མཁས་པའི་དབང་པོ་ཁ་ཅིག།ཆ་འདི་རང་འགྲེལ་མིན་ཞེས་བཞག་པར་དཀའ་གསུངས་ཡང་།མི་ཤེས་པ་ཁ་ཅིག་གིས་རྩ་བ་དང་འགལ་བ་སྐབས་འགར་ཅུང་ཟད་བཅུག་པ་ཡོད་པར་མངོན་པས།ནོར་བ་མི་འདོར་དུ་མི་རུང་བ་རྣམས་དོར་ལ་འགྲེལ་པ་དང་མཐུན་པར་བྱས་སོ། །དྲི་མེད་རིགས་པའི་མིག་དང་མི་ལྡན་ཞིང་།།བཤེས་གཉེན་དམ་པའི་དམིགས་བུ་དང་བྲལ་བ།།གནས་འདིར་གོམས་འགྲོས་འཁྱོར་བ་མང་མཐོང་ནས།།རིགས་ལམ་འབྱེད་ལ་འབད་པར་རིགས་པ་ཡིན།།ཆོས་དང་ཆོས་མིན་འབྱེད་ལ་དབང་བསྒྱུར་དཔལ་ལྡན་ས་སྐྱའི་པཎ་ཆེན་དེ་ནི་མཐོ་རིས་གནས་སུ་གཤེགས།།ངན་རྟོག་རྟོག་པའི་གཞན་དབང་གྱུར་པའི་མཁས་རློམ་རྣམས་ནི་སོ་གའི་དུས་ཀྱི་སྨིག་སྒྱུ་བཞིན་དུ་འཁྲིགས།།སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་བཤད་སྒྲུབ་ཁུར་འཛིན་མཁས་གང་ཉིན་མོའི་སྐར་མ་བཞིན་དུ་གྱུར།།རྒྱལ་བའི་སྐུ་དྲིན་རྗེས་སུ་དྲན་ཞིང་འགྲོ་ལ་ལྷག་པར་བརྩེ་བ་ཡོད་ན་ཐུབ་བསྟན་སྤེལ་བར་རིགས།།གང་གི་མཁྱེན་པས་གསུང་རབ་ཀུན་གྱི་དོན།།རང་ལུགས་རིགས་པས་ལེགས་པར་བཤད་པ་དང་།།ལུགས་ངན་རྣམ་པར་འཇིག་པར་མཛད་པ་ཡི།།བླ་མ་རྣམས་ལ་གུས་པའི་ཕྱག་འཚལ་ལོ།།རྩ་འགྲེལ་དོན་ལ་བརྟགས་ནས་འདི་བཤད་མོད།།སྐྱེ་བོ་དམ་པའི་བཞེད་པ་རྟོགས་དཀའ་བས།།གལ་ཏེ་འདི་ལ་ནོངས་པའི་ཚོགས་མཆིས་ན།།བླ་མ་ལྷར་བཅས་རྣམས་ཀྱིས་བཟོད་མཛད་རིགས།།འདིར་འབད་རབ་དཀར་དགེ་བ་ཅི་ཡོད་དེས།།ནམ་མཁའི་མཐའ་གཏུགས་གྱུར་པའི་མ་རྣམས་ཀུན།།ཡང་དག་རིགས་པའི་མིག་དང་ལྡན་པ་ཡིས།།ཀུན་མཁྱེན་རྒྱལ་བའི་གྲོང་ཁྱེར་འཇུག་པར་ཤོག །ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་འདི།བློ་གྲོས་ཀྱི་འཇུག་པ་རྩིང་པོ་དག་གིས་ལུགས་སྐྱོན་མེད་འདི་ལོག་པར་བཤད་པ་དག་གི་ལོག་རྟོག་དགག་པ་དང་།མདོ་སྔགས་ཀྱི་གཞུང་མང་དུ་ཐོས་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་དཀའ་བཅུ་པ་བློ་གྲོས་དཔལ་བཟང་དང་།མཁས་པའི་དབང་པོ་གྲགས་པ་བཀྲ་ཤིས་དང་།ས་སྐྱ་དབོན་པོ་ཉི་མ་རྒྱལ་མཚན་ལ་སོགས་པ་སྡེ་སྣོད་འཛིན་པ་དུ་མས་ནན་ཆེར་བསྐུལ་ཞིང་།གསུང་རབ་མཐའ་དག་གི་དོན་ཐུགས་སུ་ཆུད་ཅིང་།འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་བརྩེ་བ་དང་།ཕྱི་ནང་གི་རྟེན་འབྲེལ་རྣམས་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟར་ཐུགས་སུ་ཆུད་པའི་རྒྱལ་བའི་རིང་ལུགས་པ་ཆེན་པོ།དཔལ་ལྡན་ས་སྐྱའི་མཚུངས་པ་མེད་པ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་སྔ་ནས་ལས།སྔགས་མཚན་ཉིད་དུ་མའི་བཀའ་དྲིན་མནོས་ཤིང་།ཁྱད་པར་དུ་བསྟན་བཅོས་འདི་ལན་དུ་མར་ཐོས་པ་ལ་བརྟེན་ནས།རིགས་པར་སྨྲ་བ་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།།ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ།།”[23]ཞེས་འཁོད། འདིའི་ནང་དུ《རིགས་གཏེར་རང་འགྲེལ》དུ་གྲགས་པ་དེ་ཉིད་རང་འགྲེལ་དངོས་ཡིན་པ་དང་། འོན་ཀྱང་དེ་ལ་ཕྱིས་བསླད་བཅུག་པའང་ཅུང་ཟད་ཡོད་པ་དང་། རིགས་པའི་ལམ་ནས་འགྲེལ་པ་བྱས་པ་ཅུང་ཉུང་བ་དང་། ཆོས་རྗེ་ས་པཎ་ལ་ཆེ་བསྟོད་དང་། ཁོང་གི་ཚད་མ་གསན་ཡུལ་གྱི་བླ་མ་རྣམས་ལས་རྗེ་རེད་མདའ་བའི་མཚན་སྨོས་ཤིང་། 《རིགས་གཏེར》གྱི་ཁྲིད་ལན་དུ་མ་གསན་མྱོང་བ་དང་། སྐུལ་བ་པོ་དང་། བརྩམས་པའི་གནས་བཅས་གསུངས། འདིའི་ནང་དུ《རྣམ་འགྲེལ》དང《རྣམ་ངེས》དང《རིགས་ཐིགས》དང་། 《འབྲེལ་བརྟག》དང་། 《ཚད་མ་མདོ》བཅས་ཀྱི་རྣམ་བཤད་དང་། 《འགལ་འབྲེལ་གྱི་རྣམ་གཞག》སོགས་ལ་ཞལ་འཕངས་མཛད་པ་ལས་དེ་དག་ཀུན་གྱི་རྗེས་སུ་བརྩམས་པར་ངེས། འདི་ནི་དགེ་ལུགས་པའི་ཚད་མའི་བཞེད་པ་ཁོ་ན་ལ་བརྟེན་པའང་མིན་མོད་ས་ལུགས་ཀྱི་མཁས་པ་དག་གིས《རིགས་གཏེར》གྱི་དགོངས་པ་ཇི་ལྟར་འགྲེལ་པ་དང་མི་མཐུན་པའི་ཆ་མང་། དགེ་ལུགས་པ་དག་གིས《རིགས་གཏེར》ལ་འཆད་ཉན་མི་བྱེད་ཅིང་ས་ལུགས་པ་དག་གིས་འགྲེལ་པ་འདིའི་འཆད་ཚུལ་ཚད་མར་མི་འཛིན་པས་འཕྲིན་ལས་རྒྱ་ཆུང་།
11 《ཚད་མ་རྣམ་འགྲེལ་གྱི་ལམ་གྱི་རིམ་པ་མདོ་ཙམ་བྱས་པ》ཞེས་བྱ་བ།
གཞན་ཁོང་གིས་མཛད་པའི་ཚད་མའི་ལམ་ཁྲིད་ཀྱི་སྦྱར་བྱང་དུ། “ཚད་མ་རྣམ་འགྲེལ་གྱི་ལམ་གྱི་རིམ་པ་མདོ་ཙམ་བྱས་པ་འདི་ནི་དམིགས་པ་མེད་པའི་མཁྱེན་རབ་དང་། ཐུགས་རྗེས་འགྲོ་བ་ལ་བུ་གཅིག་པ་ལྟར་བརྩེ་ཞིང་། ཁྱད་པར་ཕྱི་ནང་གི་རྟེན་འབྲེལ་འདི་རྣམས་སྣང་དུས་ཉིད་ནས་ཟླ་བའི་གཟུགས་བརྙན་ལྟར་ཐུགས་སུ་ཆུད་པ། རེད་མདའ་པ་ཞེས་གྲགས་པ་དང་། དེ་ཉིད་ཞབས་རྡུལ་གུས་པས་མནོས་ཤིང་གསུང་རབ་མཐའ་དག་གི་དོན་འབྱེད་པ་ལ་ཐོགས་པ་མི་མངའ་བའི་བློ་གྲོས་ཅན་འཛམ་གླིང་གི་མིག་གཅིག་པུ་ལྟ་བུ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་དང་། དེ་ཉིད་ཀྱི་ཞབས་ལ་གཏུགས་པ་མང་དུ་ཐོས་པའི་སྡེ་སྣོད་འཛིན་པ་ཆེན་པོ་ཀུན་དགའ་དཔལ་ཞེས་བྱ་བ་རྣམས་ཀྱི་ཞབས་རྡུལ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པ་དར་མ་རིན་ཆེན་ཞེས་བྱ་བས་སྡེ་སྣོད་འཛིན་པ་དུ་མས་བསྐུལ་ནས་མདོའི་དོན་དང་ཆོས་མཚུངས་པའི་གནས་མཆོག་པོ་ཏ་རིར་སྦྱར་བ་རྫོགས་སོ། །”[24]ཞེས་འཁོད། འདི་ནི་རྒྱལ་ཚབ་ཆོས་རྗེས་དགའ་ལྡན་ཁྲི་ཟུར་མཛད་རྗེས་པོ་ཏ་ལ་རུ་བཞུགས་པ་དེའི་ཚེ་མཛད་དམ་སྙམ་སྟེ་དེ་ལྟ་ན་ཁོང་གི་ཚད་མའི་བསྟན་བཅོས་ཀུན་གྱི་ཆེས་རྗེས་མ་དེ་ཡིན།
གསུམ། ཚད་གཞུང་དེ་དག་གི་ཁྱད་ཆོས་སོགས་གླེང་སྟེ་མཇུག་བསྡུ་བ།
དེ་ལྟར་ཚད་གཞུང་བཅུ་གཅིག་ལས་ཐོག་མར《ཚད་མའི་བརྗེད་བྱང》དང་དེ་ནས《མངོན་སུམ་ལེའུའི་ཟིན་བྲིས》དང་། དེ་ནས་ལུས་ལྟ་བུ་བསྟན་བཅོས་གསུམ་གྱི་འགྲེལ་པ་གོ་རིམ་བཞིན་དང་། 《རིགས་ཐིགས་ཀྱི་འགྲེལ་པའི》སྔར་ཙམ་ལ《འགལ་འབྲེལ་གྱི་རྣམ་གཞག》བརྩམས་ཤིང་། གཞན་རྣམས་ལས《རྣམ་འགྲེལ་གྱི་བསྡུས་དོན》དེ་དགའ་ལྡན་དུ་མཛད་ཀྱང་ནམ་བརྩམས་ཅུང་ཤེས་དཀའ་བ་ལ་གཞན་ཚང་མ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་འགྲེལ་པའི་རྗེས་ལ་བརྩམས་པ་ལ《ཚད་མ་མདོའི་འགྲེལ་པ》དེ་《འགལ་འབྲེལ་གྱི་རྣམ་གཞག》དང《འབྲེལ་བ་བརྟག་པའི་འགྲེལ་པ》གཉིས་ཀྱི་ཡང་རྗེས་སུ་བརྩམས་ཤིང་། 《རིགས་གཏེར་འགྲེལ་པ》དེ་དེ་དག་ཀུན་གྱི་རྗེས་དང《ཚད་མའི་ལམ་ཁྲིད》དེ་ཆེས་མཐའ་མའི་ཚད་མའི་རྩོམ་ཆོས་ལྟ་བུར་སྣང་། རྩ་བའི་ཚིག་རྣམས་གོང་འོག་གཏོར་ཏེ་འགྲེལ་པ་དང་། སྐབས་རེར་ཚིག་སྣ་ཧ་ཅང་བསྡུས་པ། རང་གི་ཚད་མའི་བཞེད་ཚུལ་འབུར་དུ་ཐོན་པའི་ཕྱིར་ཞིབ་ཆ་སྦྱར་མང་བ། ཕལ་མོ་ཆེ་ཐལ་ངག་དང་རང་རྒྱུད་དང་སྦྱར་བ་བཅས་ཀྱིས་ཚིག་ཧ་ཅང་བརླིང་ཞིང་གོ་དཀའ། འོན་ཀྱང་མཐའ་དཔྱད་པའི་གཞུང་དུམ་བུ་རེ་ཡིན་ཡང་དོན་གྱི་གནད་ཆེན་པོ་འདུས་ཤིང་། རིགས་པའི་གཏིང་ཟབ་ལ་ཚིག་ཉོབ་ཀྱིས་མ་སྦགས་པའི་ཁྱད་ཆོས་ལྡན། རྗེའི་ཚད་མའི་ལྟ་གྲུབ་གཞིར་བཟུང་གིས་ཚད་མའི་དཀའ་གནད་རྣམས་མཐའ་དཔྱད་དེ་རང་ལུགས་ཆ་ཚང་བ་ཞིག་བཞག་ཡོད་ཅིང་། དེ་གཞིར་བཟུང་གིས་ཆོས་གྲགས་སོགས་ཀྱི་དགོངས་པ་འགྲེལ་པར་མཛད། 《རྣམ་འགྲེལ》ལྟ་བུ་འགྲེལ་སྐབས་ལྷ་ཤཱཀ་རྒྱན་གསུམ་གྱི་ལེགས་ཆ་བླངས་ཡོད་ཀྱང་། མཐའ་གཅིག་ཏུ་རྒྱ་འགྲེལ་དག་གིས་འགྲེལ་པ་ཇི་ལྟར་མཛད་པ་ལ་བསྟུན་ཡོད་པའི་ངེས་པ་མི་སྣང་། སྔོན་གྱི་རྔོག་ལུགས་དག་དང་མི་འདྲ་བར་ས་ལུགས་དང་དགེ་ལུགས་པའི་ཚད་མའི་མཁས་པ་དག་གིས་རང་གིས་གང་བཤད་པ་དེ་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པར་སྨྲ་ཡི། དེ་དང་མི་མཐུན་པར་བཤད་པ་མི་གསུངས་ལ། རྒྱལ་ཚབ་ཀྱི་གཞུང་དུ་ཡང་ཇི་སྐད་བཤད་པའི་ཚད་མའི་དཀའ་གནད་མཐའ་དཔྱད་པ་རྣམས་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་དང་མི་མཐུན་པར་མི་སྨྲ་ཞིང་། དེ་གཉིས་ཀྱི་དགོངས་པ་འཁྲུལ་མེད་དུ་གསུངས། འོན་ཀྱང་རྒྱ་གཞུང་དུ་རིགས་ལམ་དང་ཟིན་མཚམས་གསལ་པོར་མེད་པ་མང་པོ་ཞིག་རིགས་པའི་ལམ་ནས་མཐའ་དཔྱད་དེ་གཏན་ལ་འབེབས་པར་མཛད། རང་ལུགས་ཆ་ཚང་ཞིང་བཞེད་མཚམས་ཧ་ཅང་གསལ་བ་དང་། གཞུང་གོང་འོག་ནང་འགལ་བ་དང་། རིགས་པས་དཔྱད་ན་ཞིག་པར་འགྱུར་བའི་སྐྱོན་མེད་པ་ནི་ཁྱད་ཆོས་གཙོ་བོར་སྣང་ཞིང་། ཁོང་གིས་མཛད་པའི《ཚད་མའི་ལམ་ཁྲིད》ཀྱི་མཇུག་ཏུ་ཡང་། “ཐ་སྙད་གཙུག་ལག་ལེགས་པར་མ་སྦྱངས་པས། །སྡེབ་སྦྱོར་མཁས་རྣམས་མགུ་བ་བསྐྱེད་མིན་ནའང་། །མཁས་པའི་སྐྱེ་བོ་ཡུན་རིང་མཉེས་པའི་མཐུས། །དོན་ལ་གཞན་གྱིས་ཀླན་ཀ་རྙེད་པར་དཀའ། །”ཞེས་ཚིག་གི་སྦྱོར་བས་མཁས་པ་མགུ་བ་མི་བསྐྱེད་ཀྱང་དོན་ལ་གཞན་གྱི་ཀླན་ཀ་མི་འཇུག་པར་གསུངས། རྒྱ་གཞུང་དག་ལ་ཐད་ཀར་བལྟས་ཚེ་དེ་དག་དང་མི་མཐུན་ཞིང་དཀྱོག་འགྲེལ་བྱས་པ་ལྟ་བུར་དུ་མ་མཐོང་ལ། པཎ་ཆེན་ཤཱཀ་མཆོག་སོགས་ཀྱིས་ཀྱང་སྐྱོན་དེ་ཉིད་ཐེངས་དུ་མར་གསུངས་པར་མཛད། འོན་ཀྱང་ཚད་མའི་དཀའ་གནད་དག་ལ་རིགས་པས་ཇི་ཙམ་དཔྱད་ན་དེ་ཙམ་གྱིས་ཁོང་གི་དགོངས་པའི་སྟེང་དུ་མི་འབབ་ཐབས་མེད་ལྟ་བུ་དང་། དེ་ལྟར་མིན་ན་སྤོམ་བཤད་ཙམ་གྱི་གོ་བ་ཆེ་ཙམ་བྱུང་ཡང་དཔྱད་ན་རང་ཚུགས་མི་ཐུབ་པར་འགྱུར་བ་ནི་མཁས་པ་དུ་མས་སྨྲ། ཁོང་གིས་ཞིབ་ཆ་ཇི་སྐད་མཛད་པ་རྣམས་སྔོན་གྱི་ལྷ་ཤཱཀ་སོགས་ཀྱི་གཞུང་དུ་མི་གསལ་བ་དག་བྲམ་ཟེ་བདེ་བྱེད་དགའ་བ་དང་ཆོས་མཆོག་གི་གཞུང་དང《ཚད་ཆེན་དཀའ་འགྲེལ》སོགས་སུ་གསལ་བའང་དུ་མ་འབྱུང་། རྔོག་ལུགས་ཀྱི་མཁས་པ་སྔ་མའི་ཤན་ཡང་ཆེ་ཙམ་ལྡན། འོན་ཀྱང་བཞེད་ཚུལ་ཐུན་མོང་མིན་པ་ཕལ་ཆེ་བ་ནི་རྗེ་ཙོང་ཁ་པས་ཚད་མའི་དཀའ་གནད་སྐོར་གྱི་བཤད་པ་མཛད་སྐབས་སུ་གསུངས་པ་ཡིན་པ་རྗེའི《ཚད་མའི་ལམ་ཁྲིད》སོགས་ལ་བལྟས་པས་ཤེས་ཤིང་། ཕལ་མོ་ཆེ་མཁས་གྲུབ་རྗེའི་ཚད་མའི་འགྲེལ་ཚུལ་དང་ཡང་མཐུན་པ་ལས་ཀྱང་ཤེས་ཐུབ། འོན་ཀྱང་མཁས་གྲུབ་ཀྱི《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》རུ་རྒྱལ་ཚབ་ཀྱི《ཐར་ལམ་གསལ་བྱེད》ཀྱི་གཞུང་གི་ཚིག་དོན་འགྲེལ་ཚུལ་ལ་དགག་པ་ཅུང་ཟད་རེ་བྱུང་ཞིང་། གཞུང་གི་སྤྱིའི་འགང་དང་དཀའ་གནད་རྣམས་མཐའ་དཔྱད་པའི་འགྲོས་མཐུན། ཁོང་གི་ཚད་གཞུང་གི་དགོངས་འགྲེལ་ལྟ་བུ་སྔ་ཤོས་ནི་སྣར་ཐང་གི་མཁས་པ་དགེ་འདུན་གྲུབ་ཀྱི《ཚད་མ་རིགས་རྒྱན》དང《རྣམ་འགྲེལ་གྱི་ཊཱིཀ་ཆེན》གཉིས་ཡིན་ཞིང་དེའི་ནང་དུ་ཁོང་གི་དགོངས་པ་མང་པོ་ཞིག་ཁ་ཇེ་གསལ་དུ་བཏང་ཡོད། ཕྱིས་སུ་དགེ་ལུགས་པའི་ཚད་གཞུང་ཕལ་མོ་ཆེ་རྒྱལ་ཚབ་ཀྱི་ཚད་གཞུང་དག་གི་རྗེས་སུ་འབྲངས་པ་ཡིན་ཞིང་། མཁས་པ་འགས་སྐབས་རེ་དེ་དང་མི་མཐུན་པ་ཅུང་ཟད་རེ་གསུངས་པ་ལས་ཕལ་མོ་ཆེ་དེ་དང་མི་འགལ་བར་བྱེད། དགེ་ལུགས་པའི་མཚན་ཉིད་གྲྭ་ས་ཡོད་དོ་ཅོག་གིས་ཁོང་གི《ཐར་ལམ་གསལ་བྱེད》ལ་འཆད་ཉན་བྱེད་ཅིང་། གཞུང་གཞན་རྣམས་ཟུར་ལྟའི་ཚུལ་དུ་འཛིན། འོན་ཀྱང《ཚད་མ་མདོའི་འགྲེལ་པ》དང་། 《འབྲེལ་བ་བརྟག་པའི་རྣམ་བཤད》རྣམས་ལ་ལྟ་མཁན་དཀོན། ཁོང་གི་ཚད་གཞུང་ལ་དགག་པ་མང་ཤོས་བྱེད་མཁན་ནི་ས་ལུགས་ཀྱི་མཁས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན(1428-1507)ཡིན་ཞིང་ཁོང་གི《ཚད་མའི་ཆོས་འབྱུང》དུ། “གསུམ་པ་བོད་ཕྱི་རབས་པ་ལ་ཇི་ལྟར་དར་བའི་ཚུལ་ལ་གསུམ་སྟེ། ཁུངས་མེད་ཀྱི་ཆོས་སྐད་དུ་མས་མང་པོ་ལ་ཁྱབ་པའི་ཚུལ། དར་ཊཱིཀ་མཛད་པས་རང་ལུགས་ཀྱི་ཆོས་སྐད་ཇི་ལྟར་གཞག་པའི་ཚུལ། གཉིས་པོ་དེ་ལ་དགག་སྒྲུབ་མདོ་ཙམ་དུ་བགྱིས་པས་རང་གི་འདོད་པ་ཤུགས་ལ་གོ་བར་བསྟན་པའོ། །”[25]ཞེས་རྒྱལ་ཚབ་ཀྱིས་ཚད་མ་འགྲེལ་ཚུལ་དེར་ས་བཅད་ཟུར་དུ་ཕྱེ་ནས་གསུངས། དེ་ཡང་ས་ལུགས་ཀྱི་ཚད་མ་རྒྱ་ཆེར་འཕེལ་བའི་སྐབས་སུ་དེ་དང་མི་མཐུན་ཞིང་ལུགས་དེ་རྒྱ་ཆེར་བཀག་ནས་འགྲེལ་པ་ནི་རྗེའི་ལུགས་ཀྱི་ཚད་མ་ཡིན་ཞིང་དེ་ལ་ཡང་རྒྱལ་ཚབ་ཀྱི་གསུང་རྣམས་གྲགས་ཆེ་ཞིང་རྒྱ་ཆེ་བས་དེས་ན་ལུགས་དེ་གསར་པ་ལྟ་བུར་གྱུར་ཏེ་ཟུར་དུ་ཕྱེ་བར་མཛད། ཆོས་འབྱུང་དེར་རྒྱལ་ཚབ་ཀྱི་ཚད་མའི་བཞེད་པ་ལ་དགག་པ་ཡང་རྒྱས་པར་བྱུང་། གཞན་ཡང་པཎ་ཆེན་ཤཱཀ་མཆོག་གིས་མཛད་པའི《ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད》ཅེས་པའམ། མིང་གཞན《རྟོག་གེའི་འཁྲུལ་འཇོམས་ཆེན་མོ》ཞེས་པ་པོད་གཉིས་ཡོད་པའི་ཕྱོགས་སྔ་མ་གཙོ་བོ་རྒྱལ་ཚབ་རྗེའི་ཚད་མའི་བཞེད་པ་དག་ཡིན། འོན་ཀྱང་དགེ་ལུགས་པའི་ནང་དུ་དགག་པ་དེ་དག་ལ་དགག་ལན་བརྩམས་པ་མི་སྣང་ལ་དོ་སྣང་ཡང་དེ་ཙམ་མེད་པ་ལྟ་བུར་སྣང་། གོ་རམས་པ་བསོད་ནམས་སེང་གེའི(1429-1489)གཞུང་དུ་ཡང་དར་ཊཱིཀ་པ་ཞེས་མཚན་དངོས་སུ་སྨོས་ནས་དགག་པ་བྱས་པ་དུ་མ་མཐོང་། ཁོང་གིས་མཛད་པའི《སྡེ་བདུན་རབ་གསལ》གྱི་མཇུག་ཏུ། “རིགས་པའི་གཙུག་རྒྱན་གཉིས་ཀྱི་གཞུང་ལུགས་ལ། །སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་དང་། །རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆད་པ་དང་། །རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ། །གངས་རིའི་ཁྲོད་འདིར་འཆད་ཚུལ་རྣམ་གསུམ་ལས། །[26]”ཞེས་གསུངས་པའི་གསུམ་པ་དེ་རྒྱལ་ཚབ་སོགས་ལ་ཟུར་ཟ་བ་ཡིན་ཞིང་དེས་རྒྱལ་ཚབ་ཀྱི་ཚད་གཞུང་དག་ཏུ་གཞིའི་གནས་ལུགས་རང་གི་རིགས་པས་དཔྱད་དེ་བཀྲལ་བའི་ཆ་མང་པོ་ཡོད་པ་མཚོན་ནུས། ཤཱཀྱ་མཆོག་ལྡན་གྱི《རིགས་གཏེར་འགྲེལ་པའི》མཇུག་ཏུ། “ལོ་གྲངས་བདུན་བཅུའི་གོང་ཞིག་ནས། །ཚད་མའི་ཆོས་སྐད་ཤིན་ཏུ་འཁྲུལ། །བློ་ངན་ཕལ་ཆེར་དེར་རྗེས་འཇུག །”[27]ཅེས་གསུངས་པ་ལྟར་ཕྱིས་སུ་རྒྱལ་ཚབ་ཀྱི་ཚད་མའི་བཤད་སྲོལ་འཛིན་པ་མང་དུ་འཕེལ་ཞིང་། ཆོས་བརྒྱུད་གཞན་གྱི་མཁས་པ་དག་གི་ནང་དུ་ཡང་ལུགས་དེ་ལ་རྩོད་པ་རྩོད་ལན་སྣ་ཚོགས་ཀྱིས་མཐའ་དཔྱད་དེ་ཞིབ་ཆ་འདྲ་མིན་བསྣན་པ་ལས་དྲང་ལྡོག་གཉིས་ནས་ཤུགས་རྐྱེན་ཐེབས་ཡོད། རྒྱལ་ཚབ་ཀྱི་ཚད་གཞུང་དུ་འཁོད་པའི་དགག་པ་མང་པོ་ཞིག་གི་ཕྱོགས་སྔ་མ་ནི་ས་ལུགས་ཀྱི་མཁས་པ་དག་གི་ཚད་མའི་བཞེད་ཚུལ་ཡིན་ཞིང་། དེ་ཇི་བཞིན་གོ་བ་ལ་ཕྱོགས་སྔ་མའི་ལུགས་ཀྱི་འདོད་པ་ཇི་ལྟར་ཡིན་པ། དེའི་བསམ་བློ་གཏད་ས་དང་། རྒྱ་གཞུང་གི་ཁུངས་བཅས་ཤེས་དགོས་ཤིང་། དེ་ཡག་པོ་ཤེས་ན་ད་གཟོད་དེ་འགོག་པའི་རིགས་པ་དག་གི་ཟབ་ཚད་ཀྱང་ཤེས་ནུས། དེ་ལྟ་ན་ཡང་དེང་གི《ཐར་ལམ་གསལ་བྱེད》ཁྲིད་མཁན་དང་རྩོད་མཁན་མང་པོ་ཞིག་ལ་ཆ་རྐྱེན་དེ་མི་ཚང་བས་དགག་སྒྲུབ་ཀྱི་གཞུང་དེ་དག་ཁྲིད་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བ་ཞིག་གིས་རྫོགས་པར་བྱེད། སྔར་གྱི་མཁས་པའི་དོགས་པ་གཞི་ཤིན་ཏུ་ཆེ་བ་རྣམས་ཀྱི་བྲོ་བ་ཅི་ཡང་མི་མྱོང་ཞིང་། ཕྱིས་ཀྱི་ཡིག་ཆ་ནང་ཁུལ་གྱི་དོགས་པ་དང་ཚིག་དོན་ཕྲན་ཚེགས་རེ་ལ་དོགས་སློང་མཛད་དེ་མཐུས་པར་བྱེད་དོ། །
མཆན་དང་ལུང་ཁུངས།
[1]ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2005ལོ། ཤ 724
[2]ཀློང་རྡོལ་ངག་དབང་བློ་བཟང་། 《བཀའ་གདམས་དང་དགེ་ལུགས་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ།》 ཤིང་པར་སྣེ་རིང་། ཤོག་ངོས་བཅུ་གཅིག་མདུན་ངོས་ན་གསལ།
[3]རྩོམ་པ་པོ་མི་གསལ། 《རྗེ་རྒྱལ་ཚབ་པའི་རྣམ་ཐར་ནོར་བུའི་ཕྲེང་བ》 འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་༡༣༧༦རྟགས་ཅན་གྱི་དབུ་མེད་བྲིས་མ། ཤ 4མདུན་རྒྱབ།
[4]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (བ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ598
[5]ཆོས་ཀྱི་གྲགས་པ། 》ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།《 》སྡེ་བསྟན《་ཚད་མ། ཅེ ཤ 0266
[6]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཕ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 770
[7]འདི་དང་འོག་གི་འགྱུར་བྱང་ཁག་དུ་བླ་མ་གཉིས་ཀྱི་ཆེ་བ་མང་དུ་བརྗོད་པ་རྣམས་བཀོད་མེད།
[8]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཆ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ734-735
[9]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (བ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 732
[10]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཉ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 583-584
[11]འདི་ནི་གཙང་གི་འབྲོང་རྩེ་དགོན་ཕྱག་འདེབས་མཁན་དང《འབྲོང་རྩེ་བེའུ་བུམ》ཞེས་པའི་སྨན་གཞུང་མཛད་མཁན་གྱི་མཁས་པ་དེ་ཡིན།
[12]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ544
[13]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཉ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 525
[14]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 540
[15]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཉ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 583
[16]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཉ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 544
[17]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཚ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 485
[18]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 485
[19]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 478
[20] བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 478
[21]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ང) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 538
[22]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ང) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ325
[23]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ང) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 535
[24]བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཅ) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 524
[25]ཤཱཀྱ་མཆོག་ལྡན། 《དབུ་ཚད་ཀྱི་ཆོས་འབྱུང་འགའ།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤ 44
[26]གོ་རམས་པ་བསོད་ནམས་སེང་གེ། 《ཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ།》 ཤིང་པར་སྣ་རིང་། ཤ 665
[27]ཤཱཀྱ་མཆོག་ལྡན། 《ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤ 439
ཡོང་ཁུངས། 2024ལོའི《མང་རྫོང་ནང་བསྟན།》
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆