ཚངས་མགུར་གྱི་མཐོང་སྣེ་མོན་ཡུལ་བུ་མོའི་སེམས་པ།

旅行   2024-12-08 16:41   青海  

 -----

ཚངས་མགུར་གྱི་མཐོང་སྣེ་མོན་ཡུལ་བུ་མོའི་སེམས་པ།

རྩོམ་པ་པོ། ལྡོང་རོང་བསོད་ཐར།  དཀར་མཛེས།

དང་པོ། རྩོམ་པ་པོ་དང་བསམ་བློའི་རྒྱབ་ལྗོངས།

བོད་ཀྱི་སྙན་ངག་པའི་ཁྲོད་ནས་ཚངས་དབྱངས་རྒྱ་མཚོ་ནི་འཆིང་སྡོམ་གྱི་བཀག་རྒྱ་ལས་གྲོལ་ཏེ་འཆར་ཡན་གྱི་ལམ་དུ་ཞུགས་པའི་བདག་ཅན་གྱི་སྐྱེས་བུ་ཉག་ཅིག་སྟེ། རྒྱུ་མཚན་ཡང་ཁོང་ཉིད་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་བཟུང་བ་ནས་བྱིས་དུས་ཀྱི་རྩེ་གཡེང་ཞོགས་ཁའི་ཟིལ་བ་བཞིན་འཐོར་ནས། རྟག་ཏུ་གུ་དོག་དང་འཇིགས་སྣང་གི་ཁུད་དུ་ཉམ་ཆུང་གི་སེམས་ཅན་སྤྱང་ཁྱུ་འཕྲད་པ་བཞིན་ཚེ་སྟོད་ཀྱི་ལུས་སེམས་ལང་ཚོ་ཡོངས་སུ་ཤོར་རྗེས། སྤྱི་ལོ1697པའི་བོད་ཟླ་བ10བའི་ཚེས་25ཉིན་ཁོང་ཉིད་དངོས་སུ་ཆོས་སྲིད་གཉིས་ལ་དབང་བསྒྱུར་བའི་ཐོབ་ཐང་གི་ངོས་ནས་ཁྲི་ལ་བཞུགས་མོད། ཡིད་སྐྱོ་བ་ཞིག་ལ་སྐབས་དེའི་ཆབ་སྲིད་ཀྱི་གནས་བབས་ཀྱང་ཟིང་ཟིང་ཡོམ་ཡོམ་གྱི་སྣང་ཚུལ་ཞིག་ལས་མ་འདས་ཕྱིར།  རིམ་གྱིས་ཁོང་གི་ཚེ་སྟོད་ཀྱི་རྨ་གཞུག་ལ་ཕྱིས་སུ་རྣག་གིས་ཟིན་པ་བཞིན་སྡེ་སྲིད་ཀྱི་གསང་རྒྱ་བྱས་པའི་གནས་ཚུལ་ལས་རྩ་བ་དང་ཡན་ལག་ལྟ་བུ་གྱེས་ཏེ། བོད་འབྲེལ་རྒྱ་ནག་གོང་མ་ཁང་ཤིས་ཀྱི་ཐུགས་བློ་མཐུན་པོ་མ་བྱུང་བ་དང་།  གཞན་ས་གནས་སྲིད་གཞུང་མི་དྲག་དང་བླ་དྲག་སྐོར་ཞིག་གིས་བཤད་ཡོམ་ཆད་མེད་བྱུང་བ། སྐུ་ཕྲེང་ལྔ་བ་དང་འབྲེལ་སོག་པོའི་ཡོན་བདག་ཕན་ཚུན་བར་ལ་འགལ་འདུ་སྣ་ཚོགས་བུད་པ།   མི་སེར་གྱི་ཕྱོགས་ཁག་མང་བོ་ནས་ལོག་མཐོང་དང་ཐེ་ཚོམ་གྱི་གནས་སུ་ཚུད་པ་བཅས་སྤྱིར་སྒེར་གཉིས་ཀྱི་བསམ་སྦྱོར་ངན་པའི་མཐུ་ཡིས་ཁོང་ཉིད་ཀྱི་ཐུགས་ལ་མི་མཐུན་པའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་པས། ན་ཚོད་ཕྲ་ཞིང་ཉམས་མྱོང་སོགས་མེད་པའི་དབང་གིས་གནས་ཚུལ་རེ་འགའ་བཟོད་དཀའ་བའི་སྣང་ཚུལ་ཞིག་ལས་མ་འདས་པས། གནོན་ཤུགས་དེ་དག་གིས་རྐྱེན་བྱས་ནས་རྗེས་སུ་རང་གི་འདོད་པ་ལྟར་དུ་མི་ཞིག་བྱ་བའི་བསམ་བློ་ཡང་དེ་ལ་དེ་བརྟེན་གྱི་ཚུལ་དུ་བྱུང་བ་རིགས་ཤིང་། དེ་ལྟར་ཚངས་དབྱངས་རྒྱ་མཚོ་ནི་སེར་མོ་བ་གོ་ཆོད་ཅིག་ཡིན་པ་སུས་ཀྱང་བཤད་དཀའ་བ་འདུག་ཀྱང་།  རང་བློ་ལྟར་འཚོ་ཕོད་པའི་གཤིས་ཀ་དང་བསམ་བློ་འདི་འདྲ་བ་ཞིག་སྔོན་མའི་གོ་ཐོབ་ཅན་གྱི་ཁྲོད་ནས་བྱུང་མ་མྱོང་བ་ལྟ་བུ་ཆགས་ཡོད།

གཉིས་པ། ཚངས་མགུར་དང་གསོན་ཤུགས་ཀྱི་རྒྱུན།

ཚངས་དབྱངས་རྒྱ་མཚོ་ནི་འདི་ནས་ཡར་ལ་བརྩིས་པའི་མི་ལོ་སུམ་བརྒྱ་ལྷག་ཙམ་གྱི་མི་སྣ་ཞིག་ཏུ་གྱུར་སོང་བ་དང་། ཚངས་མགུར་ནི་འདི་ནས་ཡར་ལ་བརྩིས་པའི་དུས་རབས་བཅོ་བརྒྱད་ཙམ་ནས་སྐྱེས་པ་བདེན་དུ་ཆུགས་ཀྱང་། དུས་ཚོད་ཀྱི་འགྱུར་བ་དང་བསམ་བློ་བརྗེ་འགྱུར་གྱི་འཕག་ཚག་ཅི་ཙམ་བརྒྱབ་ཀྱང་རྒ་ཤི་མེད་པ་དེ་རིང་གི་བར་དུ་གནས་ཐུབ་པའི་གསོན་ཤུགས་དེ་སུ་ཡིས་གནང་བ་ཡིན་ནམ།   གཅིག་བྱས་ན་ཚངས་མགུར་གྱི་རྩོམ་པ་པོ་སྤྱིར་བཏང་མ་ཡིན་པའི་མི་སྣ་ཞིག་ཡིན་པའི་དབང་གིས་ཞེས་གླེང་ཡང་སྲིད་ལ།  གཉིས་བྱས་ན་ཚངས་མགུར་ནི་རྩོམ་རིག་མེད་པའི་སྤྱི་ཚོགས་དབུལ་བོ་ཞིག་ནས་རྩོམ་ཡིག་གི་སྐམ་པ་སེལ་བྱེད་ཙམ་དུ་རེ་ནས་ལུས་པ་རེད་ཅེས་གླེང་ཡང་སྲིད།   ལར་གོ་སླ་བའི་རྐྱེན་གྱིས་ཞེས་དང་མིན་རུང་ཆོས་ཀྱི་སྦས་དོན་རྣལ་མ་ཞིག་གི་རྒྱབ་གཟུགས་ཡིན་པས་རེད་ཅེས་ཟེར་ཡང་སྲིད་མོད། འོན་ཀྱང་། ཞིབ་ཏུ་བསམ་ན་དེ་དག་ནི་ཚངས་མགུར་ལས་འཕྲོས་པའི་ཁ་དོག་གི་ཟུར་ཙམ་ཞིག་རེད་ཅེས་བཤད་ན་མ་གཏོགས་ཁྱོན་ཡོངས་ནས་གླེང་གཞི་ཞིག་ཏུ་མི་རིགས་ཏེ། རྒྱུ་མཚན་ཡང་། ཐུན་མོང་གི་ངོས་སྣང་དུ་བབས་ནས་གླེང་ན་ཚངས་མགུར་ནི་གོ་བདེ་ཞིང་ཚིག་སྒྲོས་ལེགས་པ་མ་ཟད། དབྱངས་ཀྱི་ངེས་ཆ་ལྡན་པ།  དཔེ་དོན་གྱི་རྣམ་གྲངས་ལྷག་མ་མེད་པ།   མངོན་བརྗོད་དང་རིག་བྱེད་ཀྱི་ལྡབ་ལྡིབ་མེད་པ།  དངོས་བརྒལ་རིང་ལུགས་ཀྱི་ཐ་སྙད་བྲལ་བ། ཚོར་བརྗེའི་ལས་འགུལ་དང་གཞན་གྱི་ཞན་ཞུགས་ཕྲ་བ། ཆེད་དུ་གོ་དཀའ་བ་ལྟ་བུའང་བྱས་པ་མ་ཡིན་ཕྱིར། མི་རིགས་རང་གི་སྐད་གཤིས་དང་བསམ་བློ་རྣལ་མ་ཞིག་གི་ཉམས་སྟེང་ནས་བརྡོལ་ཡོང་བའི་བརྩམས་ཆོས་ཤིག་ཡིན་པས།    རང་ས་ནས་སྐྱེས་ཤིང་རང་སྐད་ལ་གོམས་པའི་མི་སུ་ཞིག་ཡིན་རུང་ཚངས་མགུར་གྱི་ཚིག་འགྲོས་མི་གོ་ཟེར་མཁན་ཉུང་ལ། ཚིག་ངོས་ངག་ལ་ལེན་བདེ་ཞིང་ཡིད་ལ་འཛིན་བདེ་བའི་ཆ་དང་།  བརྗོད་བྱའི་ནང་དོན་གྱི་ཆ་ནས་ཡང་ཕལ་བའི་བརྩེ་སེམས་ཀྱི་རྒྱབ་ལྗོངས་ཤིན་ཏུ་མཛེས་ཁར་ཕོ་མོའི་མཛའ་འབྲེལ་གྱི་སྐྱོན་དང་ཡོན་ཏན་གྱི་ཉམས་ཞིབ་ཆེ་བ།   ལྷག་དོན་འཚོ་བ་དངོས་དང་བརྩེ་བའི་བར་གྱི་འགལ་རྐྱེན་དང་གཞན་དབང་གིས་དཀའ་སྡུག་སྔོག་འདོན་སོགས་བྱས་ཡོད་པ་མ་ཟད།  ཕོ་མོའི་འབྲེལ་བའི་གསང་སྟབས་ཀྱི་ངོ་བོ་དང་གབ་དོན་རང་བཞིན་ཅན་གྱི་ཟུར་ཟ་སོགས་རོང་འབྲོག་གི་རྒན་གཞོན་ཅི་འདྲ་ཞིག་ཡིན་རུང་།  གོ་བ་དེར་སོ་སོའི་ཉམས་མྱོང་གི་ཐད་ནས་ལེན་ན་ཆོག་པ་ཞིག་དང་།  རྩོམ་གྱི་ངོས་ཐད་ནས་ཀྱང་ཁ་གསལ་གོ་བདེ་ངང་ནས་ལེན་ཆོག་པའི་ཁྱད་ཆོས་ཤིག་ཡོད་པ་མ་ཟད། དེ་དག་ལས་ཀྱང་ཚངས་མགུར་གསོན་ཤུགས་ཀྱི་ཁྲག་རྒྱུན་དམངས་ཀྱི་གློ་ལ་ཉེ་བ་འདི་ཡིན་པར་འདོད་ལ། ལྷག་དོན་དམངས་གཞས་དང་དམངས་མགུར་གྱི་འདུ་ཤེས་དང་ཐག་ཉེ་བ་འདིས།   “སྤྱིར་སྙན་རྩོམ་ནི་མི་དམངས་ཀྱི་བསམ་པའི་ཚབ་ཚོན་ཞིག་དང་ཐུན་མོང་གི་བསམ་པའི་སྐད་ཆ་ཞིག་ཡིན་དགོས་”ཞེས་པ་ནི་ཁོང་གི་མགུར་གྱི་ནང་དོན་ལ་འབྱོར་བའང་མཐོང་ཡོང་།

གསུམ་པ། ཚངས་མགུར་དང་རིན་ཐང་གི་གླེང་ཕྱོགས།

ཚངས་མགུར་གྱི་རིན་ཐང་ནི། རྩོམ་རིག་གི་རྩོམ་ལུས་ཀྱི་རིན་ཐང་ཙམ་ཞིག་མིན་པ་ཕྱོགས་མང་བོ་ནས་དོང་དུ་སྤྲུགས་ཆོག་པ་ཞིག་སྟེ། ཚངས་མགུར་གྱི་དབྱངས་རྟ་དང་འགྲོགས་ཏེ་ཚིག་དོན་རེ་རེའི་ངོས་དང་ཟུར་མི་འདྲ་བ་རེ་ནས་གླེང་ན། ལོ་རྒྱུས་ཀྱི་སྟོང་ཆ་གསར་བ་ཞིག་གི་ཁ་སྐོང་དུ་འགྱུར་ཆོག་པ་དང་།  ཡར་ཀླུང་སྟོད་ཀྱི་སྤྱི་ཚོགས་ཤིག་གི་ངོ་གདོང་ཡང་གློག་བརྙན་བཞིན་དུས་ཀྱི་ཕྱིས་སུ་གསལ་ཐུབ་པ་མ་ཟད། ཚངས་མགུར་ནི་མགུར་མོ་ཞིག་གི་ཐོབ་ཐང་ལས་གཞན་ཆབ་སྲིད་ཀྱི་ཡུལ་ངོས་ཤིག་ལྐོག་བཤུས་བྱས་པའི་ཡིག་རྙིང་ག་གེ་མོ་ཞིག་དང་ཤིན་ཏུ་འདྲ་བོ་རློམ་ཆོག་ལ། ཚངས་མགུར་ནི་མདོ་སྔགས་ཀྱི་རྐང་ཡ་ལག་ཡ་ནས་འཇུས་སོང་བའི་མཐའ་དཔྱོད་ཀྱི་གླེགས་བམ་ཞིག་ཀྱང་ཡིན་ཆོག གནའ་ནས་ད་བར་དུ་ཚངས་མགུར་ནི་དམངས་མགུར་དུ་གྱུར་ཅིང་། དམངས་མགུར་ནི་མང་ཚོགས་འཚོ་བའི་བར་གསེང་རེ་ན་དགུན་ལ་ཉི་མའི་འོད་ཀ་ཤིག་ཤིག་གི་ཚོར་བ་ཞིག་དང་།  དབྱར་ལ་བསིལ་རླུང་དང་འགྲོགས་པའི་སྤྲིན་པའི་འོག་གི་དྲི་བསིལ་ཞིག་གི་དོད་དུ་འུ་ཅག་གི་སྐལ་དུ་ལྷང་བ་མངོན་གསལ་ཡིན་ན། ཚངས་མགུར་ནི་ཡར་ཀླུང་ཁོག་ནས་ཚིག་ཐུམ་གྱི་རྩོམ་ཡིག་ཁུག་མ་གང་ཡིན་རུང་འཛམ་གླིང་རྩོམ་རིག་གི་འབབ་སྟེགས་ནས་གླེང་རིན་ཡོད་པའི་འབྲུ་རིགས་བརྒྱ་མ་བརྒྱ་ཡིན་པར་དོགས་མི་དགོས་པ་འདུག་པས། ཚངས་མགུར་ནི་སྐྱ་མིན་སེར་མིན་ཞིག་གི་འདོད་གཏམ་དང་རང་སྲིད་མ་འཁྱོངས་བའི་འཁྱམ་པ་ཞིག་གི་སྨྱོ་གཏམ་ཞེས་སྡིགས་གཤེ་གནང་མཁན་རེ་ཡང་མཐོང་སྲིད་ཀྱང་། བོད་ཀྱི་རྩོམ་རིག་གི་ངོས་ནས་རྩོམ་པ་པོའི་རང་གཤིས་མཚོན་ཐུབ་པའི་བརྩམ་ཆོས་ལེགས་གྲས་ཤིག་ཡིན་པ་དང་། བསྟོད་པ་དང་ཚིག་འགྲོས་ཁོ་ན་ལ་གཞོལ་བའི་དུས་རབས་སྔ་མ་ཞིག་གི་ལམ་ཁ་ནས་བསྟོད་པ་དང་ཚིག་འགྲོས་ཀྱི་ཟུར་དུ་བུད་ནས་རང་གཤིས་སྙོམ་པའི་སྙན་ངག་ཅིག་དང་། གཏམ་མི་རུང་བའི་མི་ཞིག་གིས་ཚུལ་འཆོས་དང་ངོ་ཚ་སྦེད་དེ་དོར་ནས་རང་གི་བསམ་པ་ཇི་བཞིན་བྲིས་པའི་ཕོ་མོའི་སྐད་ཆའི་འཁོར་ཕྱོགས་ཤིག་དང་། མཁས་པ་ཚོ་མཁའ་རུ་འཕུར་འདོད་ཀྱིས་སྙན་ངག་གི་ལམ་ནས་“ལྷ་ལམ་”དང་“སྔོ་བསངས་མ”ཞེས་ཡོངས་སུ་བྲེལ་དུས། དེ་དག་བསྐྱུར་ནས་ཉེ་ས་དང་ལམ་འཁྲིས་ན་ཉལ་བའི་མི་དག་ལ་སྙན་ངག་གི་ལམ་ནས་“ནམ་མཁའ་”དང་ཡང་ན་“གནམ”་ཞེས་བྲིས་ཏེ།  མཁས་པ་ཚོ་མཚར་དུ་བཅུག་ཅིང་བྱིས་བློ་དགའ་རུ་བཅུག་པ་བཅས་མང་ཚོགས་ཀྱི་ཡིད་ལ་སིམ་ཞིང་ངག་ནས་ཁྲོལ་བའི་མ་ཎི་ལྟ་བུ་བརྩམས་ཆོས་འདི་ཉིད། དམངས་ཕལ་བའི་གདང་དབྱངས་ཀྱི་རོལ་ཆ་ཞིག་ཏུ་གྱུར་བ་ནི་རྩོམ་པ་པོའི་ངོས་ནས་གླེང་ན་ཅི་འདྲའི་དགའ་འོས་ཤིང་རྒྱུན་རིང་བའི་ཐོབ་བྱ་ཞིག་རེད་ཨང། མ་ཟད་རྩོམ་པ་པོ་སྐུ་སྒེར་གྱི་ངོས་ནས་གླེང་ན། མི་གཤིས་དང་བསམ་བློའི་ངོས་ནས་རྫུ་བག་མེད་ཅིང་།  ཐུགས་རྒྱུད་བླ་ན་མེད་པ་དྲང་བ་དང་།  ཚུལ་འཆོས་ཀྱི་ངོ་གདོང་རྦད་དེ་སྤང་ཐུབ་པ།  གནོན་ཤུགས་ཀྱི་མཐིལ་དུ་ངག་མི་ལྐུགས་པའི་སྙིང་སྟོབས།  སྒྲིག་སྲོལ་རྙིང་བའི་ཆིངས་རྒྱ་ལས་ལྡིང་ཕོད་པ།  རང་གཞན་འདྲ་མཉམ་གྱི་བསམ་བློ་དང་སྐད་ཆ་བཤད་ཐུབ་པ།   ངོ་ལྐོག་མེད་པའི་རང་གཤིས་བཅས་ཀྱིས་བརྩམས་ཆོས་ལས་མངོན་ཡོང་བ་ནི་བསམ་བྱ་ཁྱབ་ཆེ་ཞིང་བརྗོད་ཚུལ་རྟོགས་སླ་བ། དགའ་སྡུག་དང་ཚོར་སྣང་གི་འགྱུ་རིས་གསལ་བ། སྤྱི་ཁོག་ལ་སྒྲིག་གཞི་དང་གཞན་ལུགས་ཀྱི་ངོ་འབག་མེད་པ་སོགས་ཀྱིས་རང་ཅག་གི་ལུང་བའི་མི་དག་གིས་རང་སེམས་ཀྱི་སྐད་ཆའི་ཚབ་བྱས་ཏེ་ད་བར་དུ་གླུ་གཞས་ཀྱི་རྣམ་འགྱུར་ཐོག་ནས་ཡོང་བ་འདིས།  བརྩམས་ཆོས་ཀྱི་ཚེ་སྲོག་ཏེ་པོར་གྱུར་བའི་རྒྱུ་རྐྱེན་ཡག་ཤོས་ཤིག་རེད་ལ། མི་དང་སེམས་ཁམས། ཡུལ་དུས་ཀྱི་སྣང་བརྙན་དག་ཀྱང་བཞེངས་བསྐྲུན་ལེགས་པོ་ཐུབ་ཡོད།

བཞི་བ། ཚངས་མགུར་དང་ཚངས་མགུར་མ་ཡིན་པའི་ཚད།

སྤྱིར་བཏང་ཚངས་མགུར་གྱི་གྲངས་ཀའི་ཐད་ལ་དོགས་པ་སྐྱེ་རུང་བ་ཞིག་ནི་ཚངས་མགུར་གྱི་བསྡུ་སྒྲིག་མི་འདྲ་བ་ལས་གྲངས་ཀ་མི་འདྲ་བ་དང་། ཚངས་མགུར་ཞེས་པའི་སྔར་ལོ་རྒྱུས་ཐོག་ཏུ་ཚད་ལྡན་གྱི་དེབ་གཞི་ཞིག་འཇོག་ས་མེད་པ་བཅས་ཐོར་བསྡུས་ཀྱི་རྣམ་པ་ཞིག་ཡིན་སྟབས།   འབྱུང་རྐྱེན་འདིའི་ཁྲོད་ནས་ཚངས་མགུར་མ་ཡིན་པའི་ཚངས་མགུར་ཡང་ཐོན་རིགས་པ་ཡིན་པས།   ད་སྐབས་ཚངས་མགུར་དང་ཚངས་མགུར་མ་ཡིན་པའི་གནད་ཀྱི་འཇུ་ས་ཉག་གཅིག་ནི་ཚངས་མགུར་གྱི་བརྗོད་དོན་དང་ཚངས་དབྱངས་རྒྱ་མཚོའི་མི་གཤིས་དང་བསམ་བློ།  སྐབས་དེའི་གནས་བབས། ལོ་རྒྱུས་བཅས་གཞི་བཟུང་ནས་གླེང་བ་ལས་འོས་མེད་པ་ཆགས་ཡོད་པས། དེང་སང་དོ་སྣང་བྱེད་དགོས་པ་ཞིག་ནི་ཚངས་མགུར་འགྲེལ་བརྗོད་ཀྱི་ནོར་བ་ཉེན་འགོག་དང་། དཔེ་སྒྲིག་པ་ཚོས་ཚངས་མགུར་མ་ཡིན་པའི་དམངས་ཁྲོད་ཀྱི་མགུར་མོ་སོགས་ཀྱང་ནང་དུ་བསྲེས་པ། གྲངས་ཀ་གཏན་ཆགས་མིན་པའི་སྐྱོན་དང་ཚངས་མགུར་འབྲེལ་བརྗོད་ཀྱི་ཁྲོད་ནའང་འགྲེལ་ཚུལ་མི་འདྲ་བ་མི་ཆོས་དང་ལྷ་ཆོས་སོགས་ཕྱོགས་རེ་བའི་སྣང་ཚུལ་མང་ན་ཡང་།  ཐག་ཆོད་པ་ཞིག་ནི་ཚངས་དབྱངས་རྒྱ་མཚོ་སྡོམ་པ་ལས་ཡོངས་སུ་བུད་དེ་གླུ་དང་ཆང་ལ་རོལ་ཞིང་། བུད་མེད་དང་ཉེ་བ་བཅར་དུས་ད་གཟོད་ཚངས་མགུར་འདི་ཉིད་འབྲི་བཞེངས་བྱས་པའི་ལོ་རྒྱུས་ཀྱི་ཉམས་ཞིབ་ལས་གསལ་བས། ཁ་ཚོན་ཆོད་པོས་ཚངས་མགུར་གྱི་བརྗོད་བྱའི་ནང་དོན་བརྒྱ་ཆ་བརྒྱ་ལས་བདུན་ཅུ་ཙམ་ནི་མི་ཆོས་ལུགས་སུ་འབྲེལ་བ་ཡོད་པ་གཏན་ཁེལ་བ་འདུག་ཕྱིན།  དེ་ལུགས་ཚངས་མགུར་གྱི་འགྲེལ་བརྗོད་སྐབས་སུ་ངེས་ཤེས་སྐྱེ་འོས་པ་དང་ལྷག་དོན་འགྲེལ་མ་ཐུབ་པ། “ མ་སྐྱེས་ཨ་མའི་ཞལ་རས།  །ཡིད་ལ་ཡང་ཡང་འཁོར་བྱུང་། །”ཞེས་པ་ལྟ་བུ་འགྲེལ་བ་ངེས་མེད་ཀྱང་འདུག་པས། འདི་སྐོར་ནས་གུས་པས་བྲིས་པའི་[1]<ཚངས་མགུར་ནང་གི་མ་སྐྱེས་ཨ་མ་ཞེས་པའི་བརྗོད་སྙིང་ཡང་དཔྱད་>ཅེས་པ་ལས་ཁ་གསལ་ཞིང་། གཞན་ཚངས་མགུར་མ་ཡིན་པ་ཚངས་མགུར་གྱི་ལུག་ཁྱུ་ཁྲོད་དུ་ར་ཡང་འཛུལ་བ་མངོན་སུམ་སྟེ།  “༡༠༦ རི་དེ་གཡས་རིའི་ལོགས་ལ།  །སུག་པ་གྲངས་མེད་བཀོག་ཡོད།  །ང་དང་མ་སྐྱེས་ཨ་མའི།  །མི་ཁ་ཁྲུས་ཡས་བྱས་ཆོག ། ། ༡༠༧ ང་དང་མ་སྐྱེས་ཨ་མའི། །གཉེན་སྒྲིག་ལྷ་བསང་གཏོང་རྒྱུར།  །རི་དེ་གཡོན་རིའི་ལོགས་ནས། །སྤ་ཤུག་འདྲེས་མ་གཏོག་ཡོད།  །”ཅེས་པ་ལྟ་བུ་ཚངས་མགུར་ནང་དུ་འདུག་ཀྱང་། བརྗོད་དོན་ལྡོག་ཕྱོགས་སུ་སོང་བ་འདི་དག་ལོ་རྒྱུས་དང་ཚངས་མགུར་ལ་ཉམས་ཞིབ་ཏན་ཏན་བྱས་པ་ཡིན་ན།  ཕྱིས་སུ་བྱུང་བའི་འདྲ་བ་དང་འབྲེལ་བ་ཙམ་བྱས་ནས་བྲིས་ཡོང་བ་ཤ་སྟག་གོ །།

ལྔ་བ། ཚངས་མགུར་དང་སྒྱུ་རྩལ་གྱི་མཐོང་ལམ།

ཚངས་མགུར་རྩོམ་རིག་སྒྱུ་རྩལ་གྱི་ངོས་ཐད་ནས་གནའ་དེང་རྩོམ་རིག་གི་སྒྲོམ་གཞི་རུ་བཅུག་ན། སྒྱུ་རྩལ་གྱི་མཛེས་པ་ཕྱོགས་འགའ་ནས་གླེང་ན། སྲོལ་རྒྱུན་རྩོམ་རིག་གི་ངོས་ནས་དཔེ་གཟུགས་དང་རབ་རྟོག་ལྟ་བུ་འབྲི་ཐབས་དམིགས་བསལ་བ་རེ་འགའ་མཐོང་ཐུབ་པ་དང་། དེང་རབས་སྙན་ངག་གི་ངོས་ནས་གླེང་ན་བསྡུས་མཚོན་རང་བཞིན་དང་ཡིད་འགྱུར་གྱི་འབྲི་ཐབས་རེ་འགའ་ཡང་ཤུགས་ཀྱིས་མྱོང་ཐུབ་པ་དང་། ལྷག་དོན་སྒྱུ་རྩལ་བརྩམས་ཆོས་ཀྱི་མཛེས་རྟོག་གི་ལྟ་བའི་ཚད་རིན་ཤིན་ཏུ་ཡངས་བ་འདིས། དེང་རབས་སྙན་ངག་གི་ཐད་ནས་ཚངས་མགུར་སྙན་ངག་གི་ངོ་བོ་ཞིག་ལ་བསྒོམ་པའི་མཐུན་རྐྱེན་ཉག་གཅིག་འདོད་ལ། བརྗོད་བྱའི་དོན་སྙིང་གི་ཆ་ནས་རྩོམ་པ་པོའི་སྐབས་དུས་ཀྱི་སྤྱི་ཚོགས་དང་ཕན་ཚུན་གྱི་བསམ་བློ། བརྩེ་དུང་གི་སྣང་ཚུལ་དང་ཁོར་ཡུག་གི་གནས་བབས་སོགས་ཤིན་ཏུ་གསལ་བ་མ་ཟད། མཛའ་མཐུན་གྱི་ལས་སྐལ་ཉག་ཕྲ་ཞིང་དབང་འབྱོར་གྱི་འཐེན་ཤུགས་ཛ་དྲག་པའི་དུས་སུ་རྒྱུ་འབྲས་བརྩིས་མེད་དུ་གཏོང་བའི་ངོས་བཤུས་ཀྱི་རི་མོ་རེ་རེ་ཡང་ཧ་ཅང་གསལ་བ་བསྟན་པ་འདོད་པས། ལར་ན་མདོ་སོགས་ལས“དངོས་གཅིག་ཡུལ་ནི་ཐ་དད་པ།  །དོན་མ་གྲུབ་པ་འདོད་པ་ཡིན། །”ཞེས་གསུངས་བ་བཞིན། སྐད་ཆ་འདི་དག་གཏན་ཚུགས་པོ་དང་རློམ་ཆོག་ཆོག་གི་སྐུལ་སློང་གི་ངར་ཤུགས་ཤིག་ལ་བརྟེན་ནས་་སྦྲུམ་པ་མ་ཡིན་པར་དཔེ་ཆ་བ་ཞིག་དང་རྩོམ་འབྲི་བ་ཞིག་གི་ངོས་ནས་ཅུང་གུ་ཡངས་པོ་དང་ལྟ་བ་མཉམ་སྤྱོད་ཀྱི་ཚུལ་དུ་བྲིས་ཤིང་།  དཔྱད་རྩོམ་རེ་འགའི་རྒྱུ་ཆ་འཚོལ་སྡུད་ཁྲོད་ནས་བཙལ་དང་རྙེད་ཡོང་བའི་བཀླགས་ཚོར་གྱི་བརྗེད་ཐོ་ཞིག་ཀྱང་བརྩི་ཆོག་ངེས་རེད།

དགོང་ཀ་དེར།

སྐྱེས་ལ་ལྷོ་བ་མོན་ཡུལ། །

ཁྱོ་དང་ཁུ་བྱུག་གཉིས་ཀ །

གྲགས་ལ་ཁ་བ་རི་བ། །

ཁྱོ་དང་ཁུ་བྱུག་གཉིས་ཀ །

ཞེས་མཚམས་སུ་བཅད་པའོ།།

ཞེས་2023/10/31 ཉིན་སློབ་གྲྭའི་རང་ཤག་ནས་བྲིས་པའོ།།

1.  2023/3 མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། [J]  རྐང་ཚ་རྗོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས།    ཤོག་གྲངས། 1.P 91   དྲ་ཚིགས་སྦྲེལ་ཐག    https://mp.weixin.qq.com/s/slB1sxQqu8CJ2-k_ZO_wJw

藏宝挪一挪

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章