论文|སྒྲུང་རིང《ཁ་སང་གི་ཚོ་བར》དཔྱད་པ། སྐལ་བཟང་ནོར་བུ།

旅行   2024-11-19 00:01   青海  

 -----

སྒྲུང་རིངཁ་སང་གི་ཚོ་བརཔྱད་པ།

སྐལ་བཟང་ནོར་བུ།

ཁ་སང་གི་ཚོ་བ་རུ་དུས་རབས་སྔ་མའི་ཕྱེད་སྔ་མའི་ནང་གི་བྱང་འབྲོག་གི་ཚོ་བ་ཞིག་དང་འབྲེལ་བའི་གཏམ་རྒྱུད་བཀོད་འབྲི་བྱས་ཡོད། བལྟས་ཚོད་ཀྱིས་ཇག་པས་རྒྱུ་ནོར་འཕྲོག་བཅོམ་དང་དེ་ལ་ར་མདའ། མཐའ་ན་མི་ཤི་རྟ་འགྱེལ་སོགས་ཅུང་ཟད་ཁྲག་དྲི་བྲོ་བའི་གཏམ་རྒྱུད་ཅིག་དུ་སྣང་ཡང་། ཡང་དེའི་ཕུགས་སུ་ཚེ་སྲོག་ལ་བརྩི་སྲུང་དང་ཁོར་ཡུག་ལ་གདང་འཇོག་གི་མི་གཤིས་དྲོན་མོ་ཞིག་ཐབས་མཁས་ཀྱིས་བསྟན་ཡོད་པ་ནི་སྒྲུང་གཏམ་འདིའི་རིན་ཐང་དུ་མཐོང་།  དཔྱད་རྩོམ་འདིར་གཙོ་ཆེར་སྒྲུང་གཏམ་གྱི་བྱུང་རིམ་ཞིབ་འབྲི་དང་མི་སྣ་བཞེངས་སྐྲུན་སོགས་ཀྱི་ཐད་མ་འདང་བ་དང་ཁ་མ་བཀང་བར་ལུས་ཡོད་པ། དེ་ལས་ཀྱང་ཅུང་ཕངས་ཆེ་བ་ནི་རྩོམ་པ་པོས་འགལ་འདུའི་བྱུང་རིམ་གྱི་ཤུགས་སུ་མི་གཤིས་དྲོན་པོ་ཞིག་མཚོན་པར་འབད་ཀྱང་།  སྒྲུང་གཏམ་གྱི་མཇུག་གི"བསླུ་བྲིད"ཅིག་གིས་དེར་བསྟན་པར་འདོད་པའི་རིན་ཐང་གི་ལྟ་བ་དེ་རྨང་ནས་བཤིག་ཡོད་པ་རྐང་རྗེས་ལག་གསུབ་ཀྱི་དཔེ་རུ་སོང་བ་སོགས་ལ་དཔྱད་པ་ཅུང་ཟད་བགྱིས་ཡོད།

ཆུང་དུས་མདོ་དབུས་མཐོ་སྒང་གི་བྱང་ཐང་གི་ནག་ཆུ་ས་ཁུལ་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ལ་མཚོན་ན། ས་དེའི་འབྲོག་པའི་འཚོ་བ་དང་གོམས་སྲོལ་ལ་མྱོང་ཚོར་གཏིང་ཟབ་ཡོད་པར་གོར་མ་ཆག་སྟེ། ༢༠༡༦ལོར་རྟ་མཆོག་བྱ་དགའ་ཐོབ་པའི་ཁོང་གི་སྒྲུང་རིང་ཁ་སང་གི་ཚོ་བ་ཞེས་པའི་ནང་དུ་ཡང་གཏམ་རྒྱུད་བྱུང་རིམ་གྱི་ཁྲོད་དུ་བྱང་འབྲོག་གི་ཡུལ་གོམས་གཤིས་ལུགས་སོགས་ལུ་གུ་རྒྱུད་དུ་བསྟར་ཡོད་པས་ར་སྤྲོད་ལེགས་པར་བྱས་འདུག  དེའི་ཕྱིར། ཕྱོགས་གཅིག་ནས་བརྗོད་ན། ཁ་སང་གི་ཚོ་བ་ནི་ཉེ་རབས་བྱང་འབྲོག་གི་དམངས་སྲོལ་མཚོན་པའི་སྒྲུང་རིང་ཞིག་རེད་ཅེས་བརྗོད་ན་ཡང་མི་འོས་པ་མེད་པར་སྙམ།

སྒྲུང་ནི་རྡོ་འབུམ་གྱི་རལ་སྟོན་ནས་མགོ་བརྩམས་ཡོད། ཕོ་ལོ་བཅུ་གསུམ་ལ་བུད་པའི་རྡོ་འབུམ་ལ་མཚོན་ན།  གྲོགས་པོ་གཞན་དག་དང་འདྲ་བར་རང་ཉིད་མགྱོགས་པོར་ནར་སོན་ཏེ་གཞོན་པའི་གྲས་སུ་ཚུད་པར་རེ་སྒུག་བྱེད་ཀྱིན་ཡོད།  རལ་སྟོན་གྱི་ཆོ་ག་རུ་ཕ་ཆོས་དཔལ་གྱིས་རྡོ་འབུམ་གྱི་རལ་བར་སྐྲ་གཞུག་ཅིག་བཏགས་ལ།  དུས་དེ་ནས་བཟུང་རྡོ་འབུམ་གཞི་ནས་བློ་ཕ་ལ་འདྲི་མི་དགོས་ཤིང་བྲོ་མ་ལ་སློང་མི་དགོས་པའི་སྐྱེས་པ་ཕོ་ཡི་གྲས་སུ་ཚུད།  འོན་ཀྱང་འཚར་ལོངས་འབྱུང་བ་ནི་འགན་ཁུར་དང་བསྡོངས་ནས་ཡོད་དེ།  སེར་ཆེན་ཚོ་བའི་མགོ་དཔོན་ཕ་ཆོས་དཔལ་གྱིས་གདམས་པ་ལྟར།  "སྐྱེས་པ་ཕོ་ཡི་ལས་ཀ་སྟེ། གཞན་གྱིས་བརྙས་བཅོས་བྱས་ན་དེ་ལས་རྣམ་པར་རྒྱལ་དགོས་པ་ལས་དཔའ་ཞུམ་ནས་སྡོད་རྒྱུ་མེད།"  ཡང་གཅིག་བཤད་ན། དུས་དེ་ནས་བཟུང་།  རྡོ་འབུམ་གྱི་ཕྲག་ཏུ་ཕ་གཞིས་དང་རྒྱུ་ནོར་སྲུང་སྐྱོབ་དང་།  ཇག་པ་སོགས་ཕས་ཀྱི་རྒོལ་བར་ཡ་ལན་སློག་པའི་འགན་ལྕི་མོ་བབས་ཡོད་དོ།།

དེའི་དུས་ཀྱི་བྱང་ཐང་ལ་མཚོན་ན། མཐོ་སྒང་གི་རྩྭ་ཐང་ཡངས་པོར་སྦྲ་ནག་དང་ནོར་ལུག་གིས་ཁྱབ་ཅིང་།  ཇག་ཕར་འགྲོ་དང་དགྲ་ཚུར་འོང་།  ཚོ་ཤོག་བར་གྱི་འབྲེལ་བའམ་འགལ་བ།  མཚམས་རེར་མི་ཤི་རྟ་འགྱེལ་གྱི་གྱོད་གཞི།སྐྱེས་པ་ཕོ་ཕན་ཚུན་བར་གྱི་ལ་རྒྱ་སོགས་ནི་དུས་རྒྱུན་འབྱོལ་ཐབས་མེད་པའི་འཚོ་བའི་ཆ་ཤས་སུ་གྲུབ་ཡོད།

རྡོ་འབུམ་དང་ནུ་བོ་གཉིས་རྫི་བོར་ཕྱིན་ཏེ་ནོར་ལུག་འཚོ་བའི་སྐབས་དེར་གློ་བུར་གྱི་ཉི་འཛིན་ཞིག་གི་ཁྲོད་དུ། ཁོ་ཚང་གི་འབྲི་གཡག་མང་པོ་ཞིག་མུན་རུབ་པ་དང་བསྟུན་ནས་ཇག་པས་དེད་པ་ཤེས།  ཇག་པའི་ར་མདར་ཕྱིན་ཏེ་ནོར་རྣམས་ཕྱིར་ཕྲོགས་ཏེ་རང་གི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པ་ནི་འཚོ་བའི་གཤིས་ལུགས་ཤིག་ཡིན་ལ།  གསར་སྐྱེས་སྟག་ཤར་ཞིག་ལ་མཚོན་ན་དེ་ནི་དཔའ་དང་རྩལ་མངོན་པའི་གོ་སྐབས་ཤིག་དང་།  བུད་མེད་དག་ལ་ནི་སྡུག་བསྔལ་དང་སེམས་ཁྲལ་ལས་མ་འདས།

ཇག་པའི་ར་མདར་ཕྱིན་པ་རྣམས་ཕྱིར་ལག་སྟོང་དུ་ཡོང་དགོས་བྱུང་བ་ནི་ཁོ་ཚོར་མཚོན་ན་ངོ་གནོང་དགོས་པ་ཞིག་ཏུ་སེམས་མོད། འོན་ཀྱང་ཁོ་ཚོར་རྒྱལ་ཁ་ཆུང་ཆུང་ཞིག་ཐོབ་པ་ནི་ཇག་དམག་ལས་ཇག་དཔོན་དང་བཅས་མི་གསུམ་བསད།  གསུམ་རྨས། དྲུག་འཛིན་བཟུང་བྱས་པ་དེའོ།།སྤྱིར་བཏང་དུ། ཀློག་པ་པོའི་ཀློག་འདོན་གྱི་རེ་བའམ་སྒྲུང་གཏམ་གྱི་འགྲོས་ལྟར་ན།  ད་ནི་ཉེས་ཅན་དེ་དག་ལ་ཆད་པ་ལྕི་མོ་ཅི་འདྲ་ཞིག་གཅོད་པར་ཐག་གིས་ཆོད།

ཀློག་པ་པོ་ཕལ་ཆེར་གྱི་བློ་ཡུལ་ལས་འདས་པ་ཞིག་ལ། དོ་བདག་སྟེ་སེར་ཆེན་སྡེ་ཚོ་ཡིས་དགྲ་ཕྱོགས་ཀྱི་རྐྱེན་ལན་དུ་ཤོར་པ་རྣམས་ལ་གྲྭ་བཙུན་གདན་འདྲེན་གྱིས་འདས་མཆོད་བསྒྲུབས།  རྨས་མ་རྣམས་ལ་སྨན་པ་སྤྱན་དྲངས་ཏེ་སྨན་བཅོས་བྱས།  གསོན་བཟུང་བྱས་པ་དག་ལ་སྡོད་སའི་གུར་དང་བཟའ་ཆས་མི་དམན་པ་བྱིན།  མདོར་ན།  ཇག་པ་རྣམས་ལ་ཁོ་ཚོའི་བྱས་ལས་དང་མི་འཚམ་པའི་སྣེ་ལེན་ཡག་པོ་བཟབས། ཐ་ན་དོ་བདག་གི་ཕྱོགས་ནས་ཇག་དཔོན་གསོད་མཁན་ལ་ལེ་བདའ་ཡང་བྱེད་བཞིན་ཡོད།  ཡང་། ཇག་པས་དེད་པའི་འབྲི་གཡག་རྣམས་ནི་ཇག་པ་ཁོ་ཚོ་ལའང་མ་ཐོབ་པར་གསར་དུ་ཇག་ཚོགས་སུ་བསྡུས་པའི་མི་གཉིས་ཀྱིས་ཇག་རོགས་གཞན་རྣམས་བསླུས་ཏེ་གར་སོང་ཆ་མེད་དུ་དེད་པའི་གནས་ཚུལ་རྟོགས་རྗེས།  ཚོ་བའི་ཕྱོགས་ནས་དགྲ་ཇག་ལ་སྙིང་རྗེ་ཟེར་ན་བརྗོད་དཀའ་མོད། འོན་ཀྱང་འཁང་སེམས་ནི་ཧ་ལམ་མེད་པར་གྱུར་ཚོད་དུ་སྣང་།  དེ་ལས་ཀྱང་ཚོ་བའི་ཕོ་གསར་གྱི་ཁྲོད་དུ། བཀྲོངས་ཟིན་པའི་ཇག་དཔོན་གྱི་དཔའ་རྩལ་ལ་བསྟོད་བསྔགས་དང་འབྲི་གཡག་འདེད་མཁན་གྱི་ཇག་པ་གཉིས་ཀྱི་ཐབས་ཤེས་ལ་ཡིད་སྨོན་འཆོར་མཁན་ཡང་མཆིས།

འདི་དག་ནི་བལྟས་ཚོད་ཀྱིས་འགལ་འདུའི་ཕུང་བོ་ཞིག་ཏུ་སྣང་། སྒྲུང་གཏམ་འདིར་སྟག་ཤར་རྣམས་ཀྱིས་དཔའ་རྩལ་དང་ལ་རྒྱ་འགྲན་པ་ཡོད་ལ། འཕྲོག་བཅོམ་དང་འཁོན་ལན་བསློགས་པའང་ཡོད།  ཐ་ན་མི་ཤི་རྟ་འགྱེལ་གྱི་ཡ་ང་བའི་འཐབ་འཛིང་བཀྱེས་པ་ཡང་ཡོད།   གཞན། ལྟོ་ཡི་ཆེད་དུ་རི་དྭགས་བརྔོན་ཀྱང་སྲོག་གཅོད་རེ་རེའི་རྗེས་སུ་མ་ཎི་བགྲང་།  དགྲ་བོར་འདས་མཆོད་བསྒྲུབས་ཀྱང་སྨན་བཅོས་བྱེད།  ཏག་ཏག་ལ་འདི་འདྲའི་དགྲ་གཉེན་གྱི་དབྱེ་བ་འབྱེད་དཀའ་བའི་འགལ་འདུའི་ཁྲོད་དུ།  རྩོམ་པ་པོས་སྒྲུང་རིང་འདིའི་རིན་ཐང་གི་ལྟ་བ་གལ་ཆེན་ཞིག་སྦས་ཡོད་པར་སྙམ་སྟེ།  དེ་ནི་ཕ་མེས་ཡང་མེས་ནས་མཐོ་སྒང་གི་བྱང་ཐང་དུ་འཚོ་བ་རོལ་དང་རོལ་བཞིན་པའི་འབྲོག་པ་དག་གི་བག་ལ་ཉལ་བའི་མི་གཤིས་དྲོན་མོ་ཞིག་གམ།  ཡང་ན་ཚེ་སྲོག་ལ་བརྩི་སྲུང་བྱེད་པ་དང་བྱམས་སྙིང་རྗེའི་བསམ་བློས་ཁྱབ་པའི་རིན་ཐང་ཞིག་མངོན་ཆུང་གིས་བཀྲལ་འདུག

དངོས་ཡོད་གནས་ཚུལ་གཞིར་བཅོལ་བའི་སྒྲུང་རིང་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད་དུ། རྩོམ་པ་པོས་བྱང་འབྲོག་གི་ཚོ་བ་ཞིག་དང་འབྲེལ་བའི་ཡུལ་གོམས་གཤིས་ལུགས་ཕུན་སུམ་ཚོགས་པ་བཀོད་འབྲི་བྱས་ཡོད་དེ།  ཚོ་བ་དང་དེའི་གྲུབ་ཚུལ།  དེའི་ཆར་གྱུར་པའི་བདག་པོ་དང་གཡོག་པོའི་བར་གྱི་འཆམ་མཐུན་གྱི་འབྲེལ་བ།  ནོར་ལུག་འཚོ་སྐྱོང་བྱེད་ལུགས་དང་སྦྲ་གུར་དུ་འཚོ་བ་རོལ་སྟངས།  གཉེན་སྟོན་དང་འདས་མཆོད་སྒྲུབ་ལུགས།  རྟ་རྒྱུགས་འགྲན་སྡུར།  གླུ་ལེན་གར་རྩེད།  བསང་གཏོང་བ་དང་ཡུལ་ལྷ་མཆོད་ཐབས།  ཤོ་དང་ཤོ་བཤད།  རྔོན་རྒྱག  ཐ་ན་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་སོགས་བཀོད་པ་ནི་དམངས་སྲོལ་གྱི་དགའ་སྟོན་ཞིག་དང་ཀུན་ནས་མཚུངས་སོ།།འོན་ཀྱང་། མགོ་མཇུག་བར་གསུམ་ཀུན་ཏུ་དངོས་ཡོད་གནས་ཚུལ་གཞིར་བཞག་སྟེ་བྲིས་པའི་སྒྲུང་གཏམ་འདིའི་བྱུང་རིམ་རེ་གཉིས་ཀྱི་ཁྲོད་དུ།  ཀློག་པ་པོས་ཅི་ཡིན་ཆ་མ་འཚལ་བར་ཧ་ནེ་ཧོན་ནེའི་ཚུལ་དུ་ལུས་དགོས་པའི་གོ་སྐབས་ཀྱང་མཆིས་ཏེ།  རྡོ་འབུམ་རྔོན་རྒྱག་སྐབས་ཐོར་ལྕོག་ཅན་གྱི་སྔགས་པར་ཕྲད་ཅིང་།  སྔགས་འཆང་དེས་རྡོ་འབུམ་ལ་དགེ་སྒྲུབ་སྡུག་སྤོང་གི་བསླབ་བྱ་གནང་རྗེས་ "སྒོམ་ཐག་གི་གཤོག་པ་ལ་བརྟེན་ནས་འཕུར་སོང་"བ་ལྟ་བུའོ།།དེ་ལ་སྒྲུང་རྩོམ་གྱི་མི་སྣ་གཙོ་བོ་རྡོ་འབུམ་ཡང"ཧ་ལས་ཧོན་ཐོར"ནས་འདུག་པར་ཅི་ཁག་སྙམ།  སྤྱིར་བོད་ཀྱི་འཚོ་བའང་མ་གཞི་ནས་དེ་ལྟ་བུའི་ "སྒྱུ་འཕྲུལ་རང་བཞིན་ཅན་"ཞིག་ཡིན་ཤས་ཆེ་མོད་ཀྱི།  སྒྲུང་རིང་འདིའི་བྱེ་བྲག་གི་བབ་དང་བསྟུན་ཚེ་ཁོ་བོ་རང་ཉིད་ལྟར་ན་དགོས་མཁོ་ཆེར་མ་མཆིས་ཤིང་།  "སྒྱུ་འཕྲུལ་གྱི་ཆེད་དུ་སྒྱུ་འཕྲུལ་"བྲིས་པའི་ཞན་ཆར་མཐོང་།

རྩོམ་པ་པོས་སྒྲུང་གཏམ་ལ་གསོན་ཉམས་འདོད་ཆེད་གཏམ་རྒྱུད་ཀྱི་བྱུང་རིམ་ཁ་ཤས་སྣེ་མང་རྙོག་འཛིང་ཅན་དུ་བསྒྱུར་ཡོད་དེ། འབྲི་གཡག་བོར་བ་དེ་དག་གི་རྒྱབ་ཏུ་ཇག་པ་དང་།  དེའི་རྒྱབ་ཏུ་གཡོ་ཅན་དང་ནང་རྐུན་མཆིས་པ་སོགས།  མདོར་ན་གསང་མྱུལ་སྐོར་གྱི་སྒྲུང་གཏམ་ལྟ་བུ་ཞིག་འབྲི་བཞེང་བྱེད་པར་འབད་ཡོད་ཚོད་དུ་སྣང་།  འོན་ཀྱང་ཁྱོན་ཡོངས་ནས་བརྗོད་ན་སྒྲུང་གཏམ་འདི་ནི་བྱུང་རིམ་སླ་བོ་དང་སྣ་གཅིག་ཅན་གྱི་རང་བཞིན་ལས་མ་འདས་པར་སྙམ།  ཡང་། སྒྲུང་གཏམ་གྱི་མགོ་རུ་བྱུང་རིམ་སོགས་ཞིབ་ཅིང་ཕྲ་བར་བཀོད་ཡོད་མོད།   ཇི་ལྟར་མཇུག་ཏུ་སླེབས་ན་དེ་ལྟར་སྒྱིད་ལུག་དང་སྟབས་བདེ་རུ་གྱུར་འདུག་པའི་སྣང་བ་སྟེར་ལ།  སྒྲུང་གཏམ་ཧྲིལ་པོར་མཐོ་རླབས་མེད་ཅིང་ཅི་ཡིན་གང་ཡིན་མེད་པར་མཇུག་བསྒྲིལ་ཐབས་བྱས་འདུག་པར་མ་ཟད།  མཐའ་མཇུག་གི་ལེའུ་"བསླུ་བྲིད"ཞེས་པ་ནི་སྒྲུང་ཡོངས་ཀྱི་ཆེས་ཕམ་ཁ་ཆེ་ཤོས་དེ་རེད་སྙམ།

ལེའུ་འདིའི་ནང་དུ། ཚོ་བའི་མགོ་དཔོན་སོགས་ཀྱིས་རང་གི་འཚོ་རྟེན་དུ་གྱུར་ཡོད་པའི་རྩྭ་ས་སྲུང་སྐྱོབ་ཀྱི་ཆེད་དུ་ཟི་ལིང་གི་ཁ་ཆེའི་ཚོང་འགྲུལ་བ་ལས་མེ་མདའ་སྤུས་ལེགས་ཉོས་ཏེ་རང་ཕྱོགས་ཀྱི་གོ་མཚོན་ཇེ་ལེགས་སུ་བཏང་།  མེ་མདའ་ལྔ་དང་འབྲས་དང་ཇ་ཉུང་ངུ་ཡི་རིན་དོད་དུ་ཚ་རུ་སྟོང་གྲངས།  གླ་རྩི་བཅུ་དྲངས།  ཤ་རྭ།  གཡི་ལྤགས།  ཝ་ལྤགས།  དྭ་ཡང་སྟོང་ཕྲག  གཡག་རྔ་བཅུ་གྲངས་སྤྲད་པ་ནི་ད་ལྟའི་ཚད་གཞི་རུ་བཞག་སྟེ་འཇལ་ཚེ།  ཁ་ཆེའི་ཚོང་བར་ཁེ་མི་དམན་པ་ཐོབ་ཡོད་པར་གོར་མ་ཆག  འོན་ཀྱང་ཚོང་དེ་འདྲ་ནི་སྔར་ནས་འདྲིས་པའི་ཚོང་ཤག་རྙིང་པ་གཉིས་ཐུག་པ་བཞིན་ཕྱོགས་གཉིས་རང་མོས་ལྟར་བརྒྱབ་ཅིང་།  གནས་པོས་མགྲོན་པོ་ལ་མགྲོན་བསུ་གང་ལེགས་དང་།  ཕན་ཚུན་ལ་ལེགས་སྐྱེལ་འབུལ་རེས་སོགས་མཛའ་མཐུན་གྱི་ཁ་དབུགས་ཁྲོད་དུ་ལེགས་གྲུབ་བྱུང་།  ཁ་ཆེའི་ཚོང་ཤག་གི་ལུག་བཤའ་ལུགས་ཀྱིས་འབྲོག་པ་རྣམས་ལ་བལྟར་མི་བཟོད་པའི་སྣང་བ་ཞིག་བྱིན་ཡང་དེ་ཕན་ཚུན་བར་གྱི་ཚོང་དོན་གྱི་གེགས་སུ་གྱུར་མེད།

ཚོང་དོན་ལེགས་གྲུབ་བྱུང་རྗེས། ཁ་ཆེའི་ཚོང་པ་རྣམས་ཀྱིས་རྟ་དྲེལ་ལ་ཁེ་བཟང་བཀལ་ཏེ་རང་ཡུལ་གྱི་ཕྱོགས་སུ་ཆས།  ཁོ་ཚོས་ལམ་བར་དུ་གུར་ཕུལ་ཏེ་ངལ་གསོས།  སྐབས་དེར།  མེ་མདའི་ཁ་གྲགས་བྱུང་།  ཁ་ཆེའི་ཚོང་པ་ཚོ་ནི་ཅི་ཡིན་འདི་ཡིན་གྱི་ཆ་མ་འཚལ་བར་མགོ་བོ་གུར་གྱི་འདབས་རོལ་ནས་ཐོན་དབང་མེད་པར་རྐྱེན་ལན་དུ་ཤོར།  ཏག་ཏག་ཁོ་ཚོར་མེ་མདའི་ཁ་བསྐོར་མཁན་ནི་མེ་མདའ་ཉོ་མཁན་གྱི་ཚོང་ཤག་འབྲོག་པ་དག་རེད།  དེ་ནི་ངེས་པ་དོན་གྱི་ "བསླུ་བྲིད་"ཅིག་རེད།  གློ་བུར་གྱི་དོན་རྐྱེན་འདིའི་རྒྱུ་མཚན་ལ་ཀློག་པོ་པོ་ཚོ་ཡང་ཁ་ཆེ་ཚོང་པ་དག་དང་འདྲ་བར་རེ་ཞིག་ཅི་ཡིན་ཆ་མ་འཚལ་བར་མགོ་འཐོམ་པ་ལས་འོས་ཅི་ཡང་མེད།  ཡང་ཞིབ་ཏུ་བསམ་བློ་ཞིག་བཏང་ན།  མ་གཞི་སུ་ཡིས་སུ་བསླུས་པ་རེད་དམ།

སྒྲུང་གི་བྱུང་རིམ་གྱི་སྔ་ཕྱིའི་གཏན་ཚིགས་ལས་གསལ་བ་ལྟར་ན། དེ་ནི་སེར་ཆེན་སྡེ་ཚོའི་འབྲོག་མི་དག་གིས་ཁ་ཆེའི་ཚོང་ཤག་གི་སྟེང་ལ་བཤམས་པའི་ལྐོག་གཡོའི་ཇུས་ངན་ཞིག་ཡིན་པ་གསལ་བོ་རེད། དེ་ལྟར་ཡིན་ཚེ་འགྲིག་མེད་དེ།  རྩོམ་པ་པོས་འབད་འབུངས་ཀྱིས་འབྲི་བཞེངས་བྱས་ཤིང་།  ཐ་ན་ཀློག་པ་པོ་ཚོས་ཀྱང་དང་ལེན་བྱེད་ལ་ཉེ་བའི་བྱང་འབྲོག་གི་མི་གཤིས་དྲོན་མོའམ་རིན་ཐང་གི་ལྟ་བ་དེའི་སྟེང་དུ།  མཐར་རྩོམ་པ་པོ་རང་ཉིད་ཀྱིས་ཆུ་འཁྱག་ཟོར་བ་གང་བླུགས་པ་དང་མི་མཚུངས་སམ།

དེ་ལྟར་མ་ཡིན་པར། མེ་མདའ་ཡི་རིན་དུ་དངོས་ཟོག་འབོར་ཆེན་བླངས་པར་ཁ་གཡར་ཏེ་བསླུ་བྲིད་ཀྱི་ཞྭ་མོ་དེ་ཁ་ཆེ་ཚོང་བ་དག་གི་མགོར་གཡོགས་ཚེ།  དེ་ཡང་ཚུགས་དཀའ་སྟེ།  གོང་ནས་བརྗོད་པ་ལྟར་ཚོང་དོན་དེ་ཕྱོགས་གཉིས་རང་མོས་ངང་མཛའ་མཐུན་གྱིས་གྲུབ་འདུག  འོ་ན་ཕྱོགས་གཉིས་ཀ་ནས་ཕན་ཚུན་གཅིག་གིས་གཅིག་ལ་ལྐོག་གཡོ་བཤམས་པ་ཡིན་ནམ།    གང་ལྟར་འདིར་གཏན་ཚིགས་ཀྱི་གོམ་འགྲོས་ཤིག་ཅིས་ཀྱང་འཁྱོར་འདུག་སྙམ་མོ།།

བྱུང་རིམ་ཞིབ་ཕྲ་ཡི་སྐོར་ལ་རྩོམ་པ་པོས་ཐུགས་མཉམ་འདང་ངེས་ཤིག་མ་བཞག་པ་གཞན་ཡང་ཡོད་དེ། རྩོམ་གྱི་མགོར་བོར་ཟིན་པའི་འབྲི་གཡག་དག་ཇག་པའི་ཁྲོད་ཀྱི་ལྐོག་གཡོ་མཁན་གཉིས་ཀྱིས་དེད་པ་ཐེངས་འགར་བརྗོད་ཡོད་མོད།  མཇུག་ཏུ་དེ་ནི་གོ་མེད་ཚོར་མེད་ངང་ལུས་འདུག  ཡང་བྱུང་རིམ་ཁ་མ་ཚང་བ་གཞན་ཞིག་ནི།  སེར་ཆེན་སྡེ་ཚོས་མེ་མདའ་གསར་པ་ཉོ་དགོས་པའི་རྒྱུ་རྐྱེན་དངོས་ནི། ས་ཆ་གང་ནས་འོངས་པ་མི་ཤེས་ཤིང་ལག་ཏུ་མེ་མདའ་སྤུས་ལེགས་ཐོགས་པའི་རྟ་འགྲུལ་བཅུ་གྲངས་ཤིག་ཁོ་ཚོའི་རྩྭ་རར་གང་དགར་སླེབས་ཏེ་རྩྭ་ཆུ་ལ་ལོངས་སུ་སྤྱད་ཅིང་རི་དྭགས་བརྔོན།  ཐ་ན་སེར་ཆེན་ཚོ་བའི་འབྲི་གཡག་ཀྱང་བོར་བརླག་བྱུང་བ་སོགས་ལྟས་མི་ལེགས་པ་བྱུང་བས།  ཇག་པ་དེ་དག་ཕར་སྤྲོད་ཆེད་དུ་གྲ་སྒྲིག་བྱས་པ་ཞིག་རེད།  འོན་ཀྱང་ཁོ་ཚོའི་མེ་མདའ་གསར་པ་དག་ནི་རང་གི་ཚོང་ཤག་གི་སྲོག་འཕྲོག་བྱེད་དུ་གྱུར་པ་ཙམ་ལས།  ཇག་པ་རྣམས་ལ་ཅི་བྱུང་གི་གཏམ་གྱི་མཇུག་མེད་པར་ལུས་འདུག

གཞན་ཡང་མི་སྣ་འབྲི་བཞེང་གི་ཐད་ནས། རྩོམ་པ་པོའི་སྨྱུག་འོག་གི་མི་སྣ་གཙོ་བོ་དག་གི་སྣང་བརྙན་ཡང་ཐད་བརྗོད་དམ་མི་སྣའི་ཁ་བརྡ་བརྒྱུད་དེ་རབ་རིབ་ཙམ་ལས་བཀོད་མེད་དེ།  མི་སྣའི་ལོ་ཚོད་དང་རྒྱབ་ལྗོངས།  ཕྱིའི་གཟུགས་དབྱིབས་དང་ནང་གི་དགའ་ཁ་འཁྱེར་ཕྱོགས་སོགས་ཞིབ་ཕྲའི་རིགས་བཀོད་འབྲི་བྱེད་མེད་པས། ཀློག་པ་པོ་ལ་བག་ཆགས་ཟབ་མོ་འཇོག་དཀའ་བར་སེམས།  

དེ་དང་མཚུངས་པར། སྒྲུང་གཏམ་གྱི་དུས་ཚོད་ཐད་ལ་ཡང་ཁ་མི་གསལ་བའི་སྐྱོན་ཡོད་པར་འདོད་དེ།  གཏམ་རྒྱུད་ཕྱེད་སྔ་མའི་ནང་དུ་ཚིག་ཟུར་ཙམ་ཡང་བཀོད་མེད་ལ། ཕྱེད་ཕྱི་མར་སླེབས་དུས་ད་བཟོད་ང་ཚོར་ཚོད་དཔོག་གི་རྒྱུ་ཆ་འགའ་མཁོ་སྤྲོད་བྱས་ཡོད་པ་རེད།  ང་ཚོས་སྐབས་དེར་བཀོལ་བཞིན་པའི་ཡོ་བྱད་ལས་རིགས་འདེད་བྱེད་ཆོག་སྟེ།  བོད་མདའ་དང་ཕྱིས་སུ་དེ་ལས་ལེགས་པའི་མེ་མདའ།  སེར་ཆེན་ཚོ་བའི་འབྲོག་པ་རྣམས་ཀྱིས་ཕྱིའི་ཚོང་ཤག་ལ་མགྲོན་བསུ་བྱེད་སྐབས་ཐེངས་དང་པོར་མཐོང་བའི་ཆུ་ཚོད་འཁོར་ལོ།  ཐེངས་དང་པོར་སེ་པན་ཁ་ཚ་ཟོས་པའི་མྱོང་བ།  ཡང་ཟི་ལིང་ནས་སླེབས་པའི་མེ་མདའ་ཚོང་མཁན། ད་དུང་ལྷ་སའི་སྲང་དུ་བཀའ་ཤག་གི་གནས་ཚུལ་ཉུང་བསྡུས་བཀོད་པ་བཅས་ལ་གཞིགས་ཏེ།  ང་ཚོས་གཏམ་རྒྱུད་ཀྱི་དུས་ཚོད་ནི་དུས་རབས་ཉི་ཤུ་བའི་ཕྱེད་སྔ་མ་ལ་ངོས་འཛིན་བྱེད་ན་འགལ་བ་མེད་པར་སེམས།

གཞན་དུས་རབས20པའི་ལོ་རབས་ལྔ་བཅུ་པའི་སྔོན་གྱི་མདོ་དབུས་མཐོ་སྒང་ནི་མུན་ནག་དང་།  ཀླ་ཀློ།  དབུལ་ཕོངས།  བྲན་བདག་གི་གདུག་རྩུབ་དང་བྲན་གཡོག་གི་ངུ་འབོད།  བཤུ་གཞོག་དང་གཉའ་གནོན་གྱིས་ཁེངས་པའི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དམྱལ་བའི་ཁམས་ལྟ་བུར་བརྗོད་མཁན་དག་ལ།  སྒྲུང་རིང་འདིར་བལྟས་རྗེས་ངེས་ཤེས་གསར་བ་ཞིག་སྐྱེ་ངེས་ཤིང་། བློ་མི་ཕམ་པའི་ངེས་པའང་མེད་མོད།  བདག་གིས་དེ་ནི་ཏག་ཏགཁ་སང་གི་ཚོ་བའིརིན་ཐང་དུ་སེམས་སོ།།

ཡོང་ཁུངས། (2016ལོའིསྦྲང་ཆརདེབ་བཞི་བར་བཀོད། )

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章