གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། སྒོམ་པ་ཚེ་རིང་གིས་བསྒྱུར།

旅行   2024-12-10 19:30   青海  

 -----

ཝུའུ་དབྱི་ཡིས་རྒྱལ་སྤྱིའི་བུད་མེད་གླེང་སྟེགས་ཐོག་ནས་བཤད་པའི་གཏམ་བཤད།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན།

སྒོམ་པ་ཚེ་རིང་གིས་བསྒྱུར།

གཅིག

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། རང་ཉིད་ཀྱི་འགྲོ་འོང་དང་འབྲེལ་འདྲིས་བྱེད་སའི་ཁྱབ་ཁོངས་ལ་ངེས་པར་དུ་ཚོད་འཛིན་ནན་མོ་བྱེད་དགོས་ཏེ། ཁྱོད་རང་སྐྱེས་པ་ཚོ་དང་འདྲ་བར་སུ་ལ་འཕྲད་ན་གྲོགས་པོ་བཟང་པོར་འགྱུར་མི་རུང་། ཁྱོད་ཀྱི་ལས་རིགས་ནི་སྤྱི་འབྲེལ་བྱེད་རྒྱུ་དེ་ཡིན་རུང་ལས་ཚོགས་གྲོལ་རྗེས་དེ་རིང་སྐྱེས་པ་འདི་དང་འགྲོགས་ནས་ཇ་འཐུང་དུ་འགྲོ་བ་དང་། སང་ཉིན་ཡང་སྐྱེས་པ་གཞན་ཞིག་དང་མཉམ་དུ་ཟ་མ་ཟ་རུ་འགྲོ་ཞིང་། འདི་ལྟ་བུའི་འཚོ་བ་ཡུན་རིང་འགོར་ཞིང་གོམས་པའི་རྗེས་ལ་མི་ཚང་མས་ཁྱོད་རང་ནི་ཁ་ཡང་སྤྱོད་ཡང་ཅན་ཞིག་དང་ཁ་རྒྱ་མགོ་རྒྱ་ཅན་གྱི་བུད་མེད་ཅིག་ཏུ་འདོད་སྲིད། རེད་ལགས། ཁྱོད་ལ་ངོ་ཤེས་དེ་འདྲ་མང་པོ་ཡོད་ཀྱང་ངེས་པ་དོན་གྱི་གྲོགས་པོར་ཆགས་ཐུབ་པ་ཤིན་ཏུ་དཀོན།

གཉིས།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱོད་རང་སྐྱེས་པ་དེ་དང་བཟའ་ཚང་བྱེད་རྒྱུ་ཡིན་ན་མ་གཏོགས། སྐྱེས་པ་སུ་ཞིག་གིས་རྒྱུ་ནོར་དང་དངོས་རྫས་ཅི་ཞིག་བྱིན་རུང་གང་འདོད་ཅི་འདོད་དུ་མ་ལེན་རོགས། སྐད་ཆ་ཚིག་གཅིག་གིས་མདོར་དྲིལ་ཏེ་བཤད་ན་སྐྱེས་པ་ཚོའི་གཡོ་འོག་ལ་ཚུད་དུ་མ་འཇོག་ཅེས་པ་དེ་ཡིན། དེ་མིན་ཚེ་ནམ་ཞིག་གི་ཚེ་གྱོན་གུན་རེག་ངེས་ལ། ཁོ་ཚོར་དམིགས་ཡུལ་གཞན་ཞིག་ཡོད་པའང་ཞར་དང་ཞོར་ལ་ཤེས་རྒྱུ་གལ་ཆེ། ཁྱོད་ཀྱིས་ད་དུང་ཤེས་དགོས་པ་ཞིག་ལ། སྒོར་མོ་འབེལ་པོ་ཡོད་པའི་སྐྱེས་པ་རྣམས་ཀྱི་ཀླད་པའི་ནང་ན་ཉར་ཡོད་པ་ནི་མ་རྩ་འཇོག་རྒྱུ་དེ་ཡིན་ཏེ། ནམ་ཞིག་གི་ཚེ་ཁྱོད་ཀྱིས་ཅི་ཡིན་འདི་ཡིན་དང་ཤེས་མེད་ཚོར་མེད་ཀྱི་ངང་ནས་རང་ཉིད་ཀྱང་དེའི་མ་རྩར་འགྱུར་རྒྱུ་དེ་རེད། ཁོ་ཚོས་སྔ་རུང་འཕྱི་རུང་མ་རྩ་ལེན་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པར་མ་ཟད། ཐ་ན་ཁྱོད་རང་བེད་སྤྱོད་གཏོང་ཐབས་བྱས་ནས་ཁེ་ཕན་འབའ་ཞིག་ཀྱང་ལེན་སྲིད་པ་དེ་རེད། དེ་ནི་“གནམ་འོག་འདི་ན་རིན་པ་མེད་པའི་ཟས་ཤིག་མེད་”ཅེས་པ་ནང་བཞིན་ནོ། །

གསུམ།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། རིམ་པ་དམའ་བའི་ལྭ་བ་དང་ལྷམ་སོགས་གཏན་ནས་མ་ཉོ། ཡིན་ནའང་ཡིན་གཅིག་མིན་གཅིག་རིན་གོང་ཤིན་ཏུ་མཐོ་བའི་ཚོང་རྟགས་གྲགས་ཅན་གྱི་རིགས་དེ་ཉོ་དགོས་ཞེས་པའི་དོན་ཡང་མ་ཡིན་ཏེ། རབ་ཡིན་ན་སྤུས་ཀ་དག་ཅིང་གཙང་བའི་ལྭ་བ་ཞིག་གྱོན་ན་འགྲིག་ཡོད་པ་རེད། རིན་གོང་དམའ་མོ་ཅན་ཡིན་ན་ཡང་ཆོག་མོད། འོན་ཀྱང་སྲང་ལམ་གྱི་ཚང་རྟགས་རྫུན་མ་དེའི་རིགས་གཏན་ནས་ཉོ་མི་རུང་། ལྭ་བས་ཁྱོད་ཀྱི་གཟུགས་བྱད་ལ་འགྱུར་བ་གཏོང་མི་ཐུབ་ནའང་གྱོན་གོས་སྤུས་དག་ཅིག་གྱོན་ན་འགྲིག་སྟེ། དེ་ལྟར་ཁྱོད་ཀྱིས་སྤུས་དག་གི་ལྭ་བ་ཞིག་གྱོན་པ་ལ་བརྟེན་ནས་རང་ཉིད་ཀྱི་སྤོབས་པ་དང་ཉམས་འགྱུར་ལ་འགྱུར་བ་གཏང་ཆོག མི་གཞན་གྱིས་ཇི་ལྟར་བསམ་རུང་ཅི་ཞིག་བཤད་ཀྱང་ཁྱོད་ཀྱིས་ལྭ་བ་ཡག་པོ་ཞིག་གྱོན་ན་ཆེས་མ་མཐའ་ཡང་རང་གཅེས་འཛིན་གྱི་རྣམ་པ་དེ་མངོན་ཡོད་པས་སོ། །

བཞི།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱོད་ཀྱིས་རང་གི་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་དང་དོད་བྱེད་དགོས། ནམ་རྒྱུན་དུ་ལངས་ན་ལངས་སྟངས་ཤིག་དང་འདུག་ན་འདུག་སྟངས་ཤིག་ངེས་པར་དུ་དགོས་ཤིང་། ཐ་ན་ལམ་དུ་འགྲོ་བའི་ཚེ་ནའང་བུད་མེད་ཅིག་གི་བཟོ་ལྟ་ཞིག་ཏན་ཏན་དགོས། སྒྱིད་ལུག་ཆེ་བའམ་ཉེ་འཁོར་གྱི་མི་ལ་འདྲིས་ཆ་ཆེ་བ་རྒྱུ་མཚན་དུ་བྱས་ཏེ་གང་འདོད་གང་དྲན་གཏན་ནས་བྱ་མི་རུང་། རང་གི་ཁྱིམ་མིའམ་ཆེས་འདྲིས་ཆ་ཆེ་བའི་མིའི་གམ་ནས་ད་གཟོད་གང་འདོད་གང་དྲན་བྱ་རྒྱུ་ཡིན་ཟེར་ནའང་མི་ཆོག་པ་ཆེར་མེད།

ལྔ།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱོད་རང་“ཕོ་མོ་འདྲ་མཉམ་”ཞེས་པའི་བསམ་བློ་ཡིས་མགོ་བོ་མ་རྨོངས། ཕོ་མོ་འདྲ་མཉམ་ནི་ཆབ་སྲིད་པ་དག་གི་ཁ་གཡང་ཞིག་རེད་ལ། མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དམིགས་འབེན་ཞིག་ཀྱང་རེད། དམིགས་འབེན་དེ་ནི་ང་ཚོ་འཚོ་སྡོད་བྱེད་སའི་སྤྱི་ཚོགས་འདིའི་ནང་དུ་ད་རུང་མངོན་འགྱུར་བྱུང་ཐུབ་མེད། ནུབ་ཕྱོགས་དང་ཤར་ཕྱོགས་གང་ཞིག་ཡིན་རུང་། སྤྱི་ཚོགས་འདི་སྔར་བཞིན་སྐྱེས་པ་ཕོ་རྣམས་ཀྱིས་ཁ་ལོ་བསྒྱུར་གྱིན་འདུག གལ་ཏེ་ཁྱོད་ནི་བློ་རིག་གྲུང་བོ་ཅན་ཞིག་ཡིན་ན་ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ལ་འབྲེལ་འདྲིས་བྱེད་མཁན་གྱི་སྐྱེས་པ་དེར་ལམ་ཞིག་འབྱེད་དེ་སྐད་ཆ་ཉུང་བཤད་དང་ལས་དོན་མང་སྒྲུབ་ལ་འབད་དགོས། དོན་དག་གང་ཞིག་ཡིན་རུང་སྐྱེས་པ་ཚོ་དང་མཉམ་དུ་འཕྲོག་རྩོད་དང་ཀླན་ཀ་མི་བྱེད་རྒྱུ་ཧ་ཅང་གལ་ཆེ། རང་ཉིད་ཀྱི་ཁྱོ་ག་ཡིན་ཚེ་དེ་ལས་ཀྱང་སྨྲས་མ་དགོས་ཏེ། ཁྱོད་ཀྱིས་རང་ཉིད་ཀྱི་ཁྱོ་ག་ལ་བརྩི་འཇོག་གང་ལེགས་བྱས་ནས་ཁོ་རང་འཇོན་ཐང་ཅན་ཞིག་ཏུ་གཏང་ཐུབ་ན་ཁྱོད་ཀྱི་ཁྱིམ་ཚང་ལ་བདེ་སྐྱིད་ལྡན་པ་དང་། ཁྱོད་ཀྱིས་དེ་བས་ཀྱང་བདེ་སྐྱིད་ཅེས་པ་དེ་ཉམས་སུ་མྱོང་ཐུབ་པ་ཡིན།

དྲུག

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱོད་ལ་ཁྱད་ཆོས་ཤིག་ཏན་ཏན་དགོས་པ་རེད། གལ་ཏེ་ཁྱོད་ལ་ཉམས་པ་མེད་པའི་སྤོབས་པ་ཞིག་ཡོད་ཚེ་མཛེས་ཤིང་སྡུག་པའི་བྱད་གཟུགས་ཤིག་མེད་ནའང་ཅི་སྐྱོན། གལ་ཏེ་ཁྱོད་ལ་གཞུང་དྲང་གི་གཤིས་ཀ་ཞིག་ཡོད་ཚེ་བློ་རིག་དེ་འདྲ་མི་རྒོད་ཀྱང་ཅི་སྐྱོན། གལ་ཏེ་ཁྱོད་ལ་འཇོན་ནུས་ཁྱད་འཕགས་ཅན་ཞིག་ཡོད་ཚེ་མི་ཚེགས་ཡང་ཅན་ཞིག་མིན་ནའང་ཅི་སྐྱོན། མདོར་ན། ཁྱོད་ཀྱི་མིག་མདུན་ན་སླ་ང་བཅུ་ཡོད་པའི་དབང་དུ་བཏང་ཚེ། སླ་ང་བཅུ་བོའི་ནང་གི་ཆུ་ཡོད་ཚད་པོ་ཁོལ་དགོས་པར་ཁག་ཐེག་བྱེད་མི་ཐུབ་རུང་། ཆེས་མ་མཐའ་ཡང་སླ་ང་གཅིག་གི་ནང་གི་ཆུ་དེ་ངེས་པར་དུ་ཁོལ་བར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།

བདུན།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱོ་ག་བཟང་པོ་ཞིག་དང་འཕྲད་རྒྱུ་ནི་ཀུན་ལས་ཀྱང་ཧ་ཅང་གལ་ཆེ། ཇི་སྐད་དུ། “སྐྱེས་པས་ལས་དོན་མ་ནོར་གཟོབས། སྐྱེས་མས་གནས་ཡུལ་མ་ནོར་གཟོབས།”ཞེས་གསུངས་པ་ནང་བཞིན་རེད། ཁྱོད་ཀྱིས་སྔ་མོ་ནས་གནས་ལུགས་རྒྱུན་ཤེས་འདི་ལ་ངེས་ཤེས་རྙེད་ཡོད་ཀྱང་སྲིད་མོད། འོན་ཀྱང་གནད་དོན་ནི་འདི་ལྟ་སྟེ། ཁྱོད་ཀྱིས་ཤེས་ཡོན་དང་རྒྱུ་ནོར། མི་གཤིས་དང་གོ་གནས། འཇོན་ནུས་དང་སྐྱེས་ཁུངས་བར་ལ་དོ་མཉམ་ཡོང་བར་བྱ་དགོས་པ་དེ་ཡིན། པོ་མྰ་རྟགས་ཅན་གྱི་རླངས་འཁོར་བསྐོར་བའི་ཕྱུག་བདག་ཆེན་པོ་ཞིག་དང་ལྕགས་རྟར་ཞོན་པའི་དཔེ་ཆ་བ་གཉིས་མཉམ་དུ་ཁྱོད་རང་གཉེན་སློང་དུ་ཡོང་བའི་ཚེ་ན་སྐབས་དེར་ཁྱོད་ཀྱིས་སུ་ཞིག་གདམ་མམ། ཁྱོད་ཀྱིས་གཉེན་སྒྲིག་བྱེད་ས་ནི་མི་ཞིག་ཡིན་ནམ་ཡང་ན་མི་དེར་ཡོད་པའི་རྒྱུ་ནོར་དེ་དག་ཡིན། སྐྱེས་པ་ཞིག་གི་རྒྱལ་ཁ་ལ་རིགས་རྣམ་པ་སྣ་ཚོགས་ཡོད་ཀྱང་། བུད་མེད་ཅིག་གི་རྒྱལ་ཁ་ལ་རིགས་གཅིག་ལས་མེད་དེ། དེ་ནི་ཁྱོ་ག་བཟང་པོ་ཞིག་ལ་འཕྲད་རྒྱུ་དེའོ། །

བརྒྱད།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ཁྱིམ་ཚང་ནི་ཁྱོད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན། ཁྱོད་རང་སྐྱེས་པ་ལས་ཀྱང་རང་གི་ཁྱིམ་ཚང་ལ་དགའ་འོས་ཏེ། ཁྱོད་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཞིང་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་ནས་སྐྱེས་པ་ཚོ་ལ་ཁྱོད་རང་ཡོད་པའི་གནས་དེར་ཁྱིམ་ཚང་ཡོད་ལ། ཁྱིམ་ཚང་གིས་ཁོ་ལ་སྦྱིན་པའི་དྲོད་ཁོལ་ནི་རྒྱས་སྤྲོས་ལྡན་པའི་ཁང་བ་ཡོད་པས་མ་ཡིན་པར་ཁྱོད་རང་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་ངེས་ཤེས་རྙེད་དུ་འཇུག་དགོས། དྲོད་ཁོལ་གྱིས་བརྟས་པའི་ཁྱིམ་ཚང་ཞིག་བསྐྲུན་རྒྱུ་ནི་ཁྱོད་ཀྱི་མི་ཚེ་གཅིག་གི་འཚོལ་བསྙེག་ཡིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱིས་འདོད་པའི་“རིན་ཐང་”ཞིག་མངོན་འགྱུར་བྱེད་ཆེད་ཁྱིམ་ཚང་ལ་དོ་སྣང་ཆེན་དེ་འདྲ་མ་བྱས་ཚེ། ཁྱོད་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་“དོན་དག་”ཅིག་འགྲུབ་སོང་རུང་། སྐབས་དེར་ཁྱོད་ཀྱིས་རང་གི་ཁྱིམ་ཚང་བོར་ནས་ཚར་ཡོད་སྲིད། ཁྱིམ་ཚང་བོར་ཟིན་པའི་མི་ནི་དུས་ནམ་ཡིན་རུང་ཕམ་ཁ་མྱོང་མཁན་འབའ་ཞིག་གོ །

དགུ།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། ངེས་པར་དུ་ཁེངས་སྐྱུང་གི་སྒོ་ནས་བྱ་བ་བསྒྲུབ་ཤེས་དགོས། མཚན་སྙན་གྲགས་ལ་གཏན་ནས་ཆགས་མི་རུང་ཞིང་། བུད་མེད་ལ་མཚན་སྙན་གྲགས་ཇི་ལྟར་ཆེ་ན་མི་མང་གིས་དེ་ལྟར་སྐད་ཆ་ངན་པ་དང་སྐྱོན་བརྗོད་གླེང་འགེལ་བྱེད་སྲིད་པ་རེད། ཆབ་སྲིད་སྲིད་སྟེགས་དང་གློག་བརྙན་ལས་རིགས་ཁྲོད་ཀྱི་མི་སྣ་སོགས་སུ་ཡིན་རུང་མཚན་སྙན་གྲགས་འབར་བའི་བུད་མེད་ཅིག་ཡིན་ཕྱིན་མི་གཞན་གྱི་འཆལ་གཏམ་ལས་ཐར་ཐབས་ཟེར་བ་ཞིག་མེད་ལ། ཁྱོད་རང་བུད་མེད་བཟང་བོ་ཞིག་རེད་ཅེས་འདོད་མཁན་དེ་བས་ཀྱང་མེད། ཐ་ན་ཁྱོད་ལ་ཝུའུ་ཙེ་ཐན་གྱི་བློ་གྲོས་དང་དབང་ཆ་དང་། གླུ་མ་གྲགས་ཅན་ཞིག་གི་རྒྱལ་ཁ་དང་གྲུབ་འབྲས་ལྟ་བུ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། ཁྱོད་ཀྱིས་ལྟོས་དང་། ཁོ་མོ་ཚོ་ལ་ལྟ་སྟངས་དང་གདེང་འཇོག་ཅི་འདྲ་ཞིག་ཐོབ་འདུག་གམ།

བཅུ།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན། བུད་མེད་མཛེས་མ་ཞིག་ཡིན་ཚེ་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། མིག་མདུན་གྱི་མཛེས་པ་ཐམས་ཅད་ནི་སྐད་ཅིག་གི་མཛེས་སྡུག་ཙམ་ཡིན་པ་ཤེས་དགོས། མཛེས་སྡུག་ལྡན་པའི་བྱ་དངོས་ཐམས་ཅད་སུ་ཞིག་གི་ཆེད་དུའང་མི་རྟག་པས། དུས་ནམ་ཞིག་གི་ཚེ་ཁྱོད་ཀྱི་ངོ་གདོང་གི་མཛེས་སྡུག་ཀྱང་མི་འགྱངས་བར་མི་རྟག་ནམ་མཁའི་འཇའ་བཞིན་དུ་ཡལ་འགྲོ་བ་ཡིན། ཁྱོད་ཀྱི་ངོ་གདོང་གི་མཛེས་སྡུག་གིས་ཁྱོད་ཀྱི་མི་ཚེ་ལ་གཏན་ནས་གནོད་དུ་འཇུག་མི་རུང་། གཞོན་པའི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱི་ནང་བསམ་པའི་དཔལ་ཡོན་གྱི་རྒྱགས་ཕྱེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེའི་ཡན་གྱི་དོན་གལ་ཆེན་ཞིག་མེད། གལ་ཏེ་ཁྱོད་ལ་ཕུན་སུམ་ཚོགས་པའི་ཤེས་རིག་གི་རྒྱགས་ཕྱེ་དང་གཤིས་བཟང་སྤྱོད་བཟང་ཞིག་ཡོད་ན་དེས་ཁྱོད་རང་ཉིད་སྔར་བས་མཛེས་སྡུག་ལྡན་པར་གཏོང་སྲིད། དེ་བས། ཁྱོད་ཀྱི་ཀླད་པ་སྟོང་བར་གྱུར་ཚེ་ཁྱོད་ཀྱི་མཛེས་སྡུག་ལྡན་པའི་ངོ་གདོང་དེའང་ལན་ཆགས་དང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་འགྱུར་ངེས་སོ། ། 


藏宝挪一挪

-----

རྩོམ་བསྡུ་ཡིག་ཟམ།

1766746662@qq.com

ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།

དྲན་ཤེས། |  བཏང་སྙོམས། | ཆོག་ཤེས།  |  བཀའ་དྲིན།  |  བྱམས་བརྩེ།

◆  ◆  ◆  ◆  

喜马拉雅在线
མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས་ཤིག་ཀྱང་ཡིན།
 最新文章